གཙང་བོ་ལགས། ང་ལ་བྱབས་ཁྲུས་བྱོས་དང་།
འོམ་བུ ( རྔ་བ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
དགུན་ཁ་ཚེས་བྱུང་སྙམ་ན་ཁ་བ་མི་འདུག །
དབྱར་ཁ་སླེབས་བྱུང་བསམ་ཚེ་གྲང་ངར་ལྡང་ཡོང་།།
དུས་ཚོད་ཟག་པའི་བྱེ་རྡུལ་སྤར་གང་བཟུང་ནས།།
གཙང་བོའི་འཇིངས་སུ་ཡང་ཡང་ཞུགས་དགོས་བྱུང་སོང་།།
ང་རང་དགུན་ཁ་བཞིན་དུ་ཅི་འདྲའི་གྲང་ཨང་།།
སྲང་ལམ་དག་ལ་གྲང་བའི་མེ་ཏོག་སྐྱེས་འདུག །
གློ་བའི་ངོས་སུ་བཞུར་བའི་ཆབ་རོམ་འདི་ཚོ།།
ཡང་སྙིང་སུ་ཡི་ཆེད་དུ་བཞུར་བ་ཡིན་ནམ།།
ང་རང་ས་སྲོས་བཞིན་དུ་ཅི་འདྲའི་སྨག་ཨང་།།
ང་རང་རྡོ་བ་བཞིན་དུ་ཅི་འདྲའི་འཁྱགས་ཨང་།།
འཁྱགས་པའི་སེམས་པ་འདི་ཡི་རྨ་ཁའི་ངོགས་ནས།།
ཁེར་རྐྱང་གདུང་བའི་མཆི་མ་ལན་གཅིག་འགྲིལ་སོང་།།
ཞོགས་པ་ཞིག་ལ་རྨིས་པའི་རི་དྭགས་ཁྱུ་ཚོགས།།
རྒོངས་ཀའི་ཉི་ནུབ་མཚམས་སུ་ག་ལེར་བདས་བས།།
ཡིད་ཀྱི་ཉིན་སྲིབ་གཉིས་ལ་ཁ་བ་བབས་སོང་།།
ཁ་བ་ནག་པོས་ང་ཡི་སེམས་ལྗོངས་བརླན་སོང་།།
གཡོར་གྲུ་ཆུང་ཆུང་བྱིས་པའི་རྨི་ལམ་བཞིན་དུ།།
ཡར་མར་ཕྱོགས་སུ་སྐྱོམས་པས་ཡོམ་ཡོམ་འགུལ་བྱུང་།།
ང་རང་ལྷོ་མཐའི་ཡུལ་གྱི་ངང་བ་ཞིག་ལ།།
མུ་ནས་སྐྱེ་བ་དུ་མར་ལེན་ན་འདོད་བྱུང་།།
རྨ་ཁའི་ཁྲོད་ཀྱི་ཡུལ་གྱར་ཁྲུང་ཁྲུང་ཁྱུ་གཅིག།
མཚོ་དང་མཚེའུ་ཡིད་ཀྱི་མཁའ་རི་དཔྱངས་ཏེ།།
སེམས་ཀྱི་རི་མོ་མཐའ་དག་ཁྱོད་ངོར་བྲིས་པས།།
མེ་ཏོག་དམར་པོ་རྨ་ཁའི་གསེང་ནས་སྐྱེས་འདུག།
གཙང་བོའི་རྦ་རླབས་ནང་གི་རྟ་ཕོ་རྔོག་ཆད།།
དུས་ཀྱི་བྱེ་རླུང་ཁྲོད་ནས་བང་གིས་བརྒྱུག་ཚེ།།
མེ་ལྕེའི་ཐང་གི་རྨིག་བཞིའི་རྡོག་སྒྲ་ཐྲིག་ཐྲིག །
ལས་ཀྱི་ཁུགས་སོ་རེ་ནས་ཉན་དགོས་བྱུང་སོང་།།