ཁ་བ་འབབ་པའི་ང་ཡི་མཚན་མོ།
སྲིད་པའི་བརྡ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ངའི་སེམས་འཇའ་ཚོན་གྱི་རུས་པ་སྙི་མོ།།
ཁྱོད་ཀྱི་ཟུར་མིག་གི་མདའ་དང་འཕྲད་ན།།
ན་ཟུག་ཁྲི་འབུམ་གྱི་གཙང་པོའི་ཁ་ནས།།
གློ་བ་བདེ་འཇགས་ཤིག་ཧ་ལམ་མ་བྱུང་།།
ཡིན་མིན་གཏན་ཚིགས་ཀྱི་དཔྱད་པ་མི་མཛའ།།
ཆོག་མིན་རྩ་དོན་གྱི་སྤྱི་ཁོག་མི་དགོས།།
སེམས་དང་སེམས་དབུས་ཀྱི་སྟབས་ཀ་འཕྲོད་ན།།
མཛའ་བརྩེ་བུ་རམ་དང་ཀ་ར་ཡིན་ཆོག།
འཇིག་རྟེན་འཕེལ་འགྲིབ་ཀྱི་སྐུད་པའི་སྣེ་ལ།།
སྐྱིད་སྡུག་མཉམ་མྱོང་གི་ཞིང་ཞིག་རྨོས་ནས།།
མཛའ་འདྲིས་གླུ་ཆུང་གི་ནང་ཤ་དྲོན་མོ།།
ཁྱོད་ཀྱི་རོལ་དབྱངས་དང་བསྡེབ་ན་བསམས་སོ།།
གསེར་དངུལ་རིན་ཆེན་གྱིས་ཁུག་ས་མ་རེད།།
ཡན་ལག་དཔུང་ཚོགས་ཀྱིས་ཐོབ་ས་མ་རེད།།
མཛའ་བརྩེ་གནམ་འོག་གི་ཚོར་བའི་ཀ་བ།།
འུ་གཉིས་ཤ་གསེང་ལས་སུས་ཀྱང་མི་རྙེད།།
ཡིད་ཆེས་ནགས་ཚལ་གྱི་ཉམས་ལ་ཁེན་དང་།།
ནང་གི་རྟོག་ཚོགས་ཀྱི་ཟླ་བ་ཁེར་འགྲོ།།
མ་བཅོས་དུང་ཞེན་གྱི་གཤོག་པ་བརྐྱངས་ནས།།
འདང་བརྩེའི་མཁའ་དབྱིངས་སུ་མཉམ་དུ་འཚོ་ཆོག།
སྣང་བ་རྟེན་འབྲེལ་གྱི་རྒྱ་མཚོ་དབུས་སུ།།
ལང་ཚོ་མུ་ཏིག་གི་ལྗོན་པ་མངར་མོ།།
འཆར་རྟོག་རོ་འཛིན་གྱིས་ཟས་སུ་རེ་ཡོད།།
ལོ་ཟླའི་ངལ་བ་འདི་སེལ་ཞོར་ཕེབས་རོགས།།
འདོད་ཡོན་མེ་ཏོག་གི་གཙང་པོའི་ཕར་ཚུར།།
མིག་དང་སྨིན་མ་ཡི་ཟམ་ཆེན་བརྒྱུད་དེ།།
ནང་སེམས་མི་དཔོག་པའི་གཞོན་ཤའི་ཟིལ་བ།།
ཚིག་དང་ཐ་སྙད་ཀྱིས་མཚོན་པར་དཀའ་འདུག