དྲན་པ་ཐེད་པོ།
ཨོཾ་བུ། (མཚོ་སྔོན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
རྒྱང་རིང་བྲག་དཀར་ཡུལ་ན་གནས་པ་ཡི།།
འོ་ཞོ་ཇི་བཞིན་སེམས་ན་ཆགས་པ་སྟེ།།
གསར་སྐྱེས་མེ་ཏོག་འདྲ་བའི་སྙིང་སྡུག་མ།།
ཁོ་བོའི་སེམས་ཀྱི་དཀྱིལ་ན་གཉོམ་དུང་ངེར།།
མི་ཆེ་མི་ཆུང་སློབ་གྲྭའི་དགའ་ཚལ་ནས།།
མི་ཡག་མི་བཙོག་ཁྱེད་དང་ང་ཡིས་ནི།།
ལག་པས་ལག་པ་བཟུང་དེ་འགྲོ་མྱོང་ལ།།
ཁྱིམ་གཞི་གཅིག་ཏུ་འདུག་པར་སྨོན་ཡང་མྱོང་།།
ང་ཡིས་བཙན་གྱིས་འཐེན་པ་མ་ཡིན་ལ།།
ཁྱེད་ཀྱིས་གཉོམ་གྱིས་ཁུར་བ་མ་ཡིན་པས།།
དགའ་བ་མདའ་མོ་རྒོད་སྒྲོ་དགུ་བསྒྲིགས་དེ།།
བརྩེ་བའི་གཞུ་ལས་ཐོལ་གྱིས་ཤོར་བ་ཡིན།།
འུ་གཉིས་འགྲོགས་པའི་ལོ་ཟླ་དེ་དག་ལ།།
སྙིང་གཏམ་ཙན་དན་ཕྲེང་བ་ཆད་མ་མྱོང་།།
མི་འདོད་གཏམ་གྱི་མི་ཁ་འཁོར་མ་མྱོང་།།
བྱུར་དམར་འདྲ་བའི་བརྩེ་བ་འགྱུར་མ་མྱོང་།།
དམར་པོ་མེ་ལ་མཆོངས་པར་ཁོ་བོ་སྐྲག།
རྨ་ཆུ་སྔོན་མོར་བརྒལ་བར་ཁྱེད་ཀྱང་འཇིགས།།
ཡིན་ཡང་བརྩེ་དུང་ཟེར་བའི་འགྲོ་རོགས་འདིའི།།
ང་ཡི་སེམས་ལ་ཞུམ་མེད་སྤོབས་པ་བསྩལ།།
རི་ཆེན་རི་ཆུང་ཤོག་བུ་ལྟེབས་པ་ལྟར།།
སྙིང་སྡུག་ཁྱེད་རང་ཡོད་སར་ཐེངས་འགར་བསྙེགས།།
སྟབས་ཁ་མ་འགྲིག་གོ་སྐབས་མ་བྱུང་པས།།
ཁོ་བོའི་སེམས་ཀྱི་རེ་སྣང་སྐྱོ་བས་ཁེངས།།
ལས་དབང་ཟེར་བ་བསམ་ནག་ཁོག་བཙོག་འདིས།།
ཁྱེད་དང་ངེད་གཉིས་ཁ་ཁ་སོ་སོར་བཏང་།།
ལྷད་མེད་བརྩེ་བའི་རྨུ་ཐག་དུམ་སེ་བཅད།།
འགྱུར་མེད་དམ་བཅའ་དེ་ཡང་ཐར་སེ་བཅད།།
ཉིན་དང་མཚན་གྱི་བར་ནས་ཁྱེད་དྲན་པས།།
མིག་ཟུང་མཆི་མ་འཐོར་ཐལ་ངོ་མ་རེད།།
སྙིང་ཆུང་ནད་པས་ལོག་པ་བདེན་པ་རེད།།
དྲན་གྱིན་དྲན་གྱིན་བུ་ང་སྨྱོ་ལ་ཁད།།
མདུན་གྱི་ལམ་བུ་ཉན་ཕྲན་མདའ་བཞིན་དྲང་།།
ཁྱེད་ཉིན་དྲན་ན་རྐང་པ་འཁྱར་འཁྱོར་སྤོ།།
མིག་གིས་མདུན་དུ་ལྟོས་དེ་སོང་ཀྱང་རུང་།།
ལམ་ལོག་གང་མང་བརྒྱུད་པ་བགྲང་ལས་འདས།།
ཁྱེད་རང་གནས་ཡུལ་འགྲིམ་པ་དེ་རིང་ཐོས།།
གནས་མ་བུ་འཁྲིད་ཡིན་པ་དེ་རིང་ཤེས།།
ཁ་བཏགས་འདྲ་བའི་ང་ཡི་སེམས་པ་འདི།།
གླེན་པའི་གླེན་རྟགས་ཡིན་པ་ད་རེ་ཚོར།།
མགོ་བོ་རུམ་ཏེ་གཉིད་ན་དེ་མ་རེད།།
མིག་ཟུང་བཙུམ་དེ་བསྡད་ན་དེ་མ་རེད།།
སེམས་པ་དར་དཀར་འདྲ་བོའི་ནང་ལུང་ནས།།
ཁྱེད་ཉིད་བརྗེད་པའི་ཐབས་ཤིག་མ་རྙེད་དོ།།
ལུས་པོ་འདི་ལ་གཤོག་པ་ཐོགས་གྱུར་དེ།།
ཁྱེད་རང་ཡོད་སར་རྩལ་གྱིས་འཕུར་ན་འདོད།།
འཁྲུལ་སྣང་འདི་འདྲ་ཡིད་དུ་འཁོར་བ་ཡིས།།
དྲན་པ་ཇེ་མང་ཡིད་སེམས་ཇེ་སྡུག་རེད།།
ཉི་འོད་དྲོན་མོ་སྤྲིན་པས་སྒྲིབ་ན་ཆོག།
མཛེས་སྡུག་མེ་ཏོག་སད་ཀྱིས་བཅོམ་ཡང་སྲིད།།
ཁྱེད་དང་ང་ཡི་ལྷད་མེད་བརྩེ་དུང་དེ།།
བརྗེད་དུ་འཇུག་པའི་སྨན་ཤིག་གང་དུ་འཚོལ།།
རང་རང་ས་ནས་བཟའ་བའི་དབང་དུ་གྱུར།།
ཆུང་ཆུང་བྱིས་པ་ཞིག་གི་ཕ་མར་གྱུར།།
ཡིན་ཡང་ལས་དབང་ཟེར་བའི་རལ་གྲི་འདིས།།
ང་ཡི་སེམས་ལ་སོས་མེད་རྨ་ཁ་བཟོས།།
མང་པོ་མང་པོ་མི་བཤད་སྡུག་བསྔལ་རེད།།
རིང་པོ་རིང་པོ་མི་འབྲི་གཏམ་རྒྱུད་རེད།།
ཁྱེད་དང་ང་ཡི་བརྩེ་བ་དམར་དམར་དེ།།
བྲིས་ན་མི་ཚར་བཤད་ཀྱང་མི་རྫོགས་སོ།།
ཁྱེད་ལ་བྲིས་པའི་བརྩེ་བའི་སྙན་ངག་འདི།།
ཁྱེད་ཀྱིས་མཐོང་ན་ང་རང་དྲན་ཡང་སྲིད།།
རང་རང་ས་ནས་དྲན་རྒྱུ་མ་གཏོགས་པའི།།
འཛུམ་མདངས་གྱི་ལེར་འཕྲད་རྒྱུ་རི་བོང་རྭ།།
མིག་ཟུང་སྐར་ཆེན་འདྲ་བའི་བུ་མོ་ཁྱོད།།
མ་འོངས་འཚོ་བར་བདེ་སྐྱིད་ལྡན་པར་ཤོག།
ཁྱིམ་ཚང་བཟའ་ཟླར་འགྲིག་མཐུན་ཡོངས་པར་ཤོག།
ནད་མེད་སྐྱོན་མེད་བྱ་བ་ལེགས་འགྲུབ་ཤོག།