ཞེ་ཡི་མེ་ཏོག་འདབ་བརྒྱ།
ཏཱ་ནི་ལྷ་རྒོད། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སྤྲིན་དཀར་རྒྱུ་བ་དབེན་པའི་མཐོན་མཐིང་གི་ནམ་མཁའ། །
གསེར་གྱི་ཉི་མ་གཞོན་ནུའི་འཛུམ་རིས་ཀྱིས་གསོས་པས། །
སྣང་བའི་རེ་སྨོན་ཆར་བ་ཟམ་ཟིམ་གྱི་ཤུལ་ལ། །
ཞེ་ཡི་མེ་ཏོག་འདབ་བརྒྱ་འཇའ་ཚོན་གྱིས་བཀྲུས་བྱུང་། །
དྭངས་མོ་ཆུ་ཡི་དབུ་བ་འཛུམ་དཀར་གྱི་ལང་ཚོ། །
བསིལ་འཇམ་ཡང་ཞིང་གཡོ་བ་བརྒྱད་ལྡན་གྱི་ཆུ་བོ། །
ལྷུང་ལྷུང་དལ་གྱིས་འབབ་པའི་གླུ་སྐད་ཀྱིས་བརྒྱན་པ། །
ཞེ་ཡི་མེ་ཏོག་འདབ་བརྒྱ་གཙང་བོ་ལ་འཁྲུངས་ཡོད། །
རི་བོ་སྔོ་ཞིང་བརྗིད་པ་ན་བུན་གྱི་དགའ་མ། །
ནེའུ་གསིང་པང་གདན་བདེ་བ་ཡུམ་ཆེན་གྱི་རུམ་ཁ། །
འབྲོག་ཡུལ་སྨུག་པོ་རྫ་ཡི་བདེ་ལྡན་གྱི་ཞིང་ན། །
ཞེ་ཡི་མེ་ཏོག་འདབ་བརྒྱ་རི་ལུང་ལ་བལྟམས་ཡོད། །
འདོ་བ་གྱི་ལིང་རྟ་ཕོའི་འཚེར་སྐད་ཀྱི་བདག་པོ། །
གཡུང་བ་ཐུལ་དཀར་འབྲི་མོའི་བཞོ་དབྱངས་ཀྱི་བདག་མོ། །
རེ་སྦྲ་མཐིང་སྨུག་གྲུ་བཞིའི་གཡས་འཛིན་དང་གཡོན་འཛིན། །
ཞེ་ཡི་མེ་ཏོག་འདབ་བརྒྱའི་དགོད་རོགས་དང་འཛུམ་རོགས། །
བུང་བའི་མགྲིན་སྒྲ་སྙན་པ་གེ་སར་གྱི་འགྱུར་ཁུགས། །
ཡིད་འོང་སྐྱེད་ཚལ་སྒེག་མོའི་འཇིག་རྟེན་གྱི་སྣང་བ། །
མི་འགྱུར་རྟག་བརྟན་གཡུང་དྲུང་གཤིས་བཟང་ལ་འགུག་པའི། །
ཞེ་ཡི་མེ་ཏོག་འདབ་བརྒྱ་སྐྱེད་ཚལ་དུ་ཕེབས་སོ། །
ན་ཆུང་གཞོན་ཤའི་བཀྲག་མདངས་གསལ་གསལ་དུ་རྒྱས་དུས། །
ཡིད་ཀྱི་དལ་འབབ་ཆུ་བོ་ལྷུང་ལྷུང་ངང་འདྲེས་པའི། །
སྒྱུ་མའི་སྣང་སྲིད་རོལ་བའི་བརྩེ་དུང་གི་ཕོ་མོ། །
ཞེ་ཡི་མེ་ཏོག་འདབ་བརྒྱའི་སྐྱེས་བཟང་འདིས་སྨྱོས་སོ། །
ཚན་རྩལ་ན་གཞོན་མཛེས་མའི་ཡིད་འོང་གི་ལང་ཚོ། །
རིག་བཟང་དཔལ་ལྡན་བུ་ཡི་བློ་གྲོས་ལ་འཁྱུད་དུས། །
རེ་སྨོན་བྱེ་བར་བསྡོངས་པའི་ཤེས་རིག་གི་རང་ཁྱིམ། །
ཞེ་ཡི་མེ་ཏོག་འདབ་བརྒྱའི་ཕྱྭ་གཡང་གིས་བརྒྱན་ཡོད། །