གྱེས་ཁའི་ཚིག་རོ།
ཉི་ཚེ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
འཇིག་རྟེན་སྒྱུ་མའི་ཐང་ལ་ཁྱོད་རང་བྲིས།།
བསམ་གཞིག་སེང་གེའི་ང་རོའི་བྲག་ཅ་འཁོར།།
རྟ་མཆོག་རྨིག་རྗེས་གསུབ་པའི་ཁང་སྐྱ་བབས།།
ཆང་དཀར་དམ་བེ་ཕུར་ཐུང་ནང་ནས་གཡུག།
སྐོམ་པའི་སྐད་ཆ་སྒྱེ་མོའི་གཏིང་ནས་བསློགས།།
ཚིག་གི་བདུད་རྩི་བུམ་པའི་ལྟོ་བར་བསྐྱུགས།།
རང་གཉིས་པད་མ་ཅན་ནས་ལམ་ལ་ཆས།།
རེ་བའི་མིག་རྒྱང་རྒྱ་མཚོའི་མཐའ་ལ་བཞག།
ལས་ཀྱི་སྣེ་མོས་ལ་ཁའི་ཉི་ཐིག་ཞོན།།
འཛིན་བྲལ་སྣང་བའི་བྱ་ཁྱུ་ཚང་ལ་འཕུར།།
ཚོར་བའི་འབྲོང་ཁྱུ་ཕྱེ་མའི་ཐང་ལ་གཤར།།
ལོ་ཟླས་བྲིས་པའི་ལས་ཀྱི་རྐང་ལམ་བོར།།
གཡུ་ལོའི་བྲག་རྩ་འཐོར་བའི་གྱེས་ཁ་མར།།
དབུགས་རིང་རྡོ་བའི་གས་ཁར་ནར་ནར་ཟགས།།
དབྱངས་ཀྱི་མངལ་ལ་བསྒྲུམ་པའི་བ་སྤུ་གསེད།།
དཔྱིད་ཀའི་དུས་ཚིགས་གྱོན་པའི་སྙེ་ལོ་འདར།།
དྲན་པས་སྙིང་ཕྱེད་གཟེར་བའི་དོ་ནུབ་ལ།།
ཚིག་གཅིག་ལབ་གླེང་མེད་པར་སྡོད་པར་བྲལ།།
ཤ་གསེང་རུས་གསེང་གཞིབ་པའི་སློང་མོ་བ།།
མཁྲེགས་པོའི་རྒྱ་ལས་མྱུར་དུ་གློད་པར་མཛོད།