དུས་བཞིའི་འགྱུར་ལྡོག
འཛོམ་སྐྱིད་ལྷ་མོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
དཔྱིད།
སྐྱེ་དགུ་ལང་ཚོའི་དཔལ་གྱིས་ཕྱུག་པའི་དབྱིག་འཛིན་སྒེག་མོའི་ཕང་བ་རུ།།
སྨིག་རྒྱུ་གཉོམ་པོས་བསིལ་རླུང་འཇམ་པོའི་གླུ་ལ་ཉན་བཞིན་ངང་གིས་རྒྱུ།།
མཛེས་སྡུག་ལྡན་པའི་སྐྱེད་ཚལ་དབུས་ན་པདྨའི་འདབ་མ་འཛུམ་གྱིས་གྲོལ།།
དཔྱིད་ཀྱི་རྒྱལ་མོའི་སྐད་གདངས་སྙན་མོ་ལྗོན་ཤིང་ལོ་མའི་གསེབ་ན་རྒྱུ།།
དབྱར།
གངས་རི་དཀར་པོའི་ས་འཛིན་སྤོ་ལ་ཉི་ཟེར་ཞུན་མའི་མཛེས་པ་བྱིན།།
ནེའུ་གསིང་གཡུ་ཡི་མེ་ལོང་ངོས་སུ་དཀར་ནག་ཕྱུགས་ཀྱི་ཕྲ་ཚོམ་བཏབ།།
སྐེད་མེད་མ་ཡི་བཞོ་དབྱངས་དང་བཅས་རབ་དཀར་འོ་མའི་ཆར་རྒྱུན་སྙིལ།།
རྟ་ནོར་ལུག་གི་རྨིག་སྒྲའི་ཁྲོད་ན་རྫི་བོའི་གླུ་སྐད་སྙན་ལྷང་ལྷང་།།
སྟོན།
བུང་བ་གཞོན་ནུ་སྡོད་དབང་མེད་པར་རྒྱང་ལམ་བཞུད་པའི་སྟ་གོན་བྱེད།།
མེ་ཏོག་སྣ་ཚོགས་ལྡེམ་ལྡེམ་གཡོ་བཞིན་རོ་མངར་འབྲས་བུ་ས་ལ་ལྷུང་།།
སྐྱི་བསེར་རླུང་བུ་མཁའ་ལ་ལྡིང་བས་ཆུ་འཛིན་བུ་མོ་མཐའ་རུ་སྐྲོད།།
རྩྭ་ཕྲན་གཞོན་ནུའི་ལྗང་མདོག་བརྗེས་ནས་ལྭ་བ་སྐྱ་བོའི་མཛེས་བརྒྱན་སྤྲས།།
དགུན།
གྲང་བས་བཅོམ་པའི་ཡུལ་ཁམས་སྐྱ་བོ་ལྷག་རླུང་ངར་མའི་རྩུབ་རེག་ཁྲོད།།
ཁ་བའི་མེ་ཏོག་སྔོ་བསང་མཐོངས་ནས་གསེར་ལྡན་ངོས་སུ་ལྷབ་ལྷུབ་འབབ།།
ཐལ་རྡུལ་འཚུབ་མས་གནམ་སའི་བར་ལ་མུན་པའི་ཡོལ་བ་འཐེན་པ་བཞིན།།
ཉལ་འགྲོ་མ་ཡང་ཁ་བའི་ལྷུམས་སུ་མི་སྨྲའི་བརྟུལ་ཞུགས་ཡུན་དུ་བསྐྱངས།།