ལམ་གྱི་རི་མོ།
མགོན་ཤུལ་ཕུན་ཚོགས། ( རྔ་བ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཉི་འོད་འཐུ་བའི་མི་ཚོགས་ཤིག་སྔ་མོ་ནས་ལམ་ལ་ཞུགས་སོང་།
གོར་མོ་རྡོ་ལ་རྐང་རྗེས་དོད་པ།
སུ་ཡི་སེམས་ཀྱི་མུན་པ་ཡིན།
ཆར་ཞོད་ཆེ་བའི་ཕྱི་དྲོ་འདིར།
མི་ཚོགས་སྔར་བཞིན་འདུར་བཞིན་འདུག
འཚོ་བ་ལ་མཐའ་མེད་པས།
གསོན་པ་ལ་སྙིང་བོ་འཚོལ་བཞིན་འདུག
ཕྱི་བལྟས་ཙམ་ཡང་མེད་པའི་མི་ཚོགས་ཤིག་ལམ་ལ་ཞུགས་རྗེས།
ཆར་གདུགས་མེད་པའི་མགོ་རྗེན་དག
གོམ་ཆུང་གང་ལ་བསྒྱུར་ཞིང་ཕྱོགས།
ཕྱི་དྲོའི་སྨན་ཐུན་འདི་འཐུང་རྗེས།
ངས་སྔར་བཞིན་རང་གིས་རང་ལ་གསོན་པའི་སྙིང་བོ་བཤད།
ལས་ཀྱི་བཀོད་པ་བྲིས།
མི་ཚེ་ནི་སྙེ་མ་ཞིག་དང་དུས་ཚོད་ནི་ནས་འབྲུ་བཞིན།
མི་སེམས་ཀྱི་སྤྲིན་པ་སྐབས་རེར་འཁྲུགས་ནས་ཆར་འབབ་ལ།
ལན་རེར་དྲོ་ན་བསིལ་སྦྱིན།
གལ་སྲིད་འཇིག་རྟེན་ནས་གནམ་ངོ་གཡའ་དག་པ་ལས།
གནམ་འཐིབས་ཆར་མ་བབས་ན།
དྲོད་ཀྱི་རྣང་ཞིང་ལ་འབྲུ་རིགས་ཀྱི་སོན་འབུས་པ་མེད་ལ།
བདེ་སྐྱིད་ཀྱི་རྫིང་བུར་འཚོ་གནས་ཀྱི་ལྟག་ཆུ་ཆད་ངེས།
འོན་ཀྱང་།
འཚོ་བ་ལ་སྙིང་བོ་ཡོད་པས།
རང་སེམས་ཀྱི་བདེ་སྡུག་གླུ་རུ་ལོངས་དང་།
ས་ཆུ་མེ་རླུང་གིས་བསྐྱེད་པའི་དུས་བཞིའི་འགྱུར་བག་གིས།
སྐྱེ་རྒ་ན་འཆི་ལ་དགའ་སྡང་སྐྱོ་འཇིགས་ཀྱི་རི་མོ་བབས།
རང་གི་མིག་གིས་རང་ཉིད་མི་རིག་པ་བཞིན།
རི་མོ་འདི་ཁྱེད་ཀྱིས་བྲིས་ནས་ཡུན་རིང་འགོར།
སྤྲིན་པ་མཁའ་ནས་ཡལ་ན་ཆར་ཆུ་དཀོན་པ་ལྟར།
ཚ་གདུག་ཆེ་བའི་དབྱར་གཞུང་འདིར།
སུས་ཁྱེད་ལ་དྲན་གདུང་གི་ཆར་བ་དབབ།
རེ་བ་དང་རེ་ཆད་ཁྲོད་ལམ་ལ་ལངས་ཤིང་།
རྒྱལ་ཁ་དང་ཕམ་ཁའི་ཁྲོད་རང་ཉིད་བཙལ།
ཉི་ཤར་དང་ཉི་ནུབ་རེ་རེར།
ཉི་ཟླའི་འཆར་ནུབ་ལས་རང་བྱུང་གི་དུས་ཚིགས་སུ།
སེམས་ཀྱི་རི་མོ་བྲི།
མི་སེམས་ལ་ཅི་ཡང་ཤོང་།
དགའ་བའི་རི་མོ།
སྐྱོ་བའི་རི་མོ།
ཆགས་པའི་རི་མོ།
སྡང་བའི་རི་མོ།
ཡོད་ཚད་སེམས་སུ་བཅུག་ནས་རྒྱང་ལ་ཆས།
རྒྱང་རིང་ན།
སྲིད་པའི་ཐབ་རྡོ་བཙུགས་པའི་ཕ་མེས་ཚོའི།
དམར་སྨུག་གི་ངོ་གདོང་ལས་རེ་སྒུག་གི་མིག་ཟུང་རིག་རིག་འགུལ།
ཆར་པས་རྐང་རྗེས་ཁུར་ནས་རླུང་ལ་བརྫུས།
སྐྱི་བསིལ་རླུང་གིས་ང་ལ་སྡོང་གྲོགས་མཛད།
ཆར་བ་ནམ་ཞིག་ལ་བབས་པ་མ་ཤེས་ཀྱང་།
གནམ་གཤིས་ལགས། ཆར་མ་བབས་སྔོན་ལ་འབྲུག་སྒྲ་ལྡིར་ལ།
རླུང་མ་ལྡང་བའི་གོང་ལ་སྤྲིན་པ་འཁྲིུགས་ཤིག
དུས་ཚོད་ཀྱིས་ང་རང་ཇེ་མཐུག་ཏུ་བཏང་བས།
འགྲུལ་བཞུད་ཀྱི་ཉི་འོད་མ་གཏོགས་ཅི་ཡང་མཐོང་གིན་མི་འདུག
ཚེ་སྲོག་གི་དྲག་ཆར་མ་ཐང་བའི་སྔ་རོལ་དུ།
ཕུགས་བསམ་གྱི་ཤྭ་འོད་གང་སར་རྒྱུག་ཆོག
ཉིན་མཚན་མང་པོར།
ལོ་ཟླའི་ཆར་ཆུས་ང་ཡི་ནང་སེམས་སྦངས་པར་བྱས་ལ།
དོན་ཉི་ཚེ་བ་དག་རིང་དུ་གཡུག་རྗེས།
ངས་མི་ཚེའི་གླེགས་བམ་གཟབ་ནན་གྱིས་བཀླགས།
མཇུག་མཐར་ལེའུ་གཅིག་ལས་ལྷག་མི་འདུག
བཀླགས་ནས་མཚམས་འདིར་སླེབས་དུས།
ང་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ།
དེ་དང་མཉམ་དུ་རང་གི་གྱོན་གོས་ཧ་ཅང་སྲབ་སྣང་ཞིག་སྐྱེས།
དུས་ཀྱི་བརྡ་ལན་ཅི་ཞིག་ཡིན་མིན་བཤད་དཀའ་ཡང་།
ངས་དགོངས་དག་ཞུ་རྒྱུ་ལས་མི་འདུག་ཨང་།