བྱུང་རྒྱལ་དུ་བྲིས་པའི་ཚན་པ་བཞི།

གདོང་རིགས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


འགལ་འདུའི་གདུང་བ།

སེམས་ཀྱི་རྩིག་ངོས་སུ་བསྐྱོན་པའི་དྲན་གདུང་ལ།

སྨུག་པ་འཐིབས་ནས་རིང་དུ་ལྷག

སྐྱོ་གདུང་སྐྱེས་དགོས་པ་ཞིག

ཡིད་ཀྱི་རླབས་ཕྲེང་རེ་རེས་ཞེད་སྣང་གི་ཟེགས་མ་རེ་བསྣམས་འོངས་པས།

སྡོང་རྒན་བཞིན་གང་ཞིག་ན་ཧྲེང་ངེར་འཚོ།

ཆར་རྗེས་ཀྱི་རྩྭ་ཕྲན་དག་ལ་ཉི་འོད་ཀྱི་གཤོག་པ་ཐོགས་ཏེ།

མུན་པའི་ཡ་ཕུགས་ཀྱི་སྒྲོན་འོད་ལྟ་བུར་ཆགས་ཡོད།

འཁྲེང་ཞེན་དེ་མག་མོག་ཏུ་གྱུར་འདུག

ཡང་ན། བྲང་གཞུང་ནས་རྡོལ་བའི་དྲན་པའི་རླབས་དེ།

དྲན་པ་བསྙལ་ཡུན་རིང་སོང་།

གསལ་ལ་མི་གསལ་བའི་གྱ་གྱུར་འཐེན་པའི་རྐང་ལམ་དེར།

རྡུལ་འཚུབ་དང་བཅས་རྐྱང་རྒོད་ཁྱུ་ཚོགས་ཤིག་ཤར་ལེར་གཤར་སོང་།

བཞུད་སོང་བའི་རྐྱང་རྒོད་དེ་ཚོའི་ཤུལ་ལམ་དུ།

ང་རང་ལོ་མ་ཟད་པའི་སྡོང་བོ་དང་འདྲ་བར་ལུས་སོང་།

ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་ཅིག་གིས།

ཡོད་ཚད་འཇུག་རྫོགས་པ་མ་ཡིན་ནམ།

ལོ་ཟླའི་ལྟེབ་ཁུགས་སུ་ཐམས་ཅད་རྒས་སོང་བས།

སྨྲེང་སིང་སིང་གི་སེམས་པ་ཡང་མི་འདུག

ལུས་ཀྱི་གདུང་བ།

སྒྱུ་མའི་ལུས་ཀྱི་ཐོ་ཡོར་ལ་ན་ཟུག་གི་སྨྱུ་གུ་འབུས།

བདག་གིས་སྙན་ངག་ལ་བཅོལ་བའི་སེམས་འདུན་དེ།

གང་ཞིག་ནས་ཟགས་ཀྱིན་ཡོད་པ་མཐོང་མ་སོང་།

དྲན་གདུང་གིས་བརྩེགས་པའི་དུས་ཚོད་གྱི་སོ་ཁ་ནས།

བདག་གི་ཞལ་ངོ་རུ་གཉེར་མ་མང་དུ་བསྡུས་འདུག

མིག་ཟུང་ནས་འགྲིལ་བའི་མཆི་མ་ནི།

མུ་ཏིག་རྡོག་པོ་དང་འདྲ་བར་དཀར་ཆིལ་ཆིལ་ཐུར་དུ་འཐོར་འདུག

མཚན་མོ་སྐར་ཚོགས་ཀྱང་སྐྱོ་བས་མནར་ནས།

འདར་སིག་སིག་འགུལ་གྱིན་འདུག

ཤག་ཏུ་ཁུ་སིམ་པོར་གནས་པ།

སྒེའུ་ཁུང་ཕྱི་རོལ་ན་ཆར་བ་ཤག་ཤག་བབས་ཀྱང་།

བདག་ནི་གྲྭ་ཤག་ནང་དུ་ཁུ་སིམ་པོར།

སྣུམ་ཤིག་ཤིག་གི་ཁ་སྤུ་ལ་བྱིལ་བྱིལ་བྱས་ནས་བསྡད།

འཇིག་རྟེན་ཕྱི་རོལ་དུ།

མངོན་ལྐོག་གང་རུང་ལས་བརྫུས་པའི་འདྲེ་ཚོགས་འཚུབ་ཚུབ་དུ་རུབ་ཀྱང་།

བདག་ནི་གྲྭ་ཤག་ནང་དུ།

ཁུ་སིམ་པོར་ཞི་བའི་སེམས་ལ་སྦྱར།


རྩོམ་ཡིག་སྔོན་མ།
ལམ་གྱི་རི་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1