ཕ་དམ་པ་ཡིད་བཞིན་གྱི་ནོར་བུ།
གནའ་དེང་མ་ཁྱེད་རང་ལང་ཚོ་དར་དུས།
རི་རབ་དང་གཙང་བོ་རྡོག་པས་བཅད་དེ།
འུ་ཚང་ལ་སྒོ་ཟོག་གི་མངའ་ཐང་མང་ཙམ་བསྡུས་མྱོང་ཡོད་ཟེར།
སྐབས་དེ་དུས་ནས།
ཁྱེད་ནི་དཀའ་སྡུག་གདོང་ལ་ལེན་ཕོད་པའི་འབྲོག་ཕྲུག་
སྙིང་རུས་ཅན་ཞིག་ཡིན་ཟེར།
སྐབས་དེ་དུས་ནས།
ཁྱེད་ལ་རྩྭ་ཐང་དང་སྦྲ་ནག་གི་རྣམ་ཤེས་གཙང་མ་ཞིག་ཡོད་རབས་འདུག
ཕ་དམ་པ།
ཁྱིམ་གཞི་དྲོན་མོ་ཞིག་གི་ཆེད་དུ།
ཁྱེད་རང་འོ་བརྒྱལ་ཆེ་སོང་།
སྐུ་ཚེགས་མྱངས་སོང་།
བུ་ཆུང་རང་ལོ་བརྒྱད་ལ་ལོན་དུས།
ཁྱེད་ཀྱིས་ཕངས་སེམས་དང་ཤ་ཚ་ཅི་ཡང་མེད་པར།
ང་སློབ་གྲྭར་བསྐྱལ་ཏེ།
ཡོད་ཚད་ངའི་མ་འོངས་པའི་ཕྱོགས་སུ་བཏང་སོང་།
དེ་དུས།
ངའི་བྱིས་བློ་ཆུང་ཆུང་དེས།
ཁྱེད་ལ་ཞེ་གྱོང་དང་བགྲད་མིག་བསྐོར་བ་ཐེངས་གཅིག་མིན།
ཨ་ཕ་ལགས།
དགོངས་དག་ཞུ།
ངས་དབྱངས་གསལ་གྱིས་བཟོས་པའི་ཐ་སྙད་དེ་དག་ཤེས་པ་ནས།
ཁྱེད་ཀྱི་ལང་ཚོ་རྒུད་སོང་།
གཟུགས་གཞི་ཉམས་སོང་།
ཨ་ཕ།
ཁྱེད་ཀྱི་སྤྱན་རས་སུ་ང་ནམ་ཡང་ཡོད།
ང་ཡི་ཡ་ཆུང་ན་ཁྱེད་རྟག་ཏུ་བཞུགས།
ཨ་ཕ།
ཉིན་འདི་དང་ཟླ་འདི།
ཡང་ན་ལོ་འདི་དང་འདས་པའི་མི་ཚེའི་བར་གསེང་ན།
བུ་ཆུང་ལ་བདེ་སྐྱིད་ཀྱི་འཚོ་བ་འཛོམས་པ།
ཁྱེད་ཀྱི་རླབས་ཆེ་བའི་ཐུགས་གཤིས་དང་སྙིང་སྟོབས་ཡིན།
ད་དུང་ཡང་ཡིན་པར་སྨོན།
ཨ་ཕ།
ངས་ས་མཐའ་གནམ་མཐའ་ཞིག་ནས།
ཁྱེད་རང་དྲན་གྱིན་ཡོད།