རྫུན་མ།
ཚེ་རིང་ལྷ་མཚོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སྒེའུ་ཁུང་མུན་པས་ཟོས་པས།
ཁང་མིག་ཡོད་ཚད་ནག་པོར་གྱུར།
ངས་མུན་པ་བཀྲུགས་ནས་འོད་སྣང་ལ་རེ་ཡང་།
ཉིན་འདི་དག་གི་གནམ་གཤིས་འདིས།
མུན་པའི་ཕྱི་རུ་མུན་པས་གཡོགས་ཏེ།
སུ་ལ་ཡིད་ཆེས་དང་སྙིང་གཏམ་བཅོལ་དགོས་རྟོགས་ཐབས་བྲལ།
སྤྱི་ཚོགས་ཟེར་བའི་མི་ཁ་ཡི་འགྱུར་བག་འདི་དང་།
སྒོར་མོ་ཟེར་བའི་སེམས་པ་ཡི་རེ་སྙེགས་དེ་ཚོ།
ད་དུང་།
འཁོར་བ་ཟེར་བའི་མཛེས་སྡུག་དེ་བསླུ་བྲིད་དེ་དང་།
འཇིག་རྟེན་ཟེར་བའི་འཛུམ་མདངས་ཀྱི་གཡོ་སྒྱུ་དེ་ཚོ།
མེ་ཏོག་བཞིན་བཞད་ཅིང་།
མེ་ཕུང་བཞིན་འབར་དུས།
ང་ཚོས་བསམ་གཞིགས་ཀྱི་སྒེའུ་ཁུང་ཆེ་རུ་མ་བགྲད་ན།
སེམས་པའི་མཛེས་སྡུག་མཐོང་བ་དཀའ་མོ་རེད།
མུན་པ་སྔར་བཞིན་ཇེ་མཐུག་གྱུར།
འཁོར་བ་སྔར་བཞིན་འཁོར་གིན་འདུག
ཡུལ་མི་ཚོས་མུན་པའི་གླིང་ནས་ཕུགས་བསམ་རྙེད་དུས།
འཁོར་བའི་ཀློང་ནས་མི་ཚེ་སྟོང་བཞིན་འདུག
དེའི་ཕྱིར།
ཡོད་ཚད་རྫུན་གྱིས་གཡོ་བ་མཐོང་བཞིན་པའི་ན་གཞོན་ཚོས།
རང་ལུས་རྫུན་མ་དེར་མཛེས་རྒྱན་རྫུན་མ་རེ་བསྣམས་ཏེ།
འཚོ་བ་རྫུན་མ་རེ་སྐྱོང་གིན་འདུག