ངའི་རེ་བའི་ཀློང་གི་ཁྲི་གདུགས་ཉི་མ།
མགོན་དཀར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཉི་མ་ནི་རྒྱན་ཆ་ཞིག་སྟེ།
སྒེའུ་ཁུང་ལས་མཐོང་བའི་གསེར་གྱི་སྡེར་མ་ཞིག
ཉི་མ་ནི་གཏན་ཚིགས་ཤིག་སྟེ།
རླུང་གི་གཡོར་གྲུ་ལ་རྒོལ་བའི་གསེར་གྱི་རི་རབ་ཅིག
ཉི་མའི་ཤ་དང་རུས་པ།
ཁྲག་གི་ཁུགས་སོ་རེ་རེར།
ཚེ་སྲོག་གི་རྒྱུ་བ་མ་འགག་པའི་སེམས་ཅན་ག་ཚོད་ཡོད་དམ།
དེ་དག་གི་རེ་བའི་མིག་ཟུང་གཏད་ས་ཁྱོད་ཁོ་ན་ཡིན་ནམ།
བར་ཐག་ནི་གནམ་ས་ལྟ་བུ་སྟེ།
བར་ཐག་ནི་འདི་ཕྱི་ལྟ་བུ་སྟེ།
གནམ་སའི་བཀར་ཤིང་ལྟ་བུ།
འདི་ཕྱིའི་ཟམ་པ་ལྟ་བུ།
ཉི་འོད་ཁོ་ན་ལགས་པས་དེ་ལ་དུངས་པ་ཡོད།
ཉི་འོད་ཁོ་ན་ལགས་པས་དེ་ལ་ཞེན་ཆགས་ཆེ།
ཁྱེད་ཀྱིས་ང་ལ་གནང་བའི་འོད་ཀྱི་ཟེར་མ་རེ་རེས།
ཞེ་སྨྲེང་བའི་མཚོ་མོ་སྐེམ་པར་མཛད་ཅིང་།
ལུས་ཉོབ་པའི་ངལ་བ་སེལ་བར་མཛད།
དཔྱིད་གསུམ་གྱི་རླུང་བུ་དལ་གྱིས་ལྡང་དུས།
ཁྱེད་ཀྱིས་གཡང་ཟོག་གི་ཚེ་སྲོག་ལ་རེ་བའི་དྲོད་ཁོལ་སྟེར།
དབྱར་གསུམ་གྱི་ལང་ཚོ་མངོན་པར་གསལ་དུས།
ཁྱེད་ཀྱིས་མེ་ཏོག་གི་མཛེས་སྡུག་གླིང་ལ་ཁྱབ་པར་བྱེད།
སྟོན་མཇུག་གི་སྡོང་ལོ་ས་རུ་འཐོར་ན།
ཁྱེད་ནི་ས་རྡུལ་ཕྱགས་པའི་ཨ་མྱེས་རྒན་པོ་ལྟར་དུ།
རླུང་དང་འགྲོགས་ཏེ་ཡུལ་ཀུན་བདར་བར་གནང་།
དགུན་གསུམ་གྱི་ཙག་རླུང་ཧྲིལ་གྱིས་མཆེད་དུས།
ཁྱེད་ནི་དྲིན་གྱི་མ་མ་སྟེ།
ལུས་སེམས་ཧྲིལ་བོ་དགའ་བདེས་ཁྱབ་བྱེད་ཅིག
ཉི་འོད་ནི་ཁྱེད་ཀྱི་ཡོད་ཚད་དེ།
གླིང་ཀུན་གསལ་བར་བྱེད་པའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུའམ།
ལྗང་མྱུག་གི་ས་བོན་ལ་སྟོབས་ཤུགས་སྩོལ་བའི་དངོས་གྲུབ་ཀྱི་བདག་པོ་ལགས།
ཀྱེ། འོད་གསལ་གྱི་ཉི་མ་ལགས།
ངས་ཉམ་ཆུང་གི་ལག་ཟུང་མཐོ་རུ་བཏེགས་ཏེ།
ཁྱེད་ལ་སྤོབས་པ་ཆེན་པོས་འབོད་འདོད།
ཀྱེ། ཉི་མ་ལགས།
ཁྱེད་ཀྱི་འོད་ངོགས་རེ་རེར།
འབྲོག་སྦྲ་ནག་ཅན་གྱི་རེ་བ་དང་ཡིད་སྨོན་གྱི་མིག་ཟུང་བགྲད་ཡོད།
ཁྱེད་ཀྱིས་གནང་བའི་དྲོད་ཀྱི་ཁུག་སོ་རེ་རེར།
རོང་ཤིང་སྒོ་ཅན་གྱི་དགའ་བདེའི་རྨི་ལམ་ཉལ་ཡོད།
ཁ་བའི་འདབ་མ་བརྩེགས་པའི་གནས་རི་སྟེ།
གངས་དཀར་ཏི་སེ། གནོད་སྦྱིན་གངས་བཟང་།
རོང་བཙན་ཁ་བ་དཀར་པོ། ཤར་དུང་རི།
གྱ་གྱུར་རིང་དུ་འབབ་པའི་གཙང་བོ་སྟེ།
མ་ཕམ་གཡུ་མཚོ། ཡར་འབྲོག་གཡུ་མཚོ།
དྭངས་ར་གཡུ་མཚོ། ཁྲི་ཤོར་རྒྱལ་མོ།
མདོར་ན་རྫ་འདབས་ཀྱི་འབྲོང་དང་།
རི་འདབས་ཀྱི་རྟ་ནོར་ལུག་གསུམ།
ཆུ་ལ་གནས་པའི་གསེར་ཉ་སོགས།
ཁྱེད་ཀྱི་མ་བསྐྱངས་པ་གཅིག་ཀྱང་མི་འདུག་ལགས།
རི་མོ་བས་པིར་གྱིས་བྲིས་པ་དེ་ཁྱེད་ཀྱི་བྱིན་རླབས་ཡིན་ལ།
སྙན་ངག་པས་སྙུ་གུས་བྲིས་པ་དེའང་ཁྱེད་ཀྱི་གཟི་དཔལ་ཡིན།
མཐོ་བ་གནམ་དུ་བསྒྲེང་བའི་དར་ཆེན་དང་།
དམའ་བ་ཐང་དུ་བརྡབས་པའི་ཕུར་ཆེན་ཚུན་ཆད།
ཁྱེད་ཀྱི་བྱམས་བརྩེ་དང་འབྲལ་ཐབས་གཏན་ནས་མེད།
ཁྱེད་ཀྱི་དར་རྒུད་མཚོན་པའི་ཉི་འཛིན་གྱི་ཉིན་མོ་རེ་རེས།
ཁྱེད་ཀྱི་ངོ་གདོང་སྒྲིབ་པའི་སྤྲིན་ནག་གི་རྔམ་ཁ་རེ་རེས།
ང་དང་ངའི་འཇིག་རྟེན་གྱི་མཛེས་སྡུག་མ་ལུས།
ང་དང་ངའི་ནམ་མཁའ་ཡི་དྭངས་གཙང་མ་ལུས།
གློ་བུར་གློ་བུར་དུ སྐད་ཅིག་སྐད་ཅིག་ཏུ།
འཇོམས་པར་བྱས།
འཇིག་པར་བྱས།
ངང་ཐུང་གི་འཇིགས་པ་རེ་རེ་དང་།
གློ་རྡེག་གི་འགྱུར་བ་རེ་རེ་ཡིས།
ཁྱེད་ཉིད་མི་རྟག་པ་ཡིན་ཚུལ་ངོ་སྤྲོད་བྱས་ཤིང་།
རང་ཉིད་ལ་སོས་དལ་བག་ཕེབས་ཀྱི་དུས་ཚིགས་ཉུང་བའི་དྲན་སྐུལ་གནང་།
ཉི་འོད་ཟགས་པའི་འོད་ཀློང་གི་བར་གསེང་རེ་རེར།
རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སྲོག་ལྡན་མང་དུ་འཚོ།
དེ་དག་གི་རེ་བའི་མིག་ཞགས་ཀྱིས་ཁྱེད་ཉིད་འཚོ་ཚུལ་བསམ་ན།
གསོན་པར་ཕྱོགས་པའི་ལམ་ག་དེ་ཇི་འདྲའི་མཛེས་པ་ལ་ཨང་།
སྙིང་ནས་བརྩེ་བའི་ཁྲི་གདུགས་ཀྱི་ཉི་མ་ལགས།
སྐྱེས་པའི་རྟ་གོང་ནས་སྟག་ཤ་རའི་སྐྱ་རྩལ་ངོམ་པར་ཁྱེད་ཉིད་མཁོ་ལ།
སྐྱེས་མའི་སྦྲ་འདབས་ནས་སྨན་མཛངས་མའི་བློ་རྩལ་ངོམ་པར་ཁྱེད་ཉིད་མཁོ།
རླབས་ཆེ་བའི་ཁྲི་གདུགས་ཀྱི་ཉི་མ་ལགས།
དྲིན་ཆེ་བའི་རྟ་བདུན་གྱི་དབང་བོ་ལགས།
བྱིས་པས་དཔུང་རྡང་བསྒྲིགས་དུས་ཤེད་ཀྱིས་འབོད་ས་དེ་ཁྱེད་ཉིད་ཡིན་ལ།
རྒན་པས་མ་ཎི་བགྲང་དུས་སྐྱིད་ལ་རེ་བ་བཅོལ་སའང་ཁྱེད་ཉིད་ཅི་ལ་མིན།