ལི་ཐང་རྫོང་གི་སྤྱིལ་ཁང་དུ་རྨོས་པའི་ཤིང་ཏོག་དང་སྔོ་ཚལ་ལ་པེ་ཅིང་གྲོང་མིས་དགའ་བསུ་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སི་ཁྲོན་ཞིང་ཆེན་གྱི་པེ་ཅིང་ལ་བཅའ་སྡོད་བྱེད་པའི་གཞུང་ལས་ཁང་དང་ཞིང་ཆེན་ཚོང་དོན་ཐིང་།ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས།ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཐིང་།ཞིང་ཆེན་ཞིང་འབྲོག་ཞིང་སྡེ་ཐིང་།ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་དང་དེ་བཞིན་གྲོང་ཁྱེར་ཁག(ཁུལ)བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་གཉེར་བྱས་པའི་སི་ཁྲོན་ཚོང་ཟོག་ཉོ་སྒྲུབ་བྱས་ཏེ་དབུལ་སྐྱོར་རོགས་སྐྱོར་བྱ་རྒྱུས་བརྗོད་དོན་གཙོ་བོ་བྱས་པའི་འོས་སྦྱོར་བྱེད་སྒོའི་ཐོག་ནས་དངོས་ཟོག་ཉོ་སྒྲུབ་དང་གན་རྒྱ་འཇོག་རྒྱུས་གཙོ་གནད་དུ་བྱས་ཏེ་དབུལ་ཕོངས་དང་དབུལ་ཐར་ས་ཁུལ་ལ་དམིགས་ཏེ་ཚོང་གཉེར་གྱི་ལམ་སྲོལ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།
        དཀར་མཛེས་ཁུལ་གྱི་ཚབ་བྱས་པའི་ལི་ཐང་རྫོང་ཐོན་སྐྱེད་ཕྱིར་འཚོང་བྱེད་སྒོའི་ནང་ཞུགས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་སྤྱི་གནོད་མེད་པའི་སྔོ་ཚལ་དང་སྤུས་ལེགས་ཟོག་ཤ་སོགས་ཐོན་རྫས་རིགས་འདྲ་མིན་སྣ་ཚོགས་འགྲེམ་སྟོན་བྱས་པར་པེ་ཅིང་གྲོང་མིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་།གྲོང་ཁྱེར་གྱི་སྡོད་དམངས་ཀྲང་ལན་གྱིས་ཀྲོ་མ་ཀྲུ་ཆུང་ཆུང་ཞིག་ཟ་ཞོར་དུ་བྲོ་བ་ཧ་ཅང་ཞིམ་པོ་འདུག འདི་འདྲའི་བྲོ་བ་ནི་རང་ཆུང་ཆུང་གི་སྐབས་སུ་མྱོང་མྱངས་བ་མ་གཏོགས་དེང་སང་དཀོན་པོ་རེད་ཅེས་བཤད་དེ་ཟ་ཐུམ་གཉིས་ཉོས་ཏེ་དགའ་སྤྲོའི་ངང་ནས་ཁྱིམ་དུ་ལོག་སོང་།
        གྲོང་མི་ལི་ལགས་ཀྱིས་ལ་ཕུག་དཀར་པོ་རྒྱ་མ་གང་རེར་སྒོར་མོ་གང་ཙམ་དགོས་སམ་ཞེས་དྲིས་སྐབས་བཙོང་མིས་འདི་ནི་འགྲེམ་སྟོན་དངོས་རྫས་ཡིན་ཏེ་ད་ལོར་མུའུ4200ནང་རྨོ་པའི་ལ་ཕུག་རྒྱ་མ6300ཚང་མ་ཤང་ཀང་དང་ཨའོ་མེན་དུ་བྲིན་འཚོང་བྱས་ཚར་བ་ཡིན། དངོས་རྫས་འདི་རིགས་ལ་རང་བྱུང་ལུད་མ་གཏོགས་དང་རྫས་འགྱུར་ཞིང་སྨན་སྤྱོད་མེད་པས་ལ་ཕུག་གི་པགས་པ་སྲབ་མོ་ཡིན་ཞིང་། རྩ་བ་ཉུང་བ། གཞུང་རྟ་ཚགས་དམ་པོ་བཅས་ཡིན་པས་ཉོས་མཁན་མང་བས་སང་ལོར་མ་གཏོགས་ཉོ་རྒྱུ་རག་བ་མ་རེད་ཅེས་བཤད། དེའི་རྗེས་ཁོ་མོས་ཁྱད་ཆོས་ལྡན་པའི་ཐོན་རྫས་གཞན་དག་འདེམས་ཉོ་བྱས་པ་རེད།རི་སྐྱེས་སྔོ་ཚལ་རིགས་བཅུ་དྲུག་གི་ནང་ནས་ཤ་མོ་དང་མོག་རོ། ཞོག་ཁོག་སོགས་སྒོར200ལྷག་གིས་ཉོས་པ་དང། དེ་ནས་ཡང་གནག་ཕྱུགས་ཀྱི་ཐོན་རྫས་རིགས་བཅུ་ལྷག་ཙམ་མཐོང་དུས་བཟོད་བསྲན་མ་ཐུབ་པར་ཡང་སྒོར458ཀྱིས་ཉོས་པ་རེད།
        ལི་ཐང་རྫོང་སྲིད་གཞུང་གི་རྫོང་དཔོན་ཀྲེན་ཞན་ཧྥུང་གིས་ལི་ཐང་རྫོང་གི་ས་བབ་མཐོ་ཚད་ཆ་སྙོམས་མཚོ་འཕགས་སྨི4300ཡིན་ཏེ་ལོ་ཧྲིལ་པོར་ཉི་འོད་ཆུ་ཚོད2700ཤར་ཐུབ་པས་སྐྱེ་ཁམས་ཁོར་ཡུག་བཟང་བའི་རྐྱེན་གྱིས་སིལ་ཏོག་དང་སྔོ་ཚལ་གྱི་བྲོ་བ་ཞིམ་པ་དང་ཆུ་འབེལ་བ། ཁ་དོག་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་འཛད་སྤྱོད་པས་དགའ་བསུ་བྱེད་ཀྱིན་ཡོད་པ་རེད། འདི་འདྲའི་ལས་རིགས་སྤེལ་མཐར་ལི་ཐང་རྫོང་གིས་ཁེ་ལས་ཀྱིས་དངུལ་རག་ཐུབ་པ་དང་ཞིང་པ་ཕྱུག་པོར་ཆགས་ཐུབ་པ། ཐོན་རྫས་ལ་ཚོང་ར་ཡོད་པ། སྤུས་ཚད་འགན་ལེན་ཡོད་པ། ཐོན་ལས་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་ཐུབ་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འཕེལ་རྒྱས་ཧུར་ཐག་གཏང་དགོས། ད་ལྟ་སྤྱིལ་ཁང་སིལ་ཏོག་དང་སྔོ་ཚལ་གྱི་ཚད་ལྡན་འདེབས་ཁྱོན་མུའུ8300ལ་ཟིན་པ་དང་སྔོན་དཔག་བྱས་ན་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི8100སླེབས་ཐུབ་རྒྱུ་རེད། ཁྱད་པར་དུ2018ལོའི་སྤྱི་ཟླ11པའི་ཚེས11ཉིན་གྱི་མཚན་མོར་ལི་ཐང་གི་སྤྱིལ་ཁང་ནང་གི་སིལ་ཏོག་དང་སྔོ་ཚལCTV2ནོར་སྲིད་དཔལ་འབྱོར་གྱི་འཕྲིན་ལམ་ཐོག་བཏང་ཡོད་པ་རེད་ཅེས་བཤད་པ་རེད། ཉིན་གཉིས་རིང་གི་ཐོན་སྐྱེད་ཕྱིར་འཚོང་བྱེད་སྒོའི་ནང་ལི་ཐང་རྫོང་གི་སྤྱིལ་ཁང་སིལ་ཏོག་སྔོ་ཚལ་ལ་པེ་ཅིང་གྲོང་ཁྱེར་གྱི་གྲོང་མི6000ལྷག་གིས་དགའ་པོ་བྱས་ཏེ་སྒོར་ཁྲི5ལྷག་གིས་ཉོ་སྒྲུབ་བྱས་པ་དང་། པེ་ཅིང་ཧའོ་ཅེ་ཧྲན་ཁོའི་ཧོ་ཚན་ཡོད་སྤྱི་གཉེར་ཁང་དང་ཀྲུའུ་ཧའེ་དབྱི་ཁང་ཞིང་ལས་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་། ཀོང་ཀྲུའུ་ཨན་ཧོ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། འབྲུ་རིགས་སྣ་ལྔའི་སྤྱི་གཉེར་ཁང་སོགས་ཀྱིས་ལི་ཐང་མ་སྐྱེས་ཨ་མ་ཞིང་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་ལི་ཐང་ཁམས་བོད་ཉི་འོད་ཚད་ཡོད་སྤྱི་གཉེར་ཁང་། དམག་ངན་སྟོད་པ་གྲོང་སྡེའི་མཉམ་སྡེབ་རྒྱུ་ནོར་གཉེར་སྐྱོང་དོ་དམ་སྤྱི་གཉེར་ཁང་བཅས་དང་སྒོར་ཁྲི650ཡི་གན་རྒྱ་བཞག་སྟེ་ལི་ཐང་རྫོང་གི་དབུལ་ཐར་འགག་སྒྲོལ་སྐོར་རོགས་སྐྱོར་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1