ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཞི་ཅིན་ཕེན་གྱིས་གསུང་རྒྱུར། དེ་རིང་ནི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་པས། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་བྱ་བ་སྒྲུབ་མཁན་བཅས་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་ཡིན་ཟེར།
གྲོས་ཚོགས་སྟེང་། ཝང་ཞིན་ཝེ་དང་ཝང་ཏུའུ་ཅོན། ཐང་ཡུས་ཞང་། སུང་ཧུའུ་ཀྲིན། ལིས་ལེན་ཁྲིན། ཀའོ་ཅན་ཅུན། ལིས་ཧོང་ཞ། ཧོང་ཅིག་ཧྲིན་སོགས་འཐུས་མི་བརྒྱད་ཀྱིས་སྔ་གཞུག་བྱས་ཏེ་སྒོ་འབྱེད་འཕེལ་རྒྱས་དང་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་བའི་ཕུགས་འདུན་བརྒྱད་སོགས་གནད་དོན་ལ་དམིགས་ནས་བསམ་ཚུལ་བཏོན།
འཐུས་མི་ལིས་ལེན་ཁྲིན་གྱི་གཏམ་བཤད་ལ་དམིགས་ནས་ཞི་ཅིན་ཕེན་གྱིས་བཤད་རྒྱུར། ང་རང་རྒྱུན་པར་དབུལ་ཕོངས་ས་ཁུལ་དང་ཞིང་སྡེ་ཁ་ཤས་སུ་སོང་ནས་ས་དེའི་མང་ཚོགས་ལ་ཁྱེད་ཚོར་ད་རུང་དགོས་མཁོ་ཅི་ཞིག་ཡོད་ཅེས་དྲིས་པ་ཡིན། དེ་རིང་ཁྱེད་ཀྱིས་བཏོན་པའི་བསམ་ཚུལ་འདི་དག་ནི་རྒྱ་ཆེའི་ཞིང་བ་བློ་མཐུན་རྣམས་ཀྱིས་མཛེས་སྡུག་འཚོ་བ་རེ་སྙེག་བྱེད་པའི་དགོས་མཁོ་རེད། འདི་དག་གི་ཁྲོད་ཁ་ཤས་ཤིག་ང་ཚོས་ཡོངས་གྲུབ་བྱས་ཡོད་པ་དང་། ཁ་ཤས་ཤིག་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། ཁ་ཤས་ཤིག་ལག་བསྟར་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ང་ཚོས་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྙེག་ལ་དམིགས་ནས་དོན་དག་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་ཧི་ནན་གྱི་ཉེ་བའི་ལོ་འགའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཧི་ནན་གྱི་བློ་མཐུན་རྣམས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། འཕར་སྣོན་བརྟན་འཇགས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་བཀག་འགོག་བྱེད་པ། བྱ་བ་སོ་སོ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པ། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ལ་འགན་སྲུང་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན། ཞི་ཅིན་ཕེན་གྱིས་བསྟན་དོན། ཧི་ནན་ནི་ཞིང་ལས་ཞིང་ཆེན་ཆེན་པོ་དང་མི་གྲངས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པས། ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བཏོན་ཡོད་པ་དང་། གྲོང་གསེབ་དར་སྤེལ་ནི་ཐོན་ལས་དར་རྒྱས་དང་ཤེས་ལྡན་མི་སྣ་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་ཀྱི་ཁྱོན་ཡོངས་དར་རྒྱས་ཡིན་པ་དང་། དེ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཡིན་ལ། སྤྱིའི་བྱེད་ཕྱོགས་ནི་ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་པ་དང་། ལམ་ལུགས་འགན་སྲུང་ནི་གྲོང་ཁྱེར་དང་ཞང་གྲོང་མཉམ་བསྲེས་འཕེལ་རྒྱས་ཀྱི་སྒྲིག་གཞིའི་ནང་རྐྱེན་དང་སྲིད་ཇུས་མ་ལག་འཛུགས་སྐྲུན་དང་འཐུས་ཚང་ཏུ་གཏོང་རྒྱུ་དེ་ཡིན་ཟེར།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ན། ད་ལོ་དང་སང་ལོ་གཉིས་ལ་ངེས་པར་དུ་དབུལ་ཐར་ལས་འགན་ཡོངས་འགྲུབ་བྱེད་དགོས་པས། ཡང་འབད་བསྐྱར་འབད་དང་དམིགས་འབེན་ལ་དམ་པོར་དམིགས་པ། གནད་ཕིགས་ཇུས་བསྟར་བྱེད་པ། གནད་ཕིགས་ཤུགས་འདོན་གྱིས་དབུལ་ཐར་མཁྲེགས་གཏོར་ལས་འགན་དུར་ལྟར་ཡོངས་འགྲུབ་བྱེད་དགོས་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་ཞིང་གསུམ་བྱ་བ་བཟང་བོ་བསྒྲུབ་རྒྱུ་གཉིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས་ཟེར། །