༄༅།། བོད་ཀྱི་གཉེན་སྲོལ་གྱི་གནད་དོན་འགར་ཅུད་ཟད་དཔྱད་པ།
རྒྱང་འཁོར་ཚེ་ཕུན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 03-13
རྒྱང་འཁོར་ཚེ་ཕུན།
སྤྱི་ཚོགས་ཀྱི་གྲུབ་ཆ་ལས་རྩ་བའི་སྡེ་ཚན་ནི་ཁྱིམ་རྒྱུད་ཡིན་པ་དང་། ཁྱིམ་རྒྱུད་དེ་ཉིད་ཀྱི་གྲུབ་ཆ་དང་། འཕྲེང་བ་ལྟར་བརྒྱུད་བཞིན་དུ་འཕེལ་རྒྱས་ཡོང་བཞིན་སྤྱི་ཚོགས་ཐོག་གཉེན་ཉེ་སྤུན་མཆེད་ཀྱི་འབྲེལ་བ་མེད་པ་ནས་ཡོད་པ་དང་། ཉུང་བ་ནས་མང་བའི་བར་འཕེལ་རྒྱས་བྱུང་བ་ཚང་མ་ནི་ཕོ་མོ་དབར་གཉེན་བསྡེབས་པ་ལས་བྱུང་བས། གཉེན་སྡེབ་ནི་ཁྱིམ་རྒྱུད་ཀྱི་རྩ་བའི་གྲུབ་ཆ་ཡིན་པ་དང་། གཉེན་ཉེ་སྤུན་མཆེད་འཕེལ་རྒྱས་ཡོང་བའི་རྩ་བའི་རྒྱུ་རྐྱེན་ཡང་ཡིན། དེར་བརྟེན་གཉེན་སྒྲིག་གི་ལམ་སྲོལ་ནི་སྤྱི་ཚོགས་ལུགས་སྲོལ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། འོ་ན། གངས་ཅན་བོད་ཀྱི་ཡུལ་འདིར་གཉེན་སྒྲིག་གི་ལུགས་སྲོལ་ཅི་དང་ཅི་འདྲ་ཞིག་ཡོད་པའི་ཐད་ལ་ཡུལ་སྲོལ་གོམས་གཤིས་སྨྲ་བའི་མཁས་པ་མང་པོས་བཀའ་རྩོམ་གནང་མྱོང་ཡོད་མོད་ཀྱང་། དེ་ཚོ་སྙུང་བུ་རྩ་སྟེང་དུ་མ་འཁེལ་བར་གཡས་ཡོ་གཡོན་ཁྱོག་བྱས་པ་ཁོ་ན་ལས་མི་སྣང་བས་དངོས་ཐོག་བདེན་འཚོལ་གྱི་གཏམ་ཞིག་འདྲེན་པའི་ཕོ་ཉར་བློ་ཆུང་ཁོ་བོས་རྩོམ་ཐུང་འདི་ཉིད་མངགས་པ་ལགས་སོ།།
དང་པོ། བོད་ཀྱི་གཉེན་སྲོལ་ལས་མནའ་མ་རྩོད་ལེན་བྱེད་ཚུལ་གཉིས།
སྔར་བོད་ཀྱི་གཉེན་སྲོལ་ནང་ཕོ་མོ་དབར་ཕན་ཚུན་བརྩེ་བས་བཅིངས་ཏེ་རང་འདོད་ལྟར་དགའ་འདུ་བྱས་པ་ཡོད་ལ། ཕ་མས་བཙན་པོ་དབང་ཡོད་ཀྱིས་བུ་ཕྲུག་གི་འཇིག་རྟེན་འགྲོ་སྟངས་བྱས་པའང་ཡོད། དེ་མིན་ཁྱོ་བོ་སོ་སོས་དྲག་རྩལ་བསྡུར་ནས་མནའ་མ་རྩོད་ལེན་བྱས་པ་ཡོད་ལ། རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱས་པའང་ཡོད། རང་འདོད་ཀྱིས་དགའ་འདུ་བྱས་པ་དང་། ཕ་མས་འགྲོ་སྟངས་བྱས་པའི་ལུགས་སྲོལ་དེ་རིགས་ཀུན་གྱིས་དེང་དུས་ཀྱི་སྤྱི་ཚོགས་ཐོག་ཏུ་མངོན་སུམ་གསོན་རྗེན་དུ་འདྲེན་བྱེད་དབང་པོར་སྣང་རྒྱུ་ཡོད་པས་འདིར་ཡིག་ཚོགས་ཆེ་བར་དོགས་ནས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། གཤམ་དུ་དྲག་རྩལ་བསྡུར་ནས་མནའ་མ་རྩོད་ལེན་བྱེད་པ་དང་། རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་སྐོར་ཅུང་ཞིག་གླེང་རྒྱུ་ལ།
1. དྲག་རྩལ་བསྡུར་ནས་མནའ་མ་རྩོད་ལེན་བྱེད་པ།
འཛམ་གླིང་ཐོག་གི་མི་རིགས་མང་པོ་ཞིག་གི་གཉེན་སྒྲིག་ལམ་སྲོལ་ལ་དྲག་རྩལ་བསྡུར་ནས་མནའ་མ་རྩོད་ལེན་བྱེད་པའི་སྲོལ་ཡོད་པ་དེ་ནི་མི་རིགས་དེའམ་ས་ཁུལ་དེའི་མི་དམངས་རྣམས་དམག་ལ་དགའ་བའམ་དེ་པའི་ལོ་རྒྱུས་འཕེལ་རིམ་ཐོག་ཟང་ཟིང་འཁྲུག་ཆ་ཆེ་བའི་དམག་འཁྲུག་དུ་མ་ལངས་ནས་སྐྱེ་བོ་རྣམས་ཀྱིས་བློ་ངོར་དྲག་རྩལ་མེད་ན་འཚོ་བ་སྐྱེལ་དཀའ་བ་མ་ཟད། རང་གི་ལུས་སྲོག་ཀྱང་སྲུང་དཀའ་བའི་སྣང་བ་འཆར་བ་དང་ཆབས་ཅིག བུ་མོའི་ཚེ་གང་གི་གཏན་གྲོགས་བཙལ་སྐབས་ཀྱང་ཕོ་གསར་ལ་དྲག་རྩལ་ཡོད་དགོས་པའི་རེ་བ་ཞིག་ཐོན་པ་དང་། བུ་མོ་གཅིག་སློང་མཁན་ཕོ་གསར་མང་པོ་འཛོམས་སྐབས་ཡང་སྙིང་སུ་ཡི་རྩལ་ཆེ་མིན་བརྟག་པའི་ཆེད་དུ་དྲག་རྩལ་བསྡུར་བ་གཏོང་བའི་ལུགས་སྲོལ་དེ་དར་བ་རེད་སྙམ། དེ་ལྟ་བུའི་གཉེན་སྒྲིག་གི་ལུགས་སྲོལ་རང་རེ་གངས་ཅན་གྱི་ལྗོངས་འདིར་བྱུང་མྱོང་ངམ་ཞེ་ན། དར་ཁྱབ་ཆེ་མིན་ལ་མ་བལྟས་པ་བོད་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་པོའི་ནང་བྱུང་མྱོང་ཡོད། གང་ལ་ཟེར་ན། བོད་འདི་ཡང་འཛམ་གླིང་ཐོག་གི་མི་རིགས་ཀུན་དང་འདྲ་བར་བསྐལ་པ་ཡ་ཐོག་གི་དུས་སུ་ས་ཁུལ་གཅིག་གི་ནང་སྤྱི་ཡིས་བླ་རུ་བཀུར་བའི་ཁྲིམས་ཀྱི་བདག་པོ་མེད་པ་དང་། དེ་ཡོད་ནའང་སྤྱི་ཀུན་གནོན་ཐུབ་པའི་མཐུ་ནུས་མེད་པར་བརྟེན་མི་དང་མི་དབར། ཁྱིམ་རྒྱུད་དང་ཁྱིམ་རྒྱུད་དབར། གྲོང་སྡེ་དང་གྲོང་སྡེ་དབར། ཡུལ་ལུང་དང་ཡུལ་ལུང་དབར་གནད་དོན་ཅི་ཐད་ནས་གྱོད་གཞི་བྱུང་བ་རྣམས་ཞི་བདེའི་སྒོ་ནས་ཐག་གཅོད་ཐུབ་དཀའ་བས་ཕྱོགས་གཉིས་པོའི་དྲག་རྩལ་ལ་བརྟེན་ནས་ཐག་གཅོད་དགོས་ཀྱི་ཡོད་རྐྱེན་ཕོ་གསར་ལ་དྲག་རྩལ་ཡོད་དགོས་པའི་རེ་བ་བཅངས་པ་ནི་གོ་བ་ལོན་ཐུབ་པ་ཞིག་ཡིན། 《ནེ་ཙོའི་གཏམ་རྒྱུད་གོ་བདེ་ཀུན་ཕན་》ཞེས་པའི་སྐྱིད་པའི་ལོ་རྒྱུས་བཅུའི་ནང་“ཁྲིམས་ཡང་མེད་པའི་ལུང་བ་ན། ཕ་མེད་རྐུ་མག་ཇག་པ་སྐྱིད་”ཅེས་ཟེར་བ་ལྟར་ཁྲིམས་མེད་པའི་ས་ཁུལ་དུ་མ་རབས་རྣམས་ནི་“ཨ་ཕོ་སུ་བཟང་”གིས་ཚུལ་མིན་བྱ་བར་འཇུག་བགྱིས་པོ་ཡོད། དེན་བརྟེན་མི་ཐམས་ཅད་བག་ཕེབས་བདེ་ལྷོད་ཀྱི་སྐབས་མེད་པར་གསོད་རྡུང་འཕྲོག་བཅོམ་ལ་དོགས་ཟོན་ཁོ་ན་བྱེད་དགོས་རྐྱེན་སྐྱེས་པ་ཕོ་རྣམས་ལ་དཔའ་རྩལ་ཡོད་དགོས་པ་དང་། ཆོམ་རྐུན་ལ་ཕར་རྒོལ་བྱེད་རྒྱུ་ནི་ཕོ་གསར་རྣམས་ཀྱི་འོས་འགན་རེད་སྙམ་མོ།།
བཙན་པོ་སྲོང་བཙན་སྒམ་པོ་སྲིད་ཁྲིར་འཁོད་ནས་བོད་ཡོངས་ཀྱི་སྲིད་ཀྱི་ཁ་ལོ་བསྒྱུར་པའི་སྐབས་ཀྱང་དཔའ་རྩལ་ཆེ་བའི་སྐྱེ་བོ་རྣམས་ལ་གཞན་ལས་ལྷག་པའི་བརྩི་བཀུར་བྱེད་ཀྱི་ཡོད། དེ་ཡང་ཏུན་ཧོང་ཡིག་རྙིང་ལས་འབྱུང་བའི་བཙན་པོ་སྲོང་བཙན་སྒམ་པོའི་མཛད་རྗེས་མདོར་བསྟན་དུ་བཀོད་པའི་ནང“……འཇིགས་པ་ནི་མནན། བདེན་པ་ནི་བསྙེན། འཛངས་པ་ནི་བསྟོད།དཔའ་བོ་ནི་བཀུར། སྨོན་པར་ནི་བཀོལ།…… ”ཞེས་པར་གཞིགས་ན། བཙན་པོ་སྐུ་ངོ་མས་གཙོ་བྱས་དཔའ་བོ་ལ་བརྩི་བཀུར་ཞུ་བར་དོན་སྙིང་ཆེན་པོ་ལྡན་ཡོད་པ་སྟེ། མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་དར་རྒྱས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། དབང་བསྒྱུར་བའི་དབང་ཆ་སྲ་བརྟན་གཏོང་རྒྱུར་དཔའ་རྩལ་ལྡན་པའི་དམག་མི་སྲུང་སྐྱོབ་མཁན་མེད་ཐབས་མེད། དེ་ཡི་གལ་ཆེན་རང་བཞིན་དེ་དཔའ་མཛངས་ལྡན་པའི་བཙན་པོ་སྲོང་བཙན་སྒམ་པོས་མཁྱེན་ཏེ་ཁྲིམས་དྲུག་དྲུག་སོ་དྲུག་གི་བསྟོད་པ་གསུམ་གྱི་ནང་“དཔའ་བོ་ལ་སྟག་གིས་ཕམ་བསྟོད་ན། དཔའ་བོ་བྱས་པའི་དོན་མེད་”ཅེས་པ་དང་། ཡང་སྨད་པ་གསུམ་གྱི་ནང་“སྡར་མ་ལ་ཝ་ཞུས་མ་ཆད་ན། དཔའ་བོ་དང་སྡར་མའི་ཤན་མི་ཕྱེད་”ཅེས་པའི་ནང་དོན་གསལ་བར་བཀོད་ཡོད།
ཡང་། ཕྱིས་ཀྱི་ལོ་རྒྱུས་ཐོག་མཐོ་བོད་རྒྱལ་ཁབ་ཁ་འཐོར་ཏེ་སིལ་བུར་གྱུར་པའི་ཟང་ཟིང་གི་དུས་སྐབས་དེའི་ནང་ཧ་ལམ་ལུང་ཆུང་རེ་ལ་དཔོན་ཆུང་རེ་ཆགས་ནས་གཅིག་འོག་གཅིག་ལ་མ་འདུས་པར་ཕན་ཚུན་གཡུལ་འགྱེད་ཀྱི་བྱ་བའི་བརྟུལ་བཞུགས་འབའ་ཞིག་འཛིན་གྱི་ཡོད་པ་དུས་དེ་འདྲའི་ནང་དཔའ་བོ་རྩལ་དང་ལྡན་པ་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་ཀྱི་ཡོད་པ་དེ་ནི་ང་ཚོས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་ཐུབ་པའི《གེ་སར་རྒྱལ་པོའི་སྒྲུང་》ནང་ནས་མངོན་ཐུབ་ཀྱི་ཡོད་པ་མ་ཟད། དྲག་རྩལ་བསྡུར་ནས་མནའ་མ་རྩོད་ལེན་བྱེད་པའི་གཉེན་སྲོལ་དེའང་ང་ཚོས་མང་ཚོགས་ཀྱི་འཚོ་བ་དངོས་དང་དེ་བས་འབྲེལ་ཆེ་བའི་རྩོམ་རིག (དམངས་ཁྲོད་རྩོམ་རིག) 《གེ་སར་རྒྱལ་པོའི་སྒྲུང་》ནང་ནས་ཤེས་ཐུབ་ཀྱི་ཡོད། དེ་ཡང་། 《གེ་སར་རྒྱལ་པོའི་སྒྲུང་》ནང་། གླིང་གི་དཔའ་བོ་རྣམས་དཔོན་མོ་སིང་ལྕམ་འབྲུག་མོ་མནའ་མར་རྩོད་ལེན་བྱེད་སྐབས་དྲག་རྩལ་བསྡུར་ཡོད་པ་ནི་རི་ལ་རྟ་རྒྱུགས་འགྲན་པ་དང་། བྱ་ཁྱུང་རྒོད་ཉི་མའི་རོག་ཞང་སུས་འདུལ་ཐུབ་མིན་དྲག་རྩལ་འགྲན་རྗེས་གེ་སར་རྒྱལ་པོས་གཞན་ལས་ཁྱད་དུ་འཕགས་པའི་དཔའ་རྩལ་གྱིས་དཔོན་མོ་སིང་ལྕམ་འབྲུག་མོ་རྩོད་ལེན་བྱེད་ཐུབ་པ་བྱུང་ཡོད།
དེ་ལྟ་བུའི་གཉེན་སྲོལ་དེང་དུས་བོད་ཀྱི་སྤྱི་ཚོགས་ཐོག་ཆེར་མངོན་རྒྱུ་མེད་ཀྱང་། ཨ་མདོ་ས་ཁུལ་གྱི་གཉེན་སྟོན་སྐབས་ད་ལྟའང་རྟ་རྩེད་འགྲན་སྲོལ་ཡོད་པ་ནི་སྔར་ལུགས་དེའི་ཤུལ་བཞག་ཞིག་ཡིན་ནམ་སྙམ། དེ་ཡང་། ཆུ་ལ་མགོ་དང་ཤིང་ལ་རྩ་བའི་དཔེ་ལྟར་ལུགས་སྲོལ་གང་དང་ཅི་ཡིན་རུང་དེ་ལའང་ཐོག་མའི་འབྱུང་རྩ་རེ་ཡོང་ངེས་པས། ཨ་མདོའི་གཉེན་སྟོན་རྒྱུན་སྲོལ་ནང་རྟ་རྩེད་འགྲན་པ་དེའང་རྐྱེན་གང་ཡང་མེད་པར་སྤྲོ་བ་འཕེལ་ཆེད་ཀྱི་རྩེད་མོ་ཁོ་ནའི་དབང་གིས་ལུགས་སུ་དར་བ་མིན་སྙམ།
2. རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པ།
གངས་ཅན་བོད་ཀྱི་ལོ་རྒྱས་ཐོག་བྱུང་མྱོང་བའི་གཉེན་སྲོལ་གཞན་ཞིག་ནི་རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པ་དེ་ཡིན། དེ་ནི་འཛམ་གླིང་ཐོག་མཐོང་དཀའ་བའི་གཉེན་སྲོལ་གཅིག་ཡིན་ལ། རིག་གནས་འཕེལ་རྒྱས་ཆེ་བའི་མི་རིགས་སམ་ས་གནས་ལ་དར་བ་ལས། རྗེས་ལུས་ཅན་གྱི་མི་རིགས་སམ་ས་གནས་ལ་དར་ཐབས་མེད་པའི་གཉེན་སྲོལ་ཞིག་ཡིན། མི་རིགས་ཤིག་གམ་ས་ཁུལ་ཞིག་ལ་མི་དམངས་རྣམས་ཀྱིས་རིག་གནས་འཚོ་བར་དོ་སྣང་དང་། རིག་གནས་དར་ཁྱབ་ཆེན་པོ་ཡོད་ཚེ་མི་དམངས་ཀྱི་བྱ་སྤྱོད་གང་ཅིའི་ཐད་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ལགས། བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་སྲོལ་དེ་བྱུང་ཡོད་པའི་རྒྱུ་མཚན་ཡང་། བོད་མིས་ཁྱབ་པའི་ཡུལ་གྲུ་ཀུན་ཏུ་རིག་གནས་དར་ཁྱབ་ཆེ་ལ་ལོ་རྒྱུས་རིང་བའི་རིག་གནས་ཕུན་སུམ་ཚོགས་པོ་ལྡན་པ་ནི་ཚང་མས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་ཡིན་ཞིང་། ཕུན་སུམ་ཚོགས་པའི་རིག་གནས་དེས་མི་དམངས་ཀྱི་འཚོ་བར་ངོ་མཚར་བའི་ཕན་ཡོན་བསྐྲུན་པས་མི་དམངས་ཀྱི་སྤྱི་ཚོགས་འཚོ་བར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་ནི་སུས་ཀྱང་རྟོགས་ནུས། དེར་བརྟེན་རིག་གནས་ཤེས་བྱར་དོ་སྣང་བྱེད་པ་དང་། རིག་གནས་ཤེས་བྱ་དང་ལྡན་པའི་སྐྱེ་བོ་རྣམས་ལ་མཐོང་ཆེན་གུས་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་ལྟ་ཚུལ་ཞིག་ཆགས་ལ་བུ་མོར་མག་པ་བསུ་བའམ་བུ་མོ་མནའ་མར་སྟེར་སྐབས་ཁྱོ་བོ་དེར་ཤེས་བྱ་ཡོན་ཏན་ཡོད་དགོས་པའི་རེ་བ་ཞིག་ཐོན་པ་མ་ཟད། བུ་མོ་སློང་མཁན་གྱི་སྐྱེས་པ་རྣམས་རིག་པའི་རྩལ་འགྲན་ནས་ཡོན་ཏནཆེ་བར་བུ་མོ་མནའ་མར་སྦྱིན་པའི་སྲོལ་དེ་དར་བ་ཡིན། ང་ཚོས་བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་རྣམས་ལ་དབྱེ་ཞིབ་ནན་པོ་ཞིག་བྱས་ན་གོམས་སྲོལ་དེ་ཉིད་བྱུང་ཡོད་ངེས་ཡིན་པ་ཤེས་ཐུབ། གང་ལ་ཟེར་ན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་མཚོན་བྱེད་ཡིན་པ་དང་། མི་དམངས་ཀྱི་འཚོ་བ་ནི་རྩོམ་རིག་ཐམས་ཅད་ཀྱི་ཟད་མཐའ་མེད་པའི་གསར་རྩོམ་གྱི་འབྱུང་ཁུངས་ཏེ། དམངས་ཁྲོད་རྩོམ་རིག་ནི་འཚོ་བའི་ནང་གི་རང་བཞིན་རྣམ་པ་དང་དེ་བས་འབྲེལ་ཆེ་བ་ཞིག་ཡིན། དེ་ཡང་མཁས་པའི་དབང་པོ་ཀོའོ་ཨར་ཅིས་གསུངས་དོན་ངག་རྒྱུན་དུ་དར་ཁྱབ་སོང་བའི་དམངས་ཁྲོད་རྩོམ་རིག་མ་ཤེས་ན་ངལ་རྩོལ་མི་དམངས་ཀྱི་ལོ་རྒྱུས་དངོས་དེ་ཤེས་མི་ཐུབ་”ཅེས་པ་ལྟར་ཡིན། དེ་ཡང་གཙང་ཁུལ་དུ་དར་ཁྱབ་ཡོད་པའི་དམངས་སྒྲུང་《སྐས་ཤིང་བེ་》ཞེས་པ་དང་། 《ཆུ་རའི་འོག་གི་ཅི་ཙི་》ཞེས་པ་དེ་རིགས་ནི་བུ་མོ་མནའ་མར་སློང་སྐབས་ཀྱི་རིག་པའི་རྩལ་འགྲན་ཚུལ་བཀོད་པ་ཤ་སྟག་ཡིན། དེ་ཚོ་ལས་ང་ཚོས་ཤེས་ཐུབ་པར་ནོར་དངོས་ཕྱུག་མིན་དང་ཕྱིའི་རྣམ་པ་མཚར་མིན་ལ་མ་བལྟས་པར་བུ་མོའི་ཚེ་གང་གི་གཏན་གྲོགས་དེ་བློ་རིག་པ་སྤྱང་ཞིང་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པར་དགའ་བ་བྱེད་ཀྱི་ཡོད་པ་ཤེས་ཐུབ་ལ། བློ་རིག་བཀྲ་མིན་དང་། ཤེས་ཡོན་ཆེ་མིན་བརྟག་པའི་ཆེད་དུ་རིག་རྩལ་འགྲན་ནས་སུ་བཟང་བ་དེར་བུ་མོ་སྟེར་གྱི་ཡོད་པ་ཤེས་ཐུབ་བོ།།
དེ་ཡང་། བོད་ཀྱི་སྤྱི་ཚོགས་ཐོག་རིག་པའི་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་གཉེན་སྲོལ་དེ་ཡོད་པས་དམངས་སྒྲུང་ནང་དུའང་རྒྱལ་ཁབ་ཁག་གི་བློན་པོ་རྣམས་རིག་པ་འགྲན་པའི་རྣམ་པ་དེ་མངོན་པ་ལས། གཟུགས་མེད་གྲིབ་དང་མེ་མེད་དུ་བ་ཡོང་དོན་མེད་པའི་དཔེ་ལྟར་དངོས་ཡོད་འཚོ་བའི་ནང་དུ་མེད་པའི་གཉེན་སྒྲིག་གི་བྱ་ཚུལ་ནི་དམངས་ཁྲོད་རྩོམ་རིག་ནང་དུ་ཐོན་དཀའ་ལ། ལར་རྩོམ་པ་པོས་གསར་རྩོམ་བྱས་པའི་རྩོམ་རིག་ནང་དུ་ཐོན་ནའང་དེ་ནི་མི་རིགས་ཀྱི་ཁྱད་ཆོས་འཆོར་ཞིང་མི་དམངས་ཀྱི་རང་བཞིན་མི་ལྡན་པའི་རྩོམ་ཡིག་ཅིག་ཏུ་བརྩིའོ།།
རིག་པ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་སྲོལ་དེ་ལ་འགྱུར་བ་བྱུང་ཡོད་མེད་ཀྱང་། དེ་ལ་ཆུ་ཡི་འོལ་ཀ་འགྱུར་བ་ལྟར་གྱི་འགྱུར་བ་ནི་ཡོང་ཐབས་མེད་པ་གཅིག་རེད། དེ་ཡང་། གོམས་སྲོལ་གང་དང་ཅི་ཡིན་རུང་དུས་གང་མཚམས་ལ་ཆུ་ཡི་འོལ་ཀ་འགྱུར་བ་ལྟ་བུའི་འགྱུར་བ་འགྲོ་མི་ཐུབ་པར། མི་དམངས་ཀྱི་དཔལ་འབྱོར་འཚོ་བ་དང་། མི་དམངས་ཀྱི་བསམ་པ། དེ་བཞིན་འཁོར་ཡུག་གི་ཆ་རྐྱེན་བཅས་ལ་འགྱུར་བ་བྱུང་དེ་དང་བསྟུན་ནས་རིམ་བཞིན་འགྱུར་བ་འགྲོ་བ་ཞིག་ཡིན།འགྱུར་བ་དེའི་རྣམ་པ་ནི་མང་བར་མཆིས་མེད་ཀྱང་། གཙོ་བོ་ནི་ལུགས་སྲོལ་གཞན་གྱིས་ལུགས་སྲོལ་རྙིང་པའི་ཚབ་བྱས་ནས་རིམ་བཞིན་ལུགས་སྲོལ་རྙིང་པ་མིང་གི་ལྷག་མར་འགྲོ་བ་དང་། ཡང་ན་ལུགས་སྲོལ་རྙིང་པའི་གྲུབ་ཆ་ཁ་ཤས་ལ་འགྱུར་བ་བྱུང་ནས་གཞན་གྱིས་ཚབ་བྱེད་པའམ་གྲུབ་ཆ་ཁ་ཤས་མེད་པར་གྱུར་པ། ལུགས་སྲོལ་དེ་ལ་རིམ་པས་འགྱུར་བ་འགྲོ་བ་བཅས་ཡོད་པར་སྙམ། འོ་ན། རིག་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་བོད་ཀྱི་གཉེན་སྲོལ་དེར་འགྱུར་བ་གང་འདྲ་ཞིག་བྱུང་ཡོད་དམ་ཞེ་ན། ཁོ་བོའི་ལྟ་ཚུལ་ནི་རིམ་པས་འགྱུར་བ་བྱུང་བ་དེ་འདྲ་ཞིག་ཡིན། དེ་ཡང་། ཐོག་མར་རིག་པ་འགྲན་ནས་མནའ་མ་རྩོད་ལེན་བྱེད་སྐབས། རིག་པ་འགྲན་པ་པོ་ནི་བུ་མོ་མནའ་མར་འདོད་པའི་ཕོ་གསར་དེ་ཡིན་དགོས་པ་དང་། དེ་ལ་རིམ་བཞིན་འགྱུར་བ་བྱུང་ནས་བུ་མོ་སློང་མཁན་ཏེ་བུ་ཡི་སྐུ་ཚབ་རྣམས་ཡིན་དགོས་པ་དང་། དེ་ལའང་འགྱུར་བ་བྱུང་ནས། ད་ལྟ་དབུས་གཙང་ཁུལ་གྱི་ཞིང་འབྲོག་ས་ཁུལ་དུ་དར་ཁྱབ་ཡོད་པའི་གཉེན་སྟོན་དེ་ཡིན། གཉེན་སྟོན་གྱི་མཛད་སྒོའི་ནང་བུ་མོའི་དབུ་ལ་གཙུག་གཡུ་བཙུགས་སྐབས་དང་། མནའ་མ་བཞུགས་གྲལ་ནས་གདན་འདྲེན་སྐབས། བུ་མོ་ཁྱིམ་ནས་ཐོན་དུས་སྒོ་བཀག་བཏང་སྐབས། དེ་མིན་བུ་མོའི་བཞོན་རྟ་བཅས་ཀྱི་བཤད་པ་ཚང་མ་མནའ་མ་བསུ་མཁན་ངོ་ཐོན་གྱིས་བཏང་དགོས་པ་དང་། མནའ་མ་བུའི་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་སྐབས་འབབ་སྟེགས་དང་དཀར་རྡོ། ནག་རྡོ། སྒོ་སྐས། ཀ་གཞུ་གདུང་སོགས་ཁང་པའི་གྲུབ་ཆ་དང་། འཛུགས་ཁོག་གྲོ་སོ་ཕྱེ་མར། ཁྲུང་སྣོད་ལ་སོགས་པ་ཁང་པའི་སྒྲིག་ཆས་དང་། བུ་དང་མནའ་མ། བུ་ཡི་ཕ་མ། གཉེན་སློང་བ་པོའམ་བར་མི་ལ་སོགས་མཛད་སྒོའི་མི་སྣ་གཙོ་གྲས་རྣམས་ལ་བཤད་པ་ཕུལ་མཁན་ནི་མནའ་མ་སྐྱེལ་མཁན་གྱི་སྐུ་ཚབ་པ་ཞིག་ཡིན་དགོས་པ་བཅས་དང་། གཉེན་སྟོན་ནང་ཁྲུང་འདྲེན་མ་དང་། ། ཁྲུང་མཆོད་མཁན་གཉིས་ཁྲུང་བཀག་ནས་གླུ་ལ་རྩོད་སྲོལ་ཡོད་པ་དང་། ད་དུང་བུ་མོའི་སྐུ་ཚབ་དང་། བུ་ཡི་སྐུ་ཚབ་རྣམས་མཆོད་ཆང་མ་མཆོད་པར་སྐམ་ཐོག་ཕན་ཚུན་གཤགས་རྒྱབ་ནས་རིག་པའི་རྩལ་འགྲན་སྲོལ་ཡོད་པ་དེ་ཡིན་ནོ།།
ཡང་དཔེར་ན། མཚོ་སྔོན་ཡུལ་གྲུ་འགར་དམངས་ཀྱི་ངག་རྒྱུན་དུ་རིང་ནས་དར་ཞིང་ཁྱབ་པའི་གླུ་གཞས་《གཡང་དཀར་ལུག་གླུ་》ཞེས་པའི་སྙན་ཞིང་འཇེབས་པ་རྣ་བའི་བདུད་རྩི་ལྟ་བུ་ཞིག་ཡོད་པ་དེ་ནི་གཙོ་བོ་བག་སྟོན་གྱི་སྐབས་“མགྲོན་པོས་ལུག་སྙོག་པ(སློང་བ་)དང་གཞི་བས་ལུག་རྙེད་དཀའ་བའི་ཚུལ་བྱས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་སྙན་པའི་དབྱངས་དྲངས་ནས་ཀོ་རེ་བྱེད་པའི་གླུ”ཞིག་ཡིན། དེ་ལྟར་ཕན་ཚུན་གཤགས་འགྱེད་ཀྱི་དྲི་བ་དྲིས་ལན་བྱས་ནས་རིག་པ་འགྲན་པ་འདི་ཡང་སྔར་ལུགས་སུ་མཆིས་པའི་རིག་པའི་རྩལ་འགྲན་ནས་མནའ་མ་རྩོད་ལེན་བྱེད་པའི་སྲོལ་དེ་ལས་འགྱུར་བ་བྱུང་བའམ་དེའི་ཤུལ་བཞག་ཡིན་པར་ངོས་འཛིན་བྱ་མི་རུང་བ་གང་ཡང་མི་འདུག་སྙམ།
གོང་དུ་བོད་ཀྱི་གཉེན་སྲོལ་ལས་བུ་མོ་མནའ་མར་སྟེར་བའི་ཚུལ་ཁོ་ན་བཀོད་ཡོད་པས་བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་དངོས་ལ་ཤེས་རྟོགས་མེད་པའི་སྐྱེ་བོ་འགའ་ཤས་འཁྲུལ་སྣང་སྐྱེས་ཏེ་བོད་ཀྱི་གཉེན་སྲོལ་ལ་སྐྱེས་པ་བུ་ཁྱིམ་ཚང་གཞན་ལ་སྟེར་བའི་སྲོལ་མེད་པར་དགོངས་པ་དང་། དེ་ལས་ཆོད་རྩིས་ཀྱིས་བོད་རིགས་ཀྱི་སྲོལ་རྒྱུན་འདུ་ཤེས་ནང་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཡོད་པར་དགོངས་དོགས་ནས། གཤམ་དུ་གསལ་བཤད་ཕྲན་ཙམ་ཞུ་རྒྱུ་ལ་གངས་ཅན་བོད་ཀྱི་གཉེན་སྲོལ་ལ་བུ་མོ་མནའ་མར་སྟེར་བའི་ལུགས་སྲོལ་ཡོད་ལ། སྐྱེས་པ་མག་པར་སྟེར་བའི་གོམས་གཤིས་ཀྱང་མཆིས། ཁྱིམ་ཚང་ཞིག་གིས་བུ་ལ་མནའ་མ་བླངས་རྗེས་བུ་དེར་ཁྱིམ་ཚང་དེ་དང་གྲོང་པ་ཁྱིམ་མཚེས་ཚང་མས་“མག་པ་”ཞེས་འབོད་སྲོལ་མེད་པ་དེ་བཞིན། བུ་མོར་མག་པ་ཞིག་བླངས་རྗེས་བུ་མོ་དེར་“མནའ་མ་”ཞེས་འབོད་སྲོལ་མེད་པར་མནའ་མ་དང་མག་པ་ཞེས་པའི་མིང་གི་ཐ་སྙད་འདི་གཉིས་ནི་བུ་མོ་དང་བུ་དག་ཁྱིམ་གཞན་ལ་སྟེར་བའི་ཆེད་དམིགས་གསལ་གྱི་མིང་གི་ཐ་སྙད་ཡིན་ནོ།།
གཉིས་པ། བུ་སྤུན་མནའ་མ་ཐུན་མོང་དུ་ལེན་པའི་གཉེན་སྒྲིག་ལམ་སྲོལ་དེ་དར་ཁྱབ་ཆེ་མིན་ལ་མ་བལྟས་པར་བོད་ཀྱི་ལུགས་སུ་ཡོད།
སྤྱིར་བོད་མི་རིགས་ཀྱི་གཉེན་སྒྲིག་ལམ་སྲོལ་གྱི་གྲུབ་ཆ་གཙོ་བོ་དེ་ཁྱོ་གཅིག་ཤུག་གཅིག་གི་ལམ་སྲོལ་འདི་ཉིད་ཡིན་མོད་ཀྱང་། འགྲིམ་འགྲུལ་སྟབས་བདེ་མེད་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་ཡུལ་ལུང་འགར་ད་ལྟའི་བར་དུའང་ཕ་མ་གཅིག་ལས་སྐྱེས་པའི་སྤུན་མཆེད་ལ་མནའ་མའམ་མག་པ་ཐུན་མོང་དུ་ལེན་པའི་ལུགས་སྲོལ་ཡོད་པ་ཉན་བྱེད་རྣ་བའི་ཡུལ་དུ་མངོན་སུམ་འཆར་རྒྱུ་མཆིས་ནའང་། བློ་མཐུན་ཉུང་ཤས་ཀྱིས་མི་རིགས་ཀྱི་ལ་རྒྱ་འཆོར་དོགས་ནས་གཉེན་སྲོལ་དེ་ཉིད་བོད་ཀྱི་སྤྱི་ཚོགས་སུ་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་ཡོད་པ་དེ་ནི་ཕན་ཡོན་མེད་པའི་བརྗོད་ཚུལ་ཞིག་ཡིན་པར་བསམས། ང་ཚོས་བལྟས་ན་སྔར་ནས་ད་བར་ཡོད་བཞིན་པའི་གནད་དོན་འགའ་ཞིག་བྱུང་མེད་པར་སྨྲས་ནས་རང་ངོས་ཀྱི་ངོ་ཚ་འགྲིབ་པར་བྱེད་པ་དེས་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱ་རྒྱུ་ལྟ་ཅི། ལ་རྒྱ་ཤོར་བའི་ཉེན་ཁ་ཡོད་པར་སྙམ། གལ་སྲིད་མི་རིགས་ཀྱི་ལ་རྒྱ་ལ་བསམས་ནས་ཕྱག་ལས་གནང་མཁན་ཞིག་ཡིན་ཚེ་དེས་ངེས་པར་དུ་མི་རིགས་དེའི་མ་འོངས་མདུན་ལམ་དང་། རིག་གནས། དཔལ་འབྱོར་གྱི་འཕེལ་རྒྱས་སམ་སྤྱི་ཚོགས་འདི་པའི་འཕེལ་རྒྱས་ལ་དོ་སྣང་དང་ལྟ་རྟོགས་བྱེད་རྒྱུ་དེ་ཡིན།
བོད་མི་རིགས་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་པོའི་ནང་སྤུན་མཆེད་འགས་མནའ་མའམ་མག་པ་ཐུན་མོང་དུ་ལེན་པའི་ལོ་རྒྱུས་དངོས་བྱུང་ཡོད་པ་མ་ཟད། དེང་དུས་གཙང་ཁུལ་དང་སྟོད་ཁུལ་དུ་དར་ཁྱབ་ཆེ་བའི་གཉེན་སྲོལ་གྱི་ཡ་གྱལ་ཞིག་ཡིན། གཉེན་སྲོལ་ནི་དམངས་ཀྱི་ཀུན་སྤྱོད་ཞིག་ཡིན་པ་དང་ཀུན་སྤྱོད་ནི་སྤྱི་ཚོགས་ངེས་ཅན་ཞིག་གི་རྨང་གཞིའི་དཔལ་འབྱོར་གྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད། དེས་སྤྱི་ཚོགས་ཀྱི་རྨང་གཞིའི་དཔལ་འབྱོར་ངེས་ཅན་ཞིག་ལ་ཞབས་འདེགས་ཞུ་བ་རེད། འོ་ན། གཉེན་སྲོལ་འདི་ཉིད་བོད་དུ་དར་ཁྱབ་ཡོང་བའི་རྒྱུ་མཚན་ཡང་། ཁྱིམ་ཚང་གི་ཐོན་སྐྱེད་ནུས་ཤུགས་དང་། དཔལ་འབྱོར་འཚོ་བའི་ཐོག་ནས་སྤྱི་ཚོགས་ཀྱི་རྩ་བ་སྡེ་མཚན་གཅིག་གི་ནང་དུ་“ཡོང་བས་ཡོང་བ་དང་། ཟོར་བས་རྩས་མ” ཞེས་པའི་དཔེ་ལྟར་རང་ནུས་རྩལ་དུ་བཏོན་ནས་ཁྱིམ་གྱི་བདེ་སྐྱིད་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དེ་ཡང་། ཀ་བ་དུ་མས་གདུང་མ་གཅིག་མཉམ་བཏེགས་བྱས་ཏེ་ཁང་པའི་བརྟན་བརླིང་སྲུང་སྐྱོབས་བྱེད་པ་དེ་བཞིན་ཡིན། དེར་རྒྱུ་མཚན་མང་པོ་ཞུ་མི་དགོས་པར་བོད་ཀྱི་ངག་རྒྱུན་དུ་དར་ཞིང་ཁྱབ་པའི་གཏམ་“གྲོང་པ་ཁ་གྱེད་ན། སློང་མཁན་གཉིས”ཞེས་པ་དེ་མཁྱེན་ཚེ་ལུགས་སྲོལ་དེ་དར་བའི་རྒྱུ་མཚན་ཡང་རྟོགས་ངེས་ཡིན། དེས་ན་བུ་སྤུན་མནའ་མ་ཐུན་མོང་དུ་བསུ་མཁན་མང་ཆེ་བ་རྒྱུ་ནོར་གཞན་ལས་ཕྱུག་པ་ཡོད་ལ། རྒྱུ་ནོར་ཕྱུག་པའི་ཁྱིམ་ཚང་མང་ཆེ་བའི་བུ་སྤུན་རྣམས་མནའ་མ་ཐུན་མོང་དུ་བསུ་མཁན་ཤ་སྟག་ཡིན་པ་ནི་ང་ཚོས་ལུགས་སྲོལ་འདི་ཉིད་དར་ཁྱབ་ཡོད་པའི་སྤྱི་ཚོགས་ནས་མངོན་ཐུབ་བོ།།
གཤམ་དུ་བུ་སྤུན་མནའ་མ་ཐུན་མོང་དུ་བསུ་བའི་གཉེན་སྲོལ་དེ་ལ་མི་དམངས་ཀྱིས་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་པའི་སྐོར་བརྗོད་རྒྱུ་ལ། གཉེན་སྲོལ་འདི་ཉིད་དར་བའི་ཡུལ་ལུང་ཚང་མར་མི་དམངས་ཀྱིས་ལྟ་ཚུལ་ལ་ཕ་མར་གུས་ཞབས་ཆེ་བ། སྤུན་ཕན་ཚུན་སྤུན་དུང་ཆེ་བ་ཁྱིམ་ཚང་ལ་གྲོང་ཞེན་ཆེ་བའི་བུ་སྤུན་ཡོད་ཚེ་མནའ་མ་ཐུན་མོང་དུ་བསླངས་པའི་འབྲས་བུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཁྱིམ་ཞིག་ཡོང་བ་དང་དེ་ལས་ལྡོག་པའི་བུ་སྤུན་རྣམས་ལ་མནའ་མ་ཐུན་མོང་དུ་བསུས་ན་ཁྱིམ་ཚང་ཁ་ཐོར་དང་། བཀྲ་ཤིས་ཀྱི་འཚོ་བར་གེགས་བར་ཡོང་བའི་སྔ་ལྟས་ལྟ་བུར་བརྩི་ཡི་ཡོད། དེ་རིགས་ཀྱི་བུ་དེ་ལ་ཕ་མས་ཀྱང་སྔ་ས་ནས་རང་གི་མདུན་དུ་ཉར་རྒྱུའི་རེ་བ་བཅོལ་གྱི་མེད། དཔེར་ན་ཁྱིམ་ཚང་གཅིག་ལ་བུ་སྤུན་གསུམ་ཡོད་པ་ལས་ཁྱིམ་དུ་བུ་བར་པ་དེ་ཉར་རྒྱུའི་རེ་བ་བྱེད་ཀྱི་མེད་ཚེ། བུ་རྒན་པ་དང་གཞོན་པ་དེར་མནའ་མ་སློང་སྐབས་བུའི་ཁྱིམ་གྱིས་མནའ་མའི་ཕ་མར་སླད་བུ་བར་པ་ཁྱིམ་དུ་ཉར་རྒྱུའི་རེ་བ་བྱེད་ཀྱི་མེད། ཁོ་རང་གི་འགྲོ་སྟངས་ཁོ་རང་གིས་བྱས་ན་ཡག་ཤོས་དང་། དེ་མིན་ན་ང་ཚོ་ཕ་མས་འགྲོ་སྟངས་བྱེད་ཀྱི་ཡིན་ཞེས་གསལ་བཤད་བྱེད་ཀྱི་ཡོད་པ་མ་ཟད། གཉེན་སྟོན་སྐབས་བཞུགས་གྲལ་ནང་དུའང་བུ་བར་པ་དེ་སྒྲིག་སྲོལ་མེད་པར་གུ་གཡོག་བཏང་འཐུང་ཁོ་ནའི་ལས་ལ་འཇུག་དགོས་ཀྱི་ཡོད་ལ། གཉེན་སྟོན་རིང་གི་བག་ཉལ་ལའང་བུ་རྒན་པ་དང་གཞོན་པ་ན་རིམ་གྱིས་མནའ་མ་དང་མཉམ་དུ་ཉལ་བ་ལས་བུ་བར་པ་དེ་བག་ཉལ་ལ་འཇུག་སྲོལ་མེད། ཡང་མི་དམངས་ཀྱི་ལྟ་ཚུལ་ལ་བུ་སྤུན་འགའ་ལ་མནའ་མ་གཅིག་བསླངས་པ་ལས་བུ་གཅིག་གིས་གཅེས་གཅུང་དང་མཉམ་དུ་མནའ་མ་དེ་ཐུན་མོང་དུ་མ་སྤྱད་པར་སྒེར་སྤྱོད་བྱས་པའམ་ཡང་ན་མནའ་མ་དང་མཉམ་སྡོད་མ་བྱས་པར་རང་འདོད་ཀྱིས་བུད་མེད་གཞན་དང་དགའ་འདུ་བྱས་ཚེ། དེ་ནི་ཡབ་ཡུམ་ལ་གུས་ཞབས་མེད་པ་དང་། “སྐྱེས་པ” མེད་པ་ཞིག་ལ་བརྩི་ཡི་ཡོད། དེ་ལྟར་མི་དམངས་ཀྱི་ལྟ་ཚུལ་དེ་རྣམས་ལས་ཕ་མ་གཅིག་ལས་སྐྱེས་པའི་བུ་སྤུན་རྣམས་ལ་མནའ་མ་ཐུན་མོང་དུ་བསུ་བ་ནི་ཁྱབ་ཆེ་མིན་ལ་མ་བལྟས་པར་བོད་ཀྱི་སྤྱི་ཚོཊ་ཐོག་ཡོད་བཞིན་མཆིས་པའི་གཉེན་སྲོལ་གཅིག་ཡིན་པ་གོ་ཤེས་ཐུབ་བོ།།
དེ་མིན་བོད་རིགས་ཀྱི་དམངས་སྒྲུང་མང་པོའི་ནང་བུ་སྤུན་གྱིས་ཐུན་མོང་དུ་མནའ་མ་མཉམ་ལེན་བྱེད་པའི་སྒྲུང་ཡོད་ལ། དམངས་གཞས་ནང་དུའང་བུའམ་བུ་མོ་སྤུན་མཆེད་ཀྱིས་ཚེ་གྲོགས་མཉམ་བསུ་བྱས་ནས་ཁྱིམ་གཞིས་བསྐྱང་དགོས་པའི་ཁ་བརྡ་བསླབ་བྱ་བྱས་ཡོད་པ་ང་ཚོའི་འདྲེན་བྱེད་ཀྱི་བཅུད་དུ་སྨིན་ཐུབ་པ་ཞིག་ཡིན། དཔེར་ན། དམངས་གཞས་ནང་“ང་ཚོ་གཅིག་ལ་སྒྲིལ་ཤོག ང་ཚོ་གཉིས་ལ་སྒྲིལ་ཤོག ང་ཚོ་ཕ་མའི་བུ་ཕྲུག(ཡང་འགའ་ཤས་ཀྱིས། “ང་ཚོ་ཁ་བཏགས་དཀར་པོ་”ཞེས་ཟེར་) རྒྱུ་དང་སྤུན་ལ་སྒྲིལ་ཤོག”ཅེས་པ་ལ་སོགས་ལས་ང་ཚོས་གོ་ཐུབ་པར་ཕ་མ་གཅིག་ལས་སྐྱེས་པའི་བུ་སྤུན་ནམ་བུ་མོ་སྤུན་རྣམས་རྡོག་རྩ་གཅིག་ལ་སྒྲིལ་ནས་ཁྱིམ་ཚང་ཡག་པོ་བསྐྱང་དགོས་པའི་བསླབ་བྱ་མཚོན་འདུག་གོ།
བུ་སྤུན་མནའ་མ་སྤྱི་མའི་བུ་ཕྲུག་རྣམས་ཚང་མས་རང་གི་ཕ་རྣམས་ལས་རྒན་པར་པ་ཕ་དང་། བར་པར་ཨ་ཁུ། ཆུང་ཤོས་ལ་ཨ་ཆུང་ཞེས་འབོད་པའི་མིང་གི་ཐ་སྙད་མི་མཚུངས་པ་ཙམ་ལས་ཚང་མ་རང་གི་རུ་བཀུར་བ་དང་། བུ་སྤུན་ཚང་མས་ཀྱང་བུ་ཕྲུག་རྣམས་ཚང་མ་རང་གི་ཤ་རུས་ལས་འཆད་པར་འཛིན་ནས་དབྱེར་བ་མེད་པའི་བྱམས་བརྩེས་སྐྱོང་གི་ཡོད། གཞན་ཡང་བུ་སྤུན་ཚང་མར་བུ་ཕྲུག་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་ལ་བུ་ཕྲུག་གི་འཚོ་བ་དང་ལས་ཀའི་ཐད་ལ་ཐེ་ཇུས་བྱེད་པའི་དབང་ཆའང་ཡོད་པ་ནི་ལུགས་སྲོལ་འདི་ཉིད་དར་བའི་ཡུལ་ལུང་ཚང་མས་ཁས་ལེན་བརྩི་སྲུང་བྱེད་པ་ཞིག་ཡིན་ནོ།།
ཡང་ང་ཚོས་གཉེན་སྟོན་གྱི་ཐད་ནས་བུ་སྤུན་མནའ་མ་ཐུན་མོང་དུ་བསུ་བ་དེ་ལུགས་དང་ལུགས་མིན་གང་ཡིན་བརྟག་ན། ཁ་གསལ་གཏིང་གསལ་གྱི་བདེན་པའི་སྡོམ་ཚིག་ཅིག་ཐོབ་ངེས་རེད།
དེ་ཡང་། ཐོག་མར་གཉེན་སྒྲིག་སྟོན་མོའི་མཛད་སྒོ་སྤེལ་དགོས་པའི་དམིགས་ཡུལ་དང་དགོས་པ་གང་ཡིན་ཟེར་ན། གཉེན་སྟོན་སྤེལ་ནས་གཞོན་ནུ་གཉེན་དུ་སྒྲིག་པ་པོ་རྣམས་གཞོན་སོ་དཀར་ནས་རྒན་སྐྲ་དཀར་བར་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། མཛའ་མཐུན་དར་གྱི་མདུད་པ་ནམ་ཡང་མི་ལྷོད་པའི་འདུན་པ་མཚོན་པ་ཞིག་ཡིན་པ་དང་། དགོས་སུ་གཉེན་སྒྲིག་མཛད་སྒོ་སྤེལ་བར་བརྟེན་ཕོ་མོ་གཉེན་སྒྲིག་མཁན་ཚོས་དྲོ་སྐྱིད་ལྡན་པའི་ཁྱིམ་གསར་པ་ཞིག་བཟུང་བའམ་གཉེན་སྒྲིག་མཁན་ཕོ་མོ་གང་རུང་གི་ཕ་མས་བསྐྱངས་པའི་ཁྱིམ་དེའི་ཤུལ་འཛིན་མཁན་བཟའ་ཚོ་གསར་པ་ཐོན་པར་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད། དེས་ན་གཉེན་སྒྲིག་མཛད་སྒོ་ནི་སྤྱི་ཚོགས་ཐོག་བཟའ་ཚོ་གསར་པ་ཐོན་པའི་མཚོན་རྟགས་ཞིག་ཡིན། གཉེན་དུ་བསྒྲིགས་ནས་བཟའ་ཚོ་ཆགས་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དང་། འཚོ་བའི་རྩ་བའི་རྣམ་པ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་རིགས་རུས་འཆོལ་བར་མི་སྤྱོད་པའི་བྱེད་ཐབས་ཁྱད་དུ་འཕགས་པ་སྤྱི་ཚོགས་ཀུན་གྱིས་ཁས་ལེན་པ་དང་། བརྩི་སྲུང་བྱེད་པ་ཞིག་ཡིན་པས་དོན་ཆེན་དེ་ལྟ་བུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་དང་གསལ་བརྡ་ཡོང་ཆེད་དུ་གཉེན་སྟོན་དེ་སྤེལ་བ་ཡིན། དེ་ལྟར་གཉེན་སྟོན་སྤེལ་བས་སྤྱི་ཚོགས་ཀྱིས་ཀྱང་ཁོ་ཚོ་གཉེན་བསྒྲིགས་ནས་བཟའ་ཚོ་ཆགས་པ་དེ་ལུགས་མཐུན་ཡིན་པར་ཁས་ལེན་དང་། གདེང་འཇོག་བཟང་པོ་ཞིག་བྱེད་ཀྱི་ཡོད།
དེ་ལྟར་གཉེན་སྟོན་སྤེལ་བའི་དགོས་པ་དང་དམིགས་ཡུལ་ཤེས་རྟོགས་བྱུང་རྗེས། བུ་སྤུན་ལ་མནའ་མ་ཐུན་མོང་དུ་བསུ་བའི་སྐབས་ཀྱི་གཉེན་སྟོན་ལ་ལྟ་ཞིབ་རགས་ཙམ་བྱས་ན། ཐོག་མར་བུ་མོ་བཙལ་སྐབས་བུ་རྒན་པ་དེ་ལས་མནའ་མ་ལོ་ཆུང་བ་བཙལ་གྱི་ཡོད་པ་དང་། བུ་རྒན་པའམ་བུ་ལས་བུ་མོ་ལོ་རྒན་པ་བྱུང་ན་དེ་ནི་མི་ཤིས་པའམ་དམན་པར་བརྩི་ཡི་ཡོད་པའི་རྒྱུ་མཚན་ཡང་། བུ་ཆུང་བ་དེ་ཚོའི་ལོ་ལ་བལྟ་རྟོགས་བྱས་པ་ཡིན་པར་སྙམ་གྱི་ཡོད། གང་ལྟར་ནའང་བུ་སྤུན་མནའ་མ་སྤྱི་བསུ་བྱེད་སྐབས་བུ་མོའི་ལོ་དེ་བུ་རྒན་གཞོན་ཚང་མའི་ན་ཆོད་དང་བསྟུན་གང་ཐུབ་བྱེད་ཀྱི་ཡོད་པ་ལས་བུ་རྒན་པ་དེ་ཁོ་ནའི་ལོ་ཁམས་ལ་བསྟུན་ནས་མནའ་མ་བསུ་ཡི་མེད། ཡང་གཉེན་སྟོན་སྐབས་ཀྱི་བཞུགས་གྲལ་སྒོར་མོའི་ནང་གྲལ་མགོར་བུ་རྒན་པ་དེ་སྡོད་པ་དང་། དེའི་འོག་བུ་སྤུན་ཇི་ཙམ་མཆིས་པ་དེ་ཙམ་ན་རིམ་གྱིས་གྲལ་དུ་སྒྲིག་པ། བུ་ཆུང་ཤོས་དེའི་གཤམ་དུ་མནའ་མ་སྡོད་པ། དེའི་གཤམ་དུ་བུའི་ཕ་མ། བུ་མོ་སྐྱེལ་མཁན་ལ་སོགས་རིམ་པས་གྲལ་ལྟར་རུ་སྒྲིག་གི་ཡོད་(འོན་ཏེ་ཕ་མས་ཁྱིམ་དུ་ཉར་རྩིས་མེད་པའི་བུ་དེ་རིགས་ཁྱིམ་ཚང་དེའི་ནང་མི་གཞན་དང་འདྲ་བ་ལས། བཞུགས་གྲལ་དུ་མི་འཁོད་ལ། བུ་སྤུན་གཞན་རྣམས་ལྟར་གྱི་གོ་གནས་ཐོབ་ཐང་མེད་དོ་) སྒོས་སུ་བཞུགས་གྲལ་ལ་བཤད་པ་ཕུལ་མཁན་གྱིས་གྲལ་འགོ་ནས་རིམ་པས་བཤད་པ་ཕུལ་སྐབས་བུ་སྤུན་རྣམས་དང་མནའ་མ་ལ་བཤད་པ་ཕུལ་བ་སླད་དུ་ཁྱིམ་གྱི་ནང་བཀྲ་ཤིས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ལ། དེ་དུས་བཀྲ་ཤིས་བཟང་བ་བརྗོད་པའི་སྔགས་བརྗོད་ཕུལ་བ་ཡང་མང་པོ་ཡོད། ཡང་དགོས་གཉེན་སྟོན་རིང་གི་བག་ཉལ་གྱི་གོ་རིམ་ནི་བཞུགས་གྲལ་དུ་འཁོད་པའི་བུ་སྤུན་རྣམས་ན་རིམ་གྱིས་མནའ་མ་དང་མཉམ་དུ་ཉལ་སྲོལ་ཡོད་པ་དེ་ཡིན། མདོར་ན། བུ་སྤུན་ལ་མནའ་མ་བསུ་བའི་གཉེན་སྟོན་གྱི་འགྲོ་ལུགས་དེ་ཚོ་ནས་ང་ཚོས་ཤེས་ཐུབ་པར། བུ་སྤུན་ལ་མནའ་མ་ཐུན་མོང་དུ་བསུ་མཁན་ཁྱིམ་དེས།། སྤྱི་ཚོགས་དང་གྲོང་པ་ཁྱིམ་མཚེས་ཚོར་བུ་སྤུན་ལ་མནའ་མ་གཅིག་ཐུན་མོང་དུ་བསུས་ནས་བཟའ་ཚོ་ཆགས་པ་ཡིན་ཞེས་ཁྱབ་བསྒྲགས་དང་གསལ་བརྡ་བྱས་པ་མཚོན་ཐུབ་པས་བུ་སྤུན་ལ་མནའ་མ་ཐུན་མོང་དུ་བསུ་བ་དེ་དར་ཁྱབ་ཆེ་མིན་ལ་མ་བལྟས་པར་བོད་ཀྱི་གཉེན་སྒྲིག་ལུགས་སྲོལ་ལ་ཡོད་པ་གསལ་བཤད་ཐུབ་བོ།།
ཞར་དུ། བློ་མཐུན་འགའ་ཤས་ཀྱིས་གཉེན་སྲོལ་འདི་དང་འབྲེལ་ཡོད་ཀྱི་གནད་དོན་གཅིག་ལ་ཡང་མི་དག་པའི་བརྗོད་ཚུལ་འདུག་པ་དཔེར་ན། ཕྱི་རྒྱལ་བ་འགའ་ཤས་དང་རྒྱ་རིགས་བློ་མཐུན་འགའ་ཤས་ཀྱིས་བོད་ཀྱི་གཉེན་སྲོལ་ལ་བུ་སྤུན་ལ་མནའ་མ་ཐུན་མོང་དུ་ལེན་སྐབས་བུ་མོ་དེ་ཁྱིམ་ཚང་ཆེ་བའམ“རིགས་རྒྱུད་མཐོ་བ་” ལས་སློང་ཐབས་བྱེད་ཀྱི་ཡོད་ཅེས་བརྗོད་ནས། ཧ་ཅང་སྟབས་བདེ་པོས་དེའི་རྒྱུ་མཚན་ནི་བུ་མོའི་གནས་བབས་མཐོ་བས་བུ་སྤུན་ཚང་མར་མཐོ་གནོན་བྱེད་ཆེད་དུ་ཡིན་ཟེར་བ་དང་། ཡང་འགའ་ཤས་ཀྱིས་བུ་མོའི་ཁྱིམ་གྱི་རྒྱུ་དངོས་ལ་རྔམས་ནས་སློང་བ་རེད་ཅེས་ཟེར་བ་དེ་རིགས་ལ་ཁོ་བོ་འདོད་པ་མ་ཡིན་ཏེ། མི་རིགས་གཞན་གྱི་སྐྱེ་བོའི་ལྟ་ཚུལ་ལྟར་ན་ཧ་ཅང་འདྲ་ཆགས་པོ་འདྲ་ཡོང་ངེས་ཀྱང་།ང་ཚོས་བྱ་དངོས་དེ་ཉིད་དར་ཁྱབ་ཡོད་པའི་ཡུལ་ལུང་འདི་པའི་མི་དམངས་ཀྱི་ལྟ་ཚུལ་དངོས་དང་དེ་དང་འབྲེལ་ཡོད་ཀྱི་ལུགས་སྲོལ་རྣམས་ལ་དཔྱད་པ་ཞིག་བྱེད་དུས་གོང་གསལ་བརྗོད་ཚུལ་དེ་དག་ཁོ་རང་ཚོའི་རྒྱལ་ཁབ་བམ་མི་རིགས་ནང་གནས་ཚུལ་དེ་རིགས་ལྷགས་ཡོད་པས་དེའི་ལྟ་ཚུལ་བློ་ལ་རྩ་ཟབ་སྡོང་བརྟན་ཞིག་བྱུང་ཡོད་པས་“རང་མྱོང་མི་ཇུས་གཏིང་བར་མཁས་”ཞེས་པའི་དཔེ་ལྟར་ཞྭ་དཔེ་ལྷམ་འགེབས་ཀྱིས་བླུན་རྟགས་བབ་ཅོལ་འདི་རིགས་བརྗོད་པ་ཙམ་ལས། གནས་ཚུལ་དངོས་མ་རྟོགས་ཤིང་བོད་ཀྱི་བུ་སྤུན་ལ་མནའ་མ་སྤྱི་བསུ་བྱེད་པའི་ཡུལ་གྱི་སྤྱི་ཚོགས་ལ་ཡང་དག་པའི་བལྟ་ཞིབ་བྱས་ནས་བྱུང་བའི་འབྲས་བུ་ཞིག་ཡེ་ནས་མིན། བོད་རིགས་ཀྱི་རྒྱུན་སྲོལ་ལྟ་ཚུལ་ལ་ཁྱིམ་ཚང་ཆེ་བའམ“རིགས་རྒྱུད་མཐོ་བའི་”སྐྱེ་བོ་ཚང་མ་བྱ་བ་གང་ཐད་སྤྱོད་ལུགས་བཟང་བར་དགོངས་ཀྱི་ཡོད། དཔེར་ན“སྐྱེས་སས་ཡར་འཐེན། སྤྱོད་པས་མར་འཐེན”ཞེས་པ་ལས་ཀྱང་“སྐྱེས་ས་མཐོ་བ”ཡིན་པ་ན་སྤྱོད་པའང་བཟང་པོ་ཡོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་གོ་ཐུབ། དེར་བརྟེན་བུ་སྤུན་མང་པོར་མནའ་མ་ཐུན་མོང་དུ་བསུ་སྐབས་“སྐྱེས་ས་མཐོ་བ”ཡི་བུ་མོ་དེ་རིགས་བཙལ་ཐབས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཡང་། མནའ་མ་ཐུན་མོང་དུ་བླངས་ནས་བུ་སྤུན་ཚང་མར་བསྟུན་ཐབས་བྱེད་དགོས་པར་བརྟེན་བུ་མེད་སྤྱོད་ལུགས་མཁས་པ་དེ་རིགས་མནའ་མར་བསུས་ཏེ་ཁྱོ་བོ་ཚང་མར་ཡོ་ཁྱོག་དབྱེར་བ་མེད་པའི“བརྩེ་དུང་”འཛིན་ནས་ཁྱིམ་དུ་འཚོ་བ་མཉམ་སྐྱེལ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་མཚོན་པ་ལས་བུ་མོས་བུ་སྤུན་ཚང་མ་མཐོ་གནོན་བྱེད་ཆེད་དུ་ག་ལ་ཡིན། མི་དམངས་ཀྱི་ལྟ་ཚུལ་འདིར་རྒྱུ་མཚན་མེད་པ་མ་ཡིན་ཏེ། གཉེན་སྒྲིག་ལུགས་སྲོལ་འདི་ཉིད་དར་བའི་ཡུལ་ལུང་ཚང་མར་ཁྱིམ་ཚང་ཆེ་བའི་བུ་སྤུན་རྣམས་ལ་མནའ་མ་ཐུན་མོང་དུ་བསུ་མཁན་མང་ལ། བུ་སྤུན་ལ་མནའ་མ་ཐུན་མོང་དུ་བསུ་མཁན་གྱི་ཁྱིམ་ཚང་མང་ཆེ་བ་རྒྱུ་ནོར་གྱིས་ཕྱུག་པའི་ཁྱིམ་ཚང་ཤ་སྟག་ཡིན། དེས་ན་ཁྱིམ་ཚང་དེ་རིགས་ཀྱི་བུ་མོ་ཀྱང་སོ་སོའི་ཕ་མ་སྤུན་མཆེད་ཀྱི་གཉེན་སྒྲིག་བྱ་ལུགས་དང་ཁྱིམ་གཞིས་འཛིན་ཚུལ་རྣམས་དངོས་སུ་མཐོང་ཐོས་བྱུང་ཡོད་པས། དེ་དག་ལས་ཀྱང་མྱོང་ཚོར་བསླབ་བྱ་འདྲ་ལོན་ངེས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ལགས། དེར་བརྟེན་བོད་མི་མང་པོའི་ལྟ་ཚུལ་ལ་ཁྱིམ་ཚང་ཆེ་བའི་བུ་མོ་དེ་བུ་སྤུན་གྱི་ཐུན་མོང་གི་མནའ་མར་བྱུང་ན་ཁྱོ་བོ་ཚང་མར་བསྟུན་མཁས་པས། དེ་ལ་བརྩོན་ལེན་དང་རེ་བ་བྱེད་པའི་བྱ་སྤྱོད་དེ་བྱུང་བ་ཡིན།
སྤྱིར་བོད་རིགས་ཀྱི་ལུགས་ལ་བུའི་ཁྱིམ་ནས་བུ་མོའི་ཡབ་ཡུམ་ལ་ནུ་རིན་ཕྲན་ཙམ་དང་། བུ་མོའི་ཡུམ་ལ་སྤང་གདན་གཅིག་སྤྲོད་སྲོལ་ཡོད་པ་མ་གཏོགས། རྒྱ་མི་རིགས་ལྟར་གྱི་གཉེན་རྟེན་འདི་དང་འདི་དགོས་ཡོད་ཅེས་ཧ་ལམ་ཤ་རུས་ལས་འཆད་པའི་བུ་མོ་དེས་རིན་ཆེན་རྒྱུ་ནོར་ཉོ་བའི་ངང་ཚུལ་དེ་བོད་རིགས་ཀྱི་ལུགས་ལ་མེད་པ་དང་། བུ་མོ་མནའ་མར་སྟེར་སྐབས་བུ་མོའི་སྐལ་རྫོང་རྣམས་བུ་མོའི་ཕ་མས་གང་གནང་བ་དེ་ལས་བུའི་ཁྱིམ་གྱིས་སྟེར་སྒོ་འདི་དང་འདི་དགོས་ཡོད་ཅེས་རེ་བ་སྟོན་སྲོལ་མེད་པ་དེ་ནས་ཀྱང་ཁྱིམ་ཚང་ཆེ་བའི་བུ་མོ་བཙལ་འདོད་པའི་ལྟ་ཚུལ་ནི་རྒྱུ་དངོས་ལ་རྔམས་པ་མིན་པ་ཤེས་ཐུབ་ཀྱི་ཡོད། དེ་ཡང“ རྒྱུ་ཕྱུག་ན་སེར་སྣ་ཆེ”ཞེས་པའི་ངག་རྒྱུན་ལྟར་རྒྱུ་ཕྱུག་པའི་ཁྱིམ་ཚང་གི་བུ་མོ་དེའི་སྐལ་རྫོང་ཆེ་བའི་ངེས་པ་མེད་དོ། ། བོད་མི་རིགས་ཀྱི་ཁྲོད་དུ་མནའ་མའམ་དགའ་རོགས་བཙལ་སྐབས་བུ་མོའི་ངང་རྒྱུད་རིང་མིན་དང་། ལས་འཇོན་སྟངས་ཆེ་མིན་ལ་བལྟས་པ་ལས་བུ་མོའི་ཕྱི་རྣམ་པ་དང་། རྒྱུ་ཕྱུག་མིན་ལ་གཙོར་འཛིན་བྱེད་ཀྱི་མེད། ལྷག་པར་དུ་བུ་སྤུན་ལ་མནའ་མ་ཐུན་མོང་དུ་བསུ་སྐབས་དེ་བས་བུ་མོའི་ནང་གི་བསམ་པ་བཟང་མིན་གཙོ་དོན་དུ་བཟུང་གི་ཡོད་པ་ནི་གཉེན་སྲོལ་འདི་ཉིད་དར་ཁྱབ་ཡོད་པའི་སྤྱི་ཚོགས་འཚོ་བའི་ཐོག་ནས་མངོན་ཐུབ་བོ།།
ང་ཚོས་ཤེས་རྟོགས་དགོས་པར། མི་རིགས་གང་འདྲ་ཞིག་ཡིན་རུང་དེར་རང་རང་གི་འཇིག་རྟེན་ལྟ་ཚུལ་དང་། ཕུགས་བསམ། ཀུན་སྤྱོད་ཀྱི་དཔེ་ཚད་འཛིན་ས་བཅས་ཡོད་ངེས་ཡིན་པས། རང་མི་རིགས་ཀྱི་དཔེ་ཚད་དེ་ཁྱེར་ནས་གཞན་མི་རིགས་ཀྱི་རིག་གནས་ལ་ཚོད་འཇལ་བྱེད་པ་དེ། ཀུན་གྱིས་དོར་བྱར་འོས་པའི་རིག་པའི་དཔྱད་ཐབས་ཤིག་ཡིན། ང་ཚོས་ངེས་པར་དུ་བློ་རྩར་བཟུང་དགོས་པ་ནི་མི་རིགས་གང་གི་རིག་གནས་ག་གེ་མོ་བརྗོད་པར་འདོད་ཚེ།ངེས་པར་མི་རིགས་དེ་པའི་སྤྱི་ཚོགས་ཀྱི་རིག་གནས་གཞན་ལ་ཤེས་རྟོགས་དགོས་པ་མ་ཟད། དེའི་རྨང་གཞིའི་སྟེང་བློ་དྲང་ཟོལ་མེད་ཀྱི་བསམ་པ་ཁྱེར་ཏེ་རིག་པས་དཔྱད་བྱས་ན་དོན་དངོས་དང་ཐུན་པའི་དྲང་བདེན་གྱི་སྡོམ་ཚིག་ཅིག་ཐོབ་ཐུབ། དེ་ལས་ལྡོག་སྟེ་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ཆ་ཙམ་ལའང་རང་ཉིད་ངོ་མས་ཉམས་ཞིབ་མེད་པར་གོ་ཐོས་ཁོ་ནའི་རྗེས་སུ་འབྲངས་ཏེ་རང་མི་རིགས་ཀྱི་ལུགས་སུ་ཡོད་པའི་གནད་དོན་དག་ཁྱེར་ཏེ་བྱ་དངོས་ཀྱི་གནས་བབ་ལ་བསམ་གཞིགས་མ་བྱས་པར་ར་མགོ་ལུག་བསྒར་གྱིས་གཞན་གྱི་ཀུན་སྤྱོད་ལ་ཚོད་འཇལ་བྱས་ན། དེས་རྒྱུ་མཚན་དངོས་དེ་བཤད་མི་ཐུབ་བོ།།
གསུམ་པ། འཁྲིག་སྤྱོད་དང་གཉེན་སྲོལ་དབར་གྱི་དབྱེ་བ་གསལ་པོ་ཕྱེ་དགོས།
དེ་ཡང་། ད་ཕན་བོད་ཀྱི་གཉེན་སྲོལ་བརྗོད་སྐབས་ཡོངས་གྲགས་སུ་བོད་རིགས་ཀྱི་གཉེན་སྲོལ་ལ་ཕ་བུས་མནའ་མ་ཐུན་མོང་དུ་སྤྱོད་པའམ་མ་དང་བུ་མོས་མག་པ་ཐུན་མོང་དུ་སྤྱོད་པ་དང་། གྲོགས་པོས་(གྲོགས་མོས)མནའ་མ (མག་པ) ཐུན་མོང་དུ་སྤྱོད་པ། འབྲེལ་མེད་རྒྱུད་མེད་ཀྱི་ཁྱོ་བོ་གཉིས་ཀྱིས་མནའ་མ་ཐུན་མོང་དུ་སྤྱོད་པ་ལ་སོགས་ལུགས་སྲོལ་ཡོད་ཅེས་ལྐུགས་པའི་ཨུ་ཚུགས་དང་འོལ་ཚོད་ཟུང་དུ་བྱས་ནས་བླུན་གཏམ་བབ་ཅོལ་སྤྱི་ཚོགས་ཐོག་འུར་གྱིས་བསྒྲགས་པ་ནི་མི་འཐད་པར་སྙམ།
ཁྱིམ་གཅིག་གི་ནང་དུ་བུད་མེད་གཅིག་ལ་ཕ་བུ་གཉིས་ཀས་སྤྱད་པའམ་སྐྱེ་བོ་གཅིག་མ་དང་བུ་མོས་མཉམ་འཛིན་བྱས་པ་རྒྱུ་མཚན་དུ་བྱས་ནས་བོད་རིགས་ཀྱི་གཉེན་སྲོལ་ལ་ཕ་བུས་མནའ་མ་མཉམ་སྤྱོད་བྱེད་པའམ། མ་དང་བུ་མོས་ཁྱོ་བོ་མཉམ་སྤྱོད་བྱེད་པའི་ལུགས་སྲོལ་ཡོད་ཅེས་བརྗོད་ན། དེ་ནི་ལུགས་སྲོལ་གྱི་མཚན་ཉིད་ལས་ཡོངས་སུ་འགལ་བ་ཞིག་ཡིན་ཏེ། བྱེ་བྲག་དམིགས་བསལ་ཅན་འགའ་རེ་ཡོད་ངེས་པ་དེ་དག་མི་རིགས་གཅིག་གམ་ས་ཁུལ་གཅིག་གི་ལུགས་སྲོལ་ཡིན་ཞེས་བརྗོད་པ་ནི་ཤིན་ཏུ་མི་འཐད་དེ། དཔེར་ན། འདོད་རྔམས་ཅན་གྱི་སྐྱེ་བོ་ཞིག་གིས་གཞན་ལ་གསེར་སོགས་རིན་ཆེན་ཡོད་པ་རིག་ནས་འདོད་པའི་དབང་གིས་མི་ཚེ་སྲོག་ལ་གནོད་འཚོ་བཏང་ནས་གསེར་དངུལ་རྣམས་རྐུ་བཅོམ་བྱས་པ་དེ་རྒྱུ་མཚན་དུ་བྱས་ནས་ཡུལ་དེར་མི་ཡིས་མི་གསོད་པའི་ལུགས་སྲོལ་ཡོད་ཅེས་བརྗོད་ན་མཚན་ཉིད་དང་འགལ་བ་དེ་བཞིན་པ་ཕའི་ལོག་གཡེམ་གྱིས་བུ་ཡི་མནའ་མ་བདག་གིར་སྤྱད་པའི་མ་རུང་བྱ་སྤྱོད་དེ་བོད་རིགས་ཀྱི་གཉེན་སྲོལ་ཡིན་ཞེས་བརྗོད་ན། དེ་ནི་ཡིན་མིན་གྱི་དབྱེ་འབྱེད་མ་བཏང་བར་དགོས་པའི་དབང་དུ་བརྗོད་པ་ཞིག་ཡིན་པར་སྙམ། ཕ་བུས་མནའ་མ་ཐུན་མོང་དུ་སྤྱོད་པ་དེ་བོད་རིགས་ཀྱི་ལུགས་སྲོལ་མིན་ཞེས་བརྗོད་པའི་རྒྱུ་མཚན་ལྟ་སྟེ། དང་པོ་མནའ་མ་བསུ་སྐབས་ཀྱི་གཉེན་སྟོན་མཛད་སྒོ་དེའི་ཐོག་ནས་བཤད་ན། གཉེན་སྟོན་སྐབས་བུ་ཡི་ཕ་ལ་བུ་འདི་པའི་ཕ་ཡི་གོ་གནས་ཐོབ་ཐང་ལས། གཉེན་སྒྲིག་མཁན་བཟའ་ཚོ་གསར་པའི་གོ་གནས་ཐོབ་ཐང་མེད་པ་མ་ཟད། སྟོན་མོའི་ནང་ཕ་དེའི་བྱ་སྤྱོད་དམིགས་བསལ་ཆེ་བ་མེད་པར་བུ་དང་མནའ་མ་གཙོ་བོར་འཛིན་པའི་བྱེད་སྒོ་ཞིག་ཡིན། དེ་ཡང་། དབུ་གཙང་ཁུལ་གྱི་གནའ་བོའི་གཉེན་སྟོན་གྱི་སྲོལ་ལ། བུ་ཞིག་ལ་མནའ་མ་བསུ་སྐབས་ཐོག་མར་བུ་དང་། བུ་མོའི་ལོ་རྟགས་མཐུན་མིན་རྟགས་དགོས་པ་ལས་བུའི་ཕ་དང་བུ་མོའི་ལོ་རྟགས་མཐུན་མིན་བརྟགས་སྲོལ་མེད་པ་དང་གཅིག ཡང་། གཉེན་སྟོན་སྐབས་བཞུགས་གྲལ་ཐོག་གྲལ་མགོར་བུ། དེ་རྗེས་མནའ་མ། དེའི་འོག་བུ་ཡི་ཕ་མ། དེའི་འོག་བུ་མོ་སྐྱེལ་མ་སྡོད་པ་སོགས་རིམ་པ་བཞིན་གྲལ་ལྟར་རུ་སྒྲིག་སྲོལ་ཡོད་པའི་ནང་། བུ་ཡི་ཕ་དེ་བུ་འདི་པའི་ཕ་ཡིན་པས་བཞུགས་གྲལ་མནའ་མའི་གཤམ་འོག་ཏུ་འཁོད་པ་ལས། མནའ་མའི་ཁྱོ་བོ་ཡ་གྱལ་གཅིག་ཡིན་པའི་རྒྱུ་མཚན་གྱིས་བཞུགས་གྲལ་དུ་འཁོད་པ་རྩ་བ་ནས་མིན་པ་དང་། བཞུགས་གྲལ་ལ་བཤད་པ་ཕུལ་མཁན་གྱིས་བཤད་པ་ཕུལ་བས་བུ་ཡི་ཕ་དེར་བུ་ཡི་ཕ་ཡིན་པའི་བཤད་པ་ཕུལ་བ་དང་། སྐུ་ཚེ་རིང་པོ་ཡོང་བའི་སྨོན་ཚིག་ཞུ་བ་ལས། ཁྱོ་བོ་ཡིན་པ་དང་མནའ་མ་དང་གཉེན་སྡེབ་པ་ལས་བུ་ནོར་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་བཤད་པ་ཕུལ་སྲོལ་མེད་པ་དང་གསུམ། ལྷག་དོན་བུ་མོ་མནའ་མར་བསུ་བའི་གཉེན་སྟོན་སྐབས་བག་ཉལ་ལ་བུ་དེ་ཉལ་བ་ལས། མནའ་མ་དེ་ཕ་བུ་སྤྱི་པའི་ཡིན་ཞེས་ཕ་དེའང་མནའ་མ་དང་མཉམ་དུ་བག་ཉལ་ལ་འཇུག་སྲོལ་མེད་པ་དང་བཞི་བཅས་རྒྱུ་མཚན་དེ་རྣམས་ལས་ང་ཚོའི་བློ་ཡུལ་དུ་ཕ་བུས་མནའ་མ་མཉམ་སྤྱོད་བྱེད་པ་དེ་བོད་རིགས་ཀྱི་གཉེན་སྲོལ་མིན་པ་ཤེས་ཐུབ་ལ་ཕ་བུས་མནའ་མ་མཉམ་སྤྱོད་བྱས་ནས་ས་བོན་བཏབ་པའི་འབྲས་བུ་བུ་ཕྲུག་སྨིན་པ་དེས། བུའི་ཕ་དེ་ལ་སྤོ་བོ་ཞེས་འབོད་པ་ལས་པ་ཕ་ཞེས་འབོད་སྲོལ་མེད་པ་དེ་ནས་ཀྱང་ཕ་བུས་མནའ་མ་མཉམ་སྤྱོད་བྱས་པ་དེ་བོད་རིགས་ཀྱི་ལུགས་སྲོལ་མིན་པ་ཤེས་ཐུབ།
ཕ་བུས་མནའ་མ་མཉམ་སྤྱོད་བྱེད་པའི་རྣམ་པ་གཞན་གིག་ལ་ཕ་ཡིས་བཟའ་ཟླ་འཇིག་རྟེན་འདི་རུ་བུ་ཞིག་བོར་བཞག་ནས་འཇིག་རྟེན་ཕྱི་མར་བྱོན་པའི་ཁྱིམ་ཚང་ཆེས་ཉུང་ཤས་ནང་། ཕ་དེས་བཟའ་ཟླ་གོང་མ་དེའི་ཤུལ་འཛིན་མནའ་མ་གསར་དུ་བསུས་ནས་ཁྱོ་ཤུག་ཏུ་སྡེབ་པའི་སྐབས། བཟའ་ཟླ་གོང་མས་བཞག་པའི་བུ་དེའང་རིམ་བཞིན་ཆེར་བསྐྱེད་ནས་འཇིག་རྟེན་གྱི་བྱ་བར་འཇུག་མཚམས་ཁྱིམ་གྱི་དཔལ་འབྱོར་དང་། བདེ་སྐྱིད་ཀྱི་འཚོ་བར་ཉམས་གུད་དང་བར་ཆད་མི་ཡོང་བའི་ཆེད་དུ་བུ་དེས་ཀྱང་ཕ་ཡི་མནའ་མ་མཉམ་སྤྱོད་བྱས་པ་ཡིན། དེ་ནི་བོད་རིགས་ཀྱི་ལུགས་དང་མཐུན་པའི་གཉེན་སྲོལ་ཡེ་ནས་མིན་པར་ཁྱིམ་ཚང་ཆེས་ཉུང་ཤས་ཀྱི་ཐབས་མེད་འུ་ཐུག་གི་བྱ་སྤྱོད་ཞིག་ཡིན། གལ་སྲིད་བུ་དེས་རང་འདོད་ཀྱིས་བུ་མོ་གཞན་དང་གཉེན་བསྡེབས་ནས་འཚོ་བ་ཁེར་སྐྱེལ་བྱས་ཚེ་ཁྱིམ་ཚང་དེའི་ཁང་སྟེང་གི་རླུང་དར་ནས་སྒོ་ཡི་ཐེམ་པ་ཡན་ཆད་ཀྱི་ནོར་དངོས་པོ་ཡོད་ཚད་དུམ་བུ་གཉིས་སུ་བགོ་དགོས་ཀྱི་ཡོད་པས་དཔལ་འབྱོར་ལ་ཉམས་གུད་ཡོང་བ་དང་། ལྷག་པར་དུ་བུ་དེ་རང་ལ་མནའ་མ་གཞན་ཞིག་བསུས་ན་གཅིག་ཏུ་ཁྱིམ་ཚང་གཅིག་གི་ནང་ཤ་རུས་ཀྱི་འབྲེལ་བ་མེད་པའི་ཕྱོགས་ཁ་གསུམ(༡. ཕ་དང་བུ ༢. ཕ་ཡི་བཟའ་ཟླ། ༣. བུ་ལ་བསུས་པའི་མནའ་མ་)ཆགས་ཀྱི་ཡོད་པ་དང་གཉིས་སུ་ཕ་དང་བཟའ་ཟླ་གཉིས་ལ་རྗེས་སྐྱེས་བུ་ཚ་བྱུང་བ་དེ་ཚོ་ལའང་སླད་མར་མནའ་མ་བསུ་རན་མཚམས་མནའ་མ་དེའང་ཁྱིམ་ཚང་དེའི་ནང་གི་མི་དང་ཤ་རུས་ཀྱི་འབྲེལ་བ་མེད་པ་ཞིག་བསུ་དགོས་པས་དེ་ལྟར་ཤ་རུས་ཀྱི་འབྲེལ་བ་མེད་པའི་མི་མང་པོ་ཐབ་གཅིག་ལ་འཁོར་ནས་ཟླ་ནས་ཟླ་དང་ལོ་ནས་ལོ་བར་འཚོ་བ་མཉམ་སྐྱེལ་བྱས་ཚེ་ཁྱིམ་གྱི་བདེ་སྐྱིད་འཚོ་བ་ལ་བར་ཆད་ཡོང་ངེས་ཡིན་པ་ནི་སུས་ཀྱང་རྟོགས་ནུས། རྒྱུ་མཚན་དེ་རྣམས་ལ་བརྟེན་ནས་ཕ་བུས་མནའ་མ་མཉམ་སྤྱོད་བྱས་པ་དེ་ནི་ལུགས་མཐུན་མིན་སྐྱེ་བོ་ཉུང་ཤས་འུ་ཐུག་ནས་བྱ་སྤྱོད་དེ་ཉིད་ལ་འཇུག་པ་ཡིན་པའང་“ སྡུག་ན་མ་རུང་སྤྱོད་ལ་འཇུག་” ཅེས་པ་ལྟར་ཡིན། སྒོས་སུ་ཕ་བུ་དེ་གཉིས་ཀྱིས་མནའ་མ་མཉ མ་སྤྱོད་བྱས་པའི་བྱ་སྤྱོད་དེ་སྤྱི་ཚོགས་ལ་ཁྱབ་བསྒྲགས་དང་གསལ་བརྡ་བྱས་མེད་(ཕ་བུས་ཐུན་མོང་དུ་གཉེན་སྟོན་སྤེལ་མེད) པས་དེ་ལ་སྤྱི་ཚོགས་ཀྱིས་ལུགས་མཐུན་ཡིན་པའི་འདེང་འཇོག་དང་ཁས་ལེན་ཡོང་གི་མེད་ལ་མནའ་མར་སྐྱེས་པའི་བུ་ཕྲུག་གིས་མནའ་མ་མཉམ་སྤྱོད་མཁན་གྱི་ཕ་བུ་གཉིས་ལས་བུ་དེ་ལ་གཅེན་པོ་ཞེས་འབོད་པ་ལས་པ་ཕའམ་ཨ་ཁུ་ཞེས་བརྗོད་སྲོལ་མེད། དེར་བརྟེན་བོད་རིགས་ཀྱི་གཉེན་སྲོལ་ལ་ཕ་བུས་མནའ་མ་ཐུན་མོང་དུ་སྤྱོད་པའི་ལུགས་སྲོལ་ཡོད་ཅེས་བརྗོད་པ་ནི་བདེན་རྫུན་གྱི་དབྱེ་འབྱེད་མེད་པར་གང་བྱུང་དུ་འཆལ་གཏམ་འབའ་ཞིག་བརྗོད་པ་ལགས་སོ།།
བོད་ཀྱི་གཉེན་སྲོལ་ལ་གྲོགས་པོས་མནའ་མ་མཉམ་དུ་བསུ་བའི་ལུགས་སྲོལ་ཡོད་ཅེས་བརྗོད་པ་དེའང་ལུགས་སྲོལ་གྱི་མཚན་ཉིད་ལས་འགལ་བའི་བབ་ཅོལ་ཞིག་ཡིན་པར་སྙམ། སྤྱིར་ན་བོད་ཀྱི་སྤྱི་ཚོགས་ནང་གྲོཊ་པོས་མནའ་མ་ཐུན་མོང་དུ་སྤྱོད་མཁན་མཐོང་རྒྱུ་ཤིན་ཏུ་དབེན་པ་ཧ་ལམ་ཉིན་མོའི་སྐར་མའི་མཐུན་གྲོགས་སུ་ངེས་པ་མ་ཟད་བོད་ཀྱི་སྤྱི་ཚོགས་ཡོངས་ལ་གྲོགས་པོས་མནའ་མ་མཉམ་སྤྱོད་བྱེད་མཁན་རེ་གཉིས་ཡོད་པའི་དབང་དུ་བྱས་ནའང་། དེ་ཚོའང་དཔལ་འབྱོར་དང་གང་ཅིའི་ཐད་ཐབས་ཟད་འུ་ཐུག་གིས་མནའ་མ་མཉམ་སྤྱོད་བྱས་པ་ལས་བོད་ལུགས་ལ་གཉེན་སྲོལ་དེ་འདྲ་མཆིས་པས་ཕ་མེས་ཀྱི་ལུགས་ལྟར་མནའ་མ་ཐུན་མོང་དུ་སྤྱད་པ་མིན། ཁོ་ཚོའི་དམིགས་ཡུལ་ནི་དཔལ་འབྱོར་དང་། ངལ་རྩོལ་ནུས་ཤུགས་ལ་སོགས་འཚོ་བ་ཁོ་ནའི་དོན་དུ་ཡིན་པ་དེ་ལ་སྤྱི་ཚོགས་ཀྱིས་ལུགས་མཐུན་ཡིན་པའི་འདེང་འཇོག་བཟང་པོ་ཞིག་ཐོབ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོ་ཚོའི་བྱ་སྤྱོད་དེ་ནི་ལས་ཀྱི་ཐ་མ་ཡིན་པར་འཛིན་གྱི་ཡོད། གོ་གོ་བའི་རྣ་རྩ་དང་། རིག་རིག་གི་མིག་རྩའི་བཅུད་དུ་སྨིན་ཆེད་ལུགས་སུ་བཞག་སོང་ཚེ་འཇིག་རྟེན་འདི་ན་ལུགས་དང་ལུགས་མིན་གྱི་དབྱེ་བ་མ་མཆིས་པར་བྱ་བ་ལས་ཚད་དང་། བསམ་པའི་ཁྱེར་བཟོ་མཐའ་དག་ཀུན་གྱིས་ཁས་ལེན་བརྩི་སྲུང་བྱེད་པའི་ལུགས་སྲོལ་ཡིན་པར་ངེས་ལ། བྱ་སྤྱོད་མཐའ་དག་རུང་དང་མ་རུང་གི་དབྱེ་འབྱེད་མེད་པར་བཟང་ངན་གང་ཡང་སྤེལ་དུ་རུང་བ་དང་། བྱ་སྤྱོད་མ་རུང་བ་ངན་པ་སྤེལ་ན་ཡང་དེ་ནི་ཀུན་གྱིས་ཁས་ལེན་བརྩི་སྲུང་བྱེད་པའི་ལུགས་སྲོལ་ཡིན་པས་རུང་བར་ངེས། དེ་ལྟར་འདྲེན་བྱེད་རྣ་བས་མཐོང་ཐོས་བྱུང་ཚད་ལུགས་སུ་བཞག་ན། འདས་ལོའི་ཚགས་པར་ཞིག་གི་ཐོག་ཏུ་རྒྱལ་ཁབ་གཅིག་གི་གླང་རྫི་བས་བ་མོ་གཅིག་དང་གཉེན་བསྡེབ་བྱ་རྒྱུའི་“ཆང་སའི་ལག་ཁྱེར་”བླངས་ཡོད་ཅེས་འཁོད་པ་དེ་ལས། རྒྱལ་ཁབ་དེའམ་མི་རིགས་དེའི་ལུགས་སྲོལ་ལ་སྐྱེ་བོ་དང་བ་གླང་གཉེན་བསྡེབ་བྱེད་པའི་སྲོལ་ཡོད་ཅེས་བརྗོད་ཀྱང་མི་འགྲིག་པ་གང་ཡང་མིན་འདུག འོན་ཏེ་ལུགས་སྲོལ་གྱི་ཁོངས་སུ་མིག་གིས་མཐོང་ཚད་དང་། རྣ་བས་ཐོས་ཚད། ལག་ཏུ་ལོན་ཚད་ཚང་མ་མི་གཏོགས་པར། ངེས་པར་དུ་སྤྱི་ཚོགས་དང་མི་དམངས་ཀྱི་དབུས་སུ་དར་ཁྱང་ཡོད་པ་ཞིག་དགོས་ལ་མི་དམངས་ཀྱིས་ཁས་ལེན་བརྩི་སྲུང་བྱེད་པ་ཞིག་དགོས་པ་ནི་ཚང་མས་རྟོགས་སླ། དེར་བརྟེན་གོང་དུ་བརྗོད་པའི་སྐྱེ་བོ་ཆེས་ཉུང་ཤས་ཀྱི་ལུས་ལ་ལྷག་པའི་སྡུག་བསྔལ་གྱི་རང་བཞིན་ལྡན་པའི་ཡ་ངའི་སྤྱོད་ཚུལ་གྲོགས་པོས་མནའ་མ་མཉམ་སྤྱོད་བྱས་པ་དེ་བོད་རིགས་མི་དམངས་ཀྱིས་ཁས་ལེན་བརྩི་སྲུང་བྱེད་པའི་ལུགས་སྲོལ་ཡིན་ཞེས་བརྗོད་པ་ནི་བཞད་གད་ཁོ་ནའི་རྒྱུ་ལས་ཕན་འབྲས་ཀྱི་དྲི་མ་སྤུ་ཙམ་ཡང་མ་མཆིས་པའི་བླུན་གཏམ་ཞིག་ཡིན་པ་ཤེས་རྟོགས་ཐུབ་བོ།།
བློ་མཐུན་འགའ་ཤས་ཀྱིས་བོད་ཀྱི་གཉེན་སྲོལ་ལ་ཤ་རུས་ཀྱི་གཉེན་ཉེའི་འབྲེལ་བ་མེད་ལ་གྲོགས་པོའང་མིན་པའི་སྐྱེས་པ་ཁ་ཤས་ཀྱིས་མནའ་མ་མཉམ་སྤྱོད་བྱེད་པའི་གོམས་གཤིས་ཡོད་ཅེས་བརྗོད་པ་མ་ཟད། ཁོ་ཚོས་ཡུལ་ལུང་འདི་ན་ཁྱིམ་ཚང་འདི་འདྲ་ཞིག་ཡོད་ཅེས་ཁུངས་སུ་དྲངས་པའི་ཁུལ་བྱེད་ཀྱི་ཡོད། ཁོ་པ་ཚོས་ཁུངས་སུ་དྲངས་པའི་དུད་ཚང་ཚང་མ་ནི་དམིགས་བསལ་གྱི་གནས་ཚུལ་ལྷག་པ་ཤ་སྟག་ཡིན། དཔེར་ན། ཁོང་ཚོས་ཁུངས་དྲངས་པ་ལ། ཡུལ་྾ ྾ ན་བུད་མེད་྾ ྾ཟེར་བ་གཅིག་ཡོད་པ་དེས་རང་གི་ཁྱོ་བོ་ཁྱིམ་དུ་མ་སྡད་པའི་སྐབས། ཁྱོ་བོ་གཞན་ལ་བསུ་བ་ཞུས། ཁྱོ་བོ་དེ་ལས་ཀྱང་སྣེ་ལེན་གྱི་གོང་ལེན་གྱི་ཡོད་ཅེས་བརྗོད་པ་དང་། ཡང་ན་ཡུལ་྾ ྾ན་བུད་མེད་྾ ྾ཟེར་བ་གཅིག་ཡོད་པ་དེས། རང་གི་ཁྱོ་བོ་ཁྱིམ་དུ་བསྡད་མེད་པའི་སྐབས་ལྐོག་ཏུ་ཁྱོ་བོ་གཞན་དང་ལུས་འབྲེལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དེ་ཚོ་ཁུངས་སུ་བྱས་ནས་བོད་རིགས་ཀྱི་ཁྲོད་དུ་འབྲེལ་མེད་རྒྱུད་མེད་ཀྱི་སྐྱེས་པས་མནའ་མ་མཉམ་སྤྱོད་བྱེད་པའི་སྲོལ་ཡོད་ཅེས་བརྗོད་ཀྱི་ཡོད། དེ་ནི་ཁོ་པ་ཚོས་བརྩམ་པའི་རྩོམ་ཡིག་དེ་ཁྱད་མཚར་པོ། ཡ་མ་གཟུགས་འདྲ་བྱུང་ན་བོད་རིགས་ཀྱི་སྤྱི་ཚོགས་དངོས་ལ་ཤེས་རྟོགས་མེད་པའི་སྐྱེ་བོ་འགས་ཡིད་ཆེས་བྱེད་པ་དང་དགའ་པོ་བྱེད་ཀྱི་ཡོད་པས། དེའི་ཆེད་དུ་མིན་པ་ཡིན་པར་བཀོད་ནས་དོན་དངོས་ལ་སྒྲོ་བཏགས་བྱས་ཏེ་རང་སྒེར་ལྟོ་གོས་གཏམ་གསུམ་ལ་དམིགས་པ་ཡིན་པར་སྙམ། འོ་ན། དེ་འདྲ་བའི་བྱ་སྤྱོད་དེ་བོད་ཀྱི་གཉེན་སྲོལ་མིན་ཞེས་པའི་རྒྱུ་མཚན་ཡང་། ཐོག་མར་དེ་འདྲའི་བྱ་སྤྱོད་ལ་འཇུག་མཁན་དེ་ཚོ་ཡ་ང་བའི་འཚོ་བ་ལ་སྤྱོད་དགོས་ཀྱི་ཡོད་པས་ཐབས་མེད་པར་ཚུལ་མིན་བྱ་བ་དེ་ལ་འཇུག་པ་ཡིན། དེ་ཡང་སྐྱེ་བོ་ཀུན་གྱིས་མཁྱེན་གསལ་ལྟར་རྒྱལ་ཁབ་བམ་མི་རིགས་གང་འདྲ་ཞིག་ཡིན་རུང་། དེ་ཡི་སྤྱི་ཚོགས་ནང་མི་དམངས་ཀྱི་འཚོ་བ་ལ་དབུལ་ཕྱུག་གི་དབྱེ་བ་གནམ་ས་ཆོད་པ་ལྟ་བུ་ཡོད་པ་དང་། དབུལ་པོ་ལ་ལ་ནི་རང་རང་གི་ལག་ཏུ་ཡོད་པའི་རྒྱུ་དངོས་ཀྱིས་འཚོ་བ་སྐྱེལ་ཐབས་མེད་པར་ངོ་ཚའི་རྣམ་པ་སྤངས་ཏེ་ཁྲོམ་གཞུང་དང་ཟ་ཁང་སོགས་ལ་སློང་མོར་འགྲོ་ཡི་ཡོད་པ་དང་། འགའ་ཤས་ཀྱིས་རང་གི་གླུ་དང་ཞབས་བྲོ། གཏམ་བརྗོད་ལ་སོགས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་། ཡང་འགའ་ཤས་ཐབས་མེད་འུ་ཐུག་ནས་ཁྲེལ་མེད་ཀྱི་མ་བྱིན་ལེན་གྱི་བྱ་བར་འཇུག་གི་ཡོད། ཡང་བུད་མེད་འགའ་ཤས་ནི་རང་གི་ལུས་ཀྱི་མཛེས་ཆོས་སོགས་ལ་སྟུན་ཏེ་གཞན་ལ་སྨད་བཙོངས་ཏེ་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད་པ་ལ་སོགས་ཐབས་དབུལ་བའི་རྣམ་པ་སྣ་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དེ་ཚོ་ས་ཕྱོགས་གང་སར་མངོན་རྒྱུ་ཡོད་པ་ནི་སྨོས་ཅི་དགོས། མདོར་ན་ཡུལ་སྲོལ་གོམས་གཤིས་སྨྲ་འདོད་ཚེ་གང་ལ་ལུགས་སྲོལ་བྱ་བ་ཤེས་དགོས་པ་ནི་ལྷག་པར་གལ་ཆེ་ལ་ལུགས་སྲོལ་དང་བྱ་སྤྱོད་གཉིས་ཀྱི་འབྲེལ་བ་ཡང་རྟོགས་དགོས་པ་ནི་ལུགས་སྲོལ་སྨྲ་བ་པོའི་རྩ་བའི་ཆ་རྐྱེན་ཡིན། སྤྱིར་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཡོད་པ་དང་། མང་ཚོགས་ཀྱིས་ཁས་ལེན་བརྩི་སྲུང་བྱེད་པའི་བྱ་སྤྱོད་དང་བསམ་པའི་འཁྱེར་བཟོ་མཐའ་དག་ལུགས་སྲོལ་ཡིན་པ་དང་། བྱ་སྤྱོད་ལ་རུང་དང་མ་རུང་གཉིས་སུ་མཆིས་པ་ལས་མི་དམངས་ཀྱི་ལྟ་ཚུལ་ལ་བྱ་རུང་བའི་བྱ་སྤྱོད་རྣམས་ཧ་ལམ་ལུགས་སྲོལ་དུ་གཏོགས་ལ་དམངས་ཀྱི་ལྟ་ཚུལ་ལ་བྱ་མི་རུང་བའི་བྱ་སྤྱོད་དེ་ལུགས་སྲོལ་དུ་མི་གཏོགས་པ་ཞིག་ཡིན། དེས་ན་བུད་མེད་ཅིག་གིས་བྱ་མི་རུང་བའི་བྱ་སྤྱོད་ལ་ལྐོག་སྤྱོད་བྱས་པ་དེ་ལུགས་སྲོལ་མིན་པ་ནི་རྟོགས་སླའོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1