ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་ཚོགས་ཆེན་ཡིག་ངོས་གཏམ་བཤད་ཁྲོད་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་ལ་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-11


        མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་བསམ་གཞིག་འགའ་ཞེས་པ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་ཆེན་གྱི་ཡིག་ངོས་གཏམ་བཤད་ཀྱི་གྲས་སུ་ཚུད། ཁོས་གཏམ་བཤད་ཁྲོད་མཚོ་སྔོན་བོད་ཁུལ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་དངོས་གཉེར་གྱིས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན།
        བསམ་ཚུལ་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་འཁུར་དང་རྒྱབ་སྐྱོར་འོག་ཏུ། མཚོ་སྔོན་གྱིས་གོམ་སྟབས་བརྟན་པོས་སློབ་གསོའི་ལམ་ལུགས་བཅོས་སྒྱུར་བྱས་ཤིང་། ཞིང་འབྲོག་ཁུལ་དང་བོད་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་ཁ་གཏད་ནས། ཞིང་སྡེ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་དང་འཚོ་བའི་ཁ་གསབ་སྟེར་བའི་ལམ་ལུགས་གཏན་འབེབ་བྱས་པ་དང་། མཚོ་སྔོན་ལྷོ་ཕྱོགས་སུ་དགེ་རྒན་གཏོང་པ་དང་། དགེ་ཐོན་གྱི་སློབ་མར་ལས་གནས་གཏན་འབེབ་བྱེད་པ། བོད་རྒྱ་སྐད་གཉིས་ཁ་ཕྱོགས་སུ་བཟུང་ནས་དགེ་ཐོན་གྱི་སློབ་མར་གཞུང་དངུལ་གྱིས་གསབ་སྦྱོང་བྱེད་པའི་ཚོད་ལྟ་གསོ་སྦྱོང་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དངོས་འབེབ་བྱས་ནས། མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་མོད། འོན་ཀྱང་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་དང་མཁར་གྲོང་འཕེལ་རྒྱས་དོ་མཉམ་མིན་པའི་བཀག་རྒྱའི་དབང་གིས། སློབ་གསོའི་སྤུས་ཚད་དང་ཆུ་ཚད་མི་མཐོ་བའི་གནད་དོན་ལ་རྩ་བའི་རང་བཞིན་གྱི་ཐག་གཅོད་བྱེད་ཐུབ་མེད། ལྷག་པར་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཕྱོགས་ནས་དཀའ་ངལ་རེ་འགར་འཕྲད་ཡོད། སློབ་གྲྭ་ཆུང་འབྲིང་གི་རོལ་དབྱངས་དང་རྩལ་སྦྱོང་། མཛེས་རྩལ་སོགས་ཀྱི་བསླབ་ཚན་དགེ་རྒན་ཆད་ལྷག་ཤོར་ཡོད། བཅའ་སྡོད་སློབ་གྲྭའི་ཆེད་འགན་འཁུར་བའི་དགེ་རྒན་གྱི་བྱ་བའི་འཁུར་བོ་ཤིན་ཏུ་ལྕི། དེ་མིན་དགེ་རྒན་དཔུང་སྡེ་འཁོར་རྒྱུགས་ལ་འཐུས་ཤོར་བྱུང་བ་དང་།  ཆེད་ལས་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཐད་ལ་གནད་དོན་བྱུང་ཡོད།
        རྡོ་རྗེ་རབ་བརྟན་གྱིས་བསམ་ཚུལ་ལྟར་ན། རྒྱལ་ཁབ་ཀྱིས་བོད་ཁུལ་དགེ་རྒན་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་ཤུགས་ཚད་ཆེར་གཏོང་པ་དང་། མཚོ་སྔོན་བོད་ཁུལ་གྱི་སྒྲིག་གཞི་ཆུང་བའི་སློབ་གྲྭ་དང་སློབ་སྒྲུབ་ལྟེ་གནས་སུ་ཆེད་ལས་གཅིག་ལ་འཇོན་ནུས་སྣ་མང་ཅན་གྱི་ས་གནས་རང་གི་དགེ་རྒན་སྐྱེད་སྲིང་བྱེད་པ་དང་། མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་གསོ་སྦྱོང་གི་སྲིད་ཇུས་དང་མ་དངུལ་གཏོང་ཚད་ཤུགས་ཆེར་གཏོང་པ། གསབ་སྦྱོང་ལ་ཤུགས་བསྣན་ནས་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་པ། དགེ་ཐོན་སློབ་གྲྭའི་ཆེད་ལས་སྙོམས་སྒྲིག་དང་སློབ་ཁྲིད་བཅོས་སྒྱུར་བྱེད་པ་དང་། མཐོ་འབྲིང་ནས་བཟུང་རྨང་གཞིའི་རོལ་དབྱངས་དང་ལུས་རྩལ།མཛེས་རྩལ་སོགས་ཆད་ལྷག་ཤོར་བའི་བསླབ་ཚན་འཚོལ་ཞིབ་བྱས་ནས་ལོ་གསུམ་ལ་གཞུང་ངོས་ནས་དགེ་ཐོན་སློབ་མ་གསོ་སྦྱོང་བྱེད་པའི་བྱ་བའི་སྒྲིག་གཞི་འཛུགས་པ། མཚོ་སྔོན་བོད་ཁུལ་གྱི་ཆེད་ལས་མི་སྣ་མི་འདང་པའི་གནད་དོན་ཐག་གིས་གཅོད་པ། ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ཆེར་བཏང་ནས། མཐའ་འཁོབ་ས་ཁུལ་གྱི་ཆུ་ཚད་དང་བྱ་བའི་ལྗིད་ཚད་ཀྱི་ཁྱད་པར་ལ་དམིགས་ནས་འཚོ་བའི་ཁ་གསབ་དང་ལས་རྐང་ཁ་གསབ་སྟེར་དགོས། རྒྱལ་ཁབ་རིམ་པ་ནས་དགེ་རྒན་དཔུང་སྡེའི་ནུས་པ་མཐོར་འདེགས་བཟོ་སྐྲུན་ཤར་ནུབ་མཐུན་སྦྱོར་ནང་རྐྱེན་བཙུགས་ནས། ཁ་གཏད་རོགས་སྐྱོར་དང་། ཆེད་གནད་གསོ་སྦྱོང་། ལས་འཁུར་སྦྱོང་བརྡར། ལས་གཉེར་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས། ཕྱོགས་ཡོངས་ནས་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་ནུས་པ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1