༄༅།། བསྟན་པ་སྔ་དར་ལ་གྲགས་ཆེ་བའི་དཀར་ཆག་ལྡན་དཀར་མ་འདི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐུ་དུས་སུ་བཞེངས་ཞེས་པའི་འདོད་ཚུལ་ཐད་ཀྱི་དོགས་དཔྱོད།

ཆུ་སྐྱེས་དགེ་འདུན་བསམ་གཏན། ཚེ་རིང་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 03-19


 ཆུ་སྐྱེས་དགེ་འདུན་བསམ་གཏན། ཚེ་རིང་འཚོ།
          [ནང་དོན་གནད་བསྡུས།] བསྟན་པ་སྔ་དར་ལ་གྲགས་ཆེ་བའི་《དཀར་ཆག་ལྡན་དཀར་མ་》འདི་བཀའ་བསྟན་གྱི་དཀར་ཆག་ཐོག་མ་ཡིན་མིན་ཐད་ཁ་ཅིག་མཁས་མཆོག་བུ་དང་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱི་བཞེད་པ་ལྟར་《དཀར་ཆག་ལྡན་དཀར་མ་》དང་པོར་བཞེད་པ་དང་། ཁ་ཅིག་འཇམ་མགོན་སི་ཏུ་རིན་པོ་ཆེ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱི་བཞེད་པ་ལྟར་《དཀར་ཆག་འཕང་ཐང་མ་》དང་པོར་བཞེད་པའི་དགོངས་པ་མི་འདྲ་བ་གཉིས་བྱུང་བས་སྐབས་འདིར་བཞེད་ལུགས་དང་པོ་འདི་བདེན་པར་ར་འཕྲོད་པ་ལ་ལུང་རིགས་གཉིས་དཔང་དུ་བཞག་སྟེ་དཔྱད་པ་བཏང་ཡོད་དོ།།
          [བརྡ་ཆད་གཙོ་བོ།] དཀར་ཆག་ལྡན་དཀར་མ། དཀར་ཆག་མཆིམས་ཕུ་མ།  དཀར་ཆག་འཕང་ཐང་མ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   G256.1
          [ཡིག་ཚང་མཚན་བྱང་།]   A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0124-11
དང་པོ། དཀར་ཆག་ཆེན་མོ་གསུམ་གྱི་ཐོག་མ་གང་ཡིན་གྱི་ཐད་མཁས་པ་གོང་མ་རྣམས་བཞེད་པ་མི་མཐུན་པའི་སྐོར་གྱི་ལུང་ཚིག
          ཏུན་ཧོང་ཡིག་རྙིང་P.T 1085པར། “ཕོ་བྲང་ལྷན་ཀར་ནས།།  འབྲུགྀ་ལོ་འྀ་དགུན་སླ་འབྲིང་པོ་འྀ་ངོ་ལ་བཀྱེ་འི་ཕྱག་རྒྱ་ཕོག་སྟེ།”① ཞེས་དང་།  《ལྡེའུ་ཆོས་འབྱུང་བསྡུས་པ་》རུ།  “འདུས་སྲོང་མང་པོ་རྗེའི་སྲས་ཁྲི་སྡེ་བཙུགས་བཙན་འབྲུག་ལོའི་དཔྱིད་ཀའི་དུས་སུ་ཕོ་བྲང་ལན་ཁར་སྐུ་འཁྲུངས།”①ཞེས་དང་། 《དཀར་ཆག་ལྡན་དཀར་མ》རང་ལས། “འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་དུ་མཚན་བྱང་དཀར་ཆག་ཏུ་བཏབ་པ་རྫོགས་སོ།།”②ཞེས་དང་། 《བཀའ་བསྟན་དཔེ་བསྡུར་མ》ལས་ཀྱང་། “ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས།”③ཞེས་འཁོད་པ་ལྟར་《སྡེ་དགེའི་བསྟན་འགྱུར་དཀར་ཆག་》ཏུའང་“ཕོ་བྲང་ལྷན་དཀར་དུ་བཞེངས་པའི་དཀར་ཆག་ལྷན་དཀར་མ་”ཞེས་སུ་བྲིས་ཡོད་པ་སོགས་ལ་གཞིགས་ན་བཀའ་བསྟན་གྱི་དཀར་ཆག་ཐོག་མ་སྒྲིག་སའི་ཕོ་བྲང་དེར་ཕོ་བྲང་ལྡན་དཀར་མི་ཟེར་བར་ཕོ་བྲང་ལྷན་དཀར་རམ་ལན་ཁར་དུ་འབོད་པར་ངེས་ཤིང་། དབུ་ཅན་དང་དབུ་མེད་ལ་མགྱོགས་བྲིས་སོགས་ཀྱི་དབང་གིས་ལྷན་དེ་ལྡན་དུ་ནོར་སླ་བས་ན་ཕོ་བྲང་ལྷན་དཀར་དུ་བསྒྲིགས་པའི་དཀར་ཆག་ལྷན་དཀར་མ་འདི་དག་པར་མཐོང་ངོ་།། དེ་ཕྱིར་དཔྱད་རྩོམ་འདིར་ཡང་ལུང་འདྲེན་མ་གཏོགས་པའི་རང་གི་ཚིག་རིས་ལ་ལྷན་དཀར་ཞེས་སུ་བྲིས་ཡོད།
          བསྟན་པ་སྔ་དར་ལ་བོད་དུ་གྲགས་ཆེ་བ་《དཀར་ཆག་ལྡན་དཀར་མ་》དང་།  《དཀར་ཆག་མཆིམས་ཕུ་མ》《དཀར་ཆག་འཕང་ཐང་མ་》གསུམ་པོ་འདི་ཡིན་ལ། བསྟན་པ་ཕྱི་དར་ལ་གྲགས་ཆེ་བ་བཅོམ་ལྡན་རིག་རལ་དང་། ཁོང་གི་སློབ་མ་དབུས་པ་བློ་གསལ་གྱི་དཀར་ཆག་རྒྱས་བསྡུས་ཁག་གསུམ། འདི་ལ་《སྣར་ཐང་དཀར་ཆག་》ཀྱང་ཟེར།《མཁས་མཆོག་བུའི་དཀར་ཆག》 ཚལ་བ་ཀུན་དགའ་རྡོ་རྗེའི་《དཀར་ཆག་དེབ་ཐེར་དཀར་བོ》 《རྒྱལ་རྩེ་ཐེམ་སྤང་མའི་དཀར་ཆག་སོགས་དཀར་ཆག་》སྔ་ཕྱི་གྲགས་ཆེ་བ་དག་གི་དང་པོ་གསུམ་གྱི་སྔ་ཕྱིའི་ཐད་བཞེད་པ་མི་མཐུན་པ་འགའ་ཞིག་འབྱུང་བ་སྟེ། 《དཀར་ཆག་ལྷན་དཀར་མ་》འདི་དཀར་ཆག་ཀུན་གྱི་ཐོག་མ་ཡིན་པའི་ལུང་གི་རྒྱབ་རྟེན་ནི།《དཀར་ཆག་ལྡན་དཀར་མ་》རང་ལས། “ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་འབུམ་ལ་སོགས་ཏེ།  བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རང་ལུགས་ཀྱི་མདུན་ས་ནས།  འབྲུག་གི་ལོ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན།”④ཞེས་འབྱུང་བས་འདིའི་སྐབས་ཀྱི་བཅོམ་ལྡན་འདས་ཀྱི་རང་ལུགས་པ་ཡེ་འེས་དབང་བོར་ཞུ་བ་ཁོང་ཉིད་རབ་ཏུ་མ་བྱུང་བའི་མཚན་ལ་སྦ་གསལ་སྣང་དུ་འབོད་པ་སྟེ། མཁན་ཆེན་བོ་དྷི ས་སྐུ་མྱ་ངན་དུ་འདས་རྗེས་ཡེ་འེས་དབང་བོ་འདི་བ་ཁོང་གི་སྐུ་ཚབ་ཏུ་དབང་བསྐུར་ཞིང་། ཆོས་ཀྱི་རྒྱལ་ཚབ་བསྐོ་བའི་ལམ་སྲོལ་གྱི་ཐོག་མ་ཡང་འདི་ཡིན་ནོ།། 《ལྡན་དཀར་མ་》འདི་བའི་སྐུ་དུས་སུ་བསྒྲིགས་པ་ཞིག་ཡིན་ན་ནི་ཁྲི་སྲོང་གི་དུས་ཡིན་པ་གསལ།  《དབའ་བཞེད་ཞབས་བཏེགས་མ་》ལས། “དེ་དག་མཚན་དང་། བམ་པོ་དང་།ཤོ་ལོ་ཀའི་གྲངས་དང་། ཞུ་ཆེན་བགྱིས་མ་བགྱིས་དང་།འགྱུར་འཕྲོ་ལ་ལུས་པ་དང་། འགྱུར་བྱང་ལས་མི་འབྱུང་བ་དང་། འགྱུར་བྱང་གཞན་ལ་སྨོས་པ་ལ་སོགས་པ་ནི་ལྡན་དཀར་དང་འཕང་ཐང་དུ་མཛད་པའི་དཀར་ཆག་གི་ཡི་གེ་གཉིས་དང་། མཁས་པའི་དབང་ཕྱུག་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ན་བཞུགསོ།།”⑤ཞེས་སོགས་ཀྱང་འབྱུང་བས་ལྡན་དཀར་དང་པོ་དང་འཕང་ཐང་མ་གཉིས་པར་བགྲངས་ཡོད་དོ།། 《བུ་སྟོན་ཆོས་འབྱུང་》ལས་ཀྱང་། “ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་། དེའི་རྗེས་ཀྱི་བསམ་ཡས་མཆིམས་ཕུའི་དཀར་ཆག་དང་། དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང་།  ཕྱིས་སྣར་ཐང་གི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དང་”①ཞེས་བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཀྱི་གཞི་བཅོལ་སའི་དཀར་ཆག་ཆེན་མོ་བཞིའི་སོ་རིམ་གསལ་བོར་གསུངས་པ་དང་། འདི་བའི་དུས་ན་《དཀར་ཆག་མཆིམས་ཕུ་མ་》ཡང་བཞུགས་ཡོད་ལས་ཆེ་སྙམ་ཡང་ཨ་ལག་དུང་དཀར་ཚང་གིས་མཁས་མཆོག་བུ་《དཀར་ཆག་མཆིམས་ཕུ་མར་》མཇལ་ཡོད་མེད་དོགས་གཞིར་མཛད་ཡོད།
          དཔའ་བོ་གཙུག་ལག་ཕྲེང་(1804-1866)བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།  “ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་།  ཕྱིས་མཆིམས་ཕུ་མ་དང་།  འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ།  དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ།”②ཞེས་སོགས་ཀྱིས་དཀར་ཆག་ཆེན་མོ་གསུམ་གྱི་ཐོག་མ་གང་ཡིན་ལ་གསལ་ཁ་བཏོན་ཡོད་པ་མ་ཟད།  རྒྱལ་རབས་རྣམས་ཀྱིས་གང་མཛད་ཀྱི་ལོ་ཚིགས་གོང་བསྒྲིགས་ནའང་དེ་ལྟར་དུ་ངེས་སོ་སྙམ།③མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་ཀུན་མཁྱེན་བུའི་དགོངས་པ་སོར་བཞག་སྟེ་སྤྱི་ལོ་824བོད་ཤིང་འབྲུག་ལོར་《དཀར་ཆག་ལྡན་དཀར་མ་》བྲིས་ཞེས་གསལ་ལོ།།   
          《དཀར་ཆག་འཕང་ཐང་མ་》འདི་དཀར་ཆག་ཀུན་གྱི་ཐོག་མ་ཡིན་པའི་ལུང་གི་རྒྱབ་རྟེན་ནི། རྒྱལ་དབང་ལྔ་པའི་(1617-1682)《གསན་ཡིག་གངྒཱའི་ཆུ་རྒྱུན་》ལས། “སད་ན་ལེགས་མཇིང་ཡོན་གྱི་དུས་བནྡེ་དཔལ་བརྩེགས། ཆོས་ཀྱི་སྙིང་བོ། དེ་ལྦནྡྷཱི། དཔལ་གྱི་ལྷུན་པོ་སོགས་ཀྱིས་ཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ་ཤློ་ཀ་བམ་གྲངས་ཐེམས་བྱང་དཀར་ཆག་ཕང་ཐང་མ་”④ཞེས་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་ཞིང་། དེ་རྗེས་བནྡེ་དཔལ་བརྩེགས་དང་མཁོན་ཀླུའི་དབང་བོ་སྲུངས་སོགས་ཀྱིས་སྟོང་ཐང་ལྡན་དཀར་ན་བཞུགས་པའི་གསུང་རབ་རྣམས་བསྒྲིགས་ནས་《དཀར་ཆག་ལྡན་དཀར་མ་》མཛད་ཅེས་གསུངས་པ་ལྟར་སི་ཏུ་ཆོས་ཀྱི་འབྱུང་གནས་(1699-1774)ཀྱི་གསུང་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ཏུའང་། “བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་བོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་བནྡེ་དཔལ་བརྩེགས། ཆོས་ཀྱི་སྙིང་བོ། དེ་ཝེནྡ། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤློ་ཀ   དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ་གྲངས་དེས་གཞལ་བའི་ཐེམ་བྱང་མ་འཁྲུལ་བ་ཆོས་ཚན་འདི་ལ་གྲངས་འདི་དང་འདིའོ་ཞེས་བཀོད་པ་དཀར་ཆག་ཕང་ཐང་མར་གྲགས་པ་སྟེ།   གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ནི་འདི་ཡིན་ནོ་ཞེས་ཡོངས་སུ་གྲགས་ལ།  དེའི་རྗེས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་།  མཁོན་ནཱ་གེནྡྲ་་་་་སོགས་ཀྱིས་སྟོང་ཐང་ལྡན་དཀར་ཕོ་བྲང་ཆེན་པོ་ན་བཞུགས་པའི་གསུང་རབ་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་ལྡན་དཀར་མར་གྲགས་པ་བྱུང།”⑤ཞེས་སོགས་འབྱུང་བ་དང་། 1985ལོའི་ཟླ་12བར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་(1697-1774)གྱིས་མཛད་པའི་《ངོ་མཚར་ཆུ་གཏེར་འཕེལ་བའི་བླ་བ་གསར་པ་》ཞེས་བྱ་བའི་དབུའི་གསལ་བཤད་དུ།“དེ་ཡང་བསྟན་པ་སྔ་དར་ལ་སྤྲུལ་བའི་རྒྱལ་བློན་ནམས་ཀྱིས་གངས་རིའི་ཁྲོད་འདིར་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་དྲི་མ་མེད་པ་དར་རྒྱས་སུ་མཛད་དེ་བདེ་བར་གཤེགས་པའི་བཀའ་བསྟན་བགྲངས་ལས་འདས་པ་བཞེངས་པ་དང་། འཆད་པ་དང་ཉན་པ་སོགས་ཀྱི་སྲོལ་བཟང་པོ་ནམ་ཡང་བསུབ་ཏུ་མེད་པ་བཙུགས།  ཆོས་ལྡན་གྱི་རྒྱལ་པོ་སད་ན་ལེགས་འཇིང་ཡོན་གྱི་སྐུ་རིང་ལ་སྐད་གཉིས་སྨྲ་བ་དཔལ་བརྩེགས་རཀྴི་ཏ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ་ཤོ་ལོ་ཀ་དང་བམ་པོ་སོགས་གཞུང་ཚད་ངེས་པར་བྱས་པའི་ཐེམ་བྱང་མ་འཁྲུལ་བར་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་བོད་དུ་དམ་པའི་ཆོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་འདི་ཡིན།  དེའི་རྗེས་སུ་འཁོན་ཀླུ་དབང་བསྲུང་བ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པའི་བཀའ་བསྟན་བོད་དུ་འགྱུར་རོ་འཚལ་རྣམས་ཤོ་ལོ་ཀ་དང་བམ་པོའི་གྲངས་འདི་དང་འདི་མངའོ་ཞེས་གཏན་ལ་ཕབ་པ་རྣམས་ལ་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་ལྡན་དཀར་མར་གྲགས་པ་བྱུང་།”①ཞེས་རྒྱལ་དབང་ལྔ་བ་ཆེན་མོ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་དགོངས་པ་ཇི་བཞིན་བཀོད་ཡོད་དོ།།
དེའི་རྗེས་སུ་བཙན་པོ་ཉིད་ཕོ་བྲང་འོན་ཅང་རྡོར་བཞུགས་པ་ན་མཁན་པོ་ཛི་ན་མི་ཏྲ་དང་།  སུ་རེནྡྲ་བོ་དྷི་སོགས་ཀྱིས་བདེ་བར་བཤེགས་པའི་བཀའ་བསྟན་རྣམས་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་གངས་ཅན་པའི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་ནམ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་པའི་བཀས་བཅད་པར་བརྟེན་སྔར་བསྒྱུར་ཟིན་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་བཀས་བཅད་སྒྲ་བསྒྱུར་བམ་གཉིས་མ་བརྩམས། ཞེས་སྡེ་དགེའི་བཀའ་འགྱུར་དཀར་ཆག་སོགས་ཀྱི་དགོངས་པ་ཇི་བཞིན་དུ་དུང་དཀར་བློ་བཟང་འཕྲིན་ལས་(1927-1997)ཀྱི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་ཀྱང་། “བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ནས་རིམ་བཞིན་དཀར་ཆག་འཕང་ཐང་མ་དང་། ལྷན་དཀར་མ། མཆིམས་ཕུ་མ་བཅས་བཀོད་པར་མཛད་”②ཅེས་གསུངས་ཤིང་། གཞན་ཡང་འཇམ་མགོན་སི་ཏུ་རིན་པོ་ཆེ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱི་བཞེད་པ་ལྟར་དཀར་ཆག་འཕང་ཐང་མ་དང་པོ་དང་། དཀར་ཆག་ལྡན་དཀར་མ་གཉིས་པ་ཡིན་པ་དང་།དེ་གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་བྱུང་བར་བཞེད་དོ།།③  
          གཞན་ཡང་བསྟན་པ་ཡང་དར་སྐབས་བོད་ཀྱི་མཁས་པ་སྐོར་ཞིག་གདན་འཛོམས་ཏེ་བསྒྲིགས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་ཀྱང་། “དཀར་ཆག་འཕང་ཐང་མ། བོད་རྗེ་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་སྐབས་བནྡེ་དཔལ་བརྩེགས་སོགས་ལོ་ཙཱ་བ་འགའ་ཞིག་གིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་བཀའ་འགྱུར་ལ་བམ་གྲངས་སོགས་གཞུང་ཚད་གསར་དུ་བསྒྲིགས་ནས་བཀོད་པའི་དཀར་ཆག་དང་པོའི་མཚན།”ཞེས་དང་། “དཀར་ཆག་ལྷན་དཀར་མ། བོད་རྗེ་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་སྐབས་བནྡེ་དཔལ་བརྩེགས་སོགས་ལོ་ཙཱ་བ་འགའ་ཞིག་གིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་ལ་དག་ཐེར་མཛད་ནས་བཀོད་པའི་དཀར་ཆག་གཉིས་པའི་མཚན།དཀར་ཆག་མཆིམས་ཕུ་མ། བོད་རྗེ་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་སྐབས་བནྡེ་དཔལ་བརྩེགས་སོགས་ལོ་ཙཱ་བ་འགའ་ཞིག་གིས་བསམ་ཡས་མཆིམས་ཕུར་བཞུགས་པའི་བཀའ་འགྱུར་ལ་དག་ཐེར་མཛད་ནས་བཀོད་པའི་དཀར་ཆག་གསུམ་པའི་མཚན།”①ཞེས་དཀར་ཆག་གསུམ་པོ་བོད་རྗེ་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་སྐབས་བནྡེ་དཔལ་བརྩེགས་སོགས་ལོ་ཙཱ་བ་འགའ་ཞིག་གིས་བསྒྲིགས་པར་འགྲེལ་བཤད་མཛད་ཡོད་ཅིང་། ཚིག་མཛོད་འདི་ལ་ཞུ་ཆེན་མཛད་དུས་མཁས་དབང་ཚེ་ཏན་ཞབས་དྲུང་དང་། དུང་དཀར་བློ་བཟང་འཕྲིན་ལས། ཨ་ལག་དམུ་དགེ་སོགས་བཞུགས་པ་ཚིག་མཛོད་དེའི་འསོ་བརྗོད་དུ་བྱུང་ཡང་གཡོན་ཐལ་ཆེ་བའི་དྲི་མ་མ་དག་པའི་སྐབས་ཡིན་པས་དགོངས་པ་དག་སོར་བཞག་ཡོད་མེད་དཔྱད་དགོས་པ་ཡོད་དོ།།
          བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་བཀས་བསྐུལ་ནས་པཎྜིཏ་དང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་སྔོན་ཆད་མ་བསྒྱུར་བའི་བཀའ་བསྟན་དཔག་ཏུ་མེད་པ་གསར་དུ་བསྒྱུར་ཞིང་སྔར་བསྒྱུར་བ་རྣམས་ལ་ཞུ་ནན་གྱི་སྒོ་ནས་དྲི་མ་དང་བྲལ་བར་མཛད་དེ་བཤད་པ་དང་སྒྲུབ་པས་གཏན་ལ་ཕབ།རྗེས་སུ་ས་སྐྱའི་དཔོན་ཆེན་ཀུན་དགའ་དོན་འགྲུབ་ཀྱིས་བཅོམ་ལྡན་རིག་རལ་གྱིས་བསྡུས་པའི་ཆོས་གྲྭ་ཆེན་པོ་སྣར་ཐང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ཕྱི་མོར་བགྱིས་ཏེ་དེར་མ་བཞུགས་པའི་ཆོས་ཚན་འགའ་ཞིག་དང་གསར་དུ་འསྒྱུར་བའི་བསྟན་བཅོས་ཀྱི་རྣམ་གྲངས་སྟོང་ཕྲག་ཙམ་བསྣན་པ་དང་། བསྟན་བཅོས་སུམ་སྟོང་བརྒྱ་རེ་གཉིས་བཞུགས་པ་བཞེངས་པར་མཛད། དུས་དེར་གངས་ཅན་མཁས་པའི་ཁྲོད་ན་ཡོངས་སུ་གྲགས་པའི་ཁྲོ་ཕུ་བ་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཆོས་ཚན་མཐའ་དག་གི་མཚན་བྱང་དང་མཛད་འགྱུར་མཐའ་དཔྱོད་དང་བཅས་པའི་སྒོ་ནས་གཏན་ལ་ཕབ་པ་བསྟན་བཅོས་འགྱུར་རོ་འཚལ་གྱི་《དཀར་ཆག་ནོར་བུ་རིན་ཆེན་དབང་གི་རྒྱལ་པོའི་ཕྲེང་བ་》བྱ་བ་བརྩམས།  དེའི་རྗེས་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དཔལ་ཞ་ལུ་གསེར་ཁང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་རྣམས་ཕྱི་མོར་བཟུང་ཞིང་།  དེར་མ་ཆུད་པ་དང་གསར་དུ་འགྱུར་བ་སུམ་ཅུ་རྩ་བརྒྱད་བསྣན་པ་བཅས་གླེགས་བམ་གྱི་ཆོགས་བཞེངས་པའི་《དཀར་ཆག་གསུང་རབ་རིན་པོ་ཆེའི་མཛོད་》ཅེས་བྱ་བ་ཀུན་མཁྱེན་བུ་སྟོན་ཆེན་པོས་བརྩམས།  
          དེའི་རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་པའི་བསྟན་འགྱུར་ལ་ཕྱི་མོ་བགྱིས་ཏེ་ཡར་ཀླུང་བས་བཞེངས་པའི་བསྟན་འགྱུར་ལས་རིམ་པར་མཆེད་པའི་བུ་དཔེ་དཔལ་ལྡན་འབྲས་སྤུངས་དང་།སེ་ར་ཐེག་ཆེན་གླིང་། ར་ས་འཕྲུལ་སྣང་སོགས་སུ་བཞུགས་པའི་ཕྱི་མོ་རྣམས་དང་། དེར་མ་བཞུགས་པ་བུ་སྟོན་ཐམས་ཅད་མཁྱེན་པ་ནས་དེའི་བར་གྱི་གསར་འགྱུར་དང་། དཔེ་རྙིང་ཁུངས་བཙན་སྔར་མ་ཆུད་པ་བཅས་བདུན་བརྒྱ་དང་བརྒྱད་ཅུ་ལྷག་བསྣན་པས་ཁྱོན་བསྡོམས་ཆོས་ཚན་བཞི་སྟོང་ཉིས་བརྒྱ་དང་དགུ་བཞུགས་པའི་གླེགས་བམ་གྱི་ཚོགས་བཞེངས། དེའི་དཀར་ཆག་ཏུ་ཚངས་སྲས་བཞད་པའི་རྡོ་རྗེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཆོའི་ལྡེ་དཔལ་བཟང་པོས་《འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་》བྱ་བ་བརྩམས་སོ།།  
          དེའི་རྗེས་མཁས་པ་ཆེན་པོ་ཀརྨ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་ན་བཞུགས་པ་ལས་མཆེད་པའི་བསྟན་འགྱུར་དང་ཞྭ་དམར་ཆོས་གྲགས་ཀྱིས་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་བཅས་སོ་སོར་ཞིབ་བསྡུར་གྱིས་གསར་དུ་ལེགས་པར་བཞེངས། དེའི་རྗེས་སུ་སི་ཏུ་རིན་པོ་ཆོས་བཞེངས་པའི་བསྟན་འགྱུར་གཙོ་བོར་བཟུང་གཞན་གངས་ཅན་གྱི་ལྗོངས་ན་བཞུགས་པའི་བསྟན་འགྱུར་གྲགས་ཆེ་བ་ཇི་སྙེད་དང་སྒོ་བསྡུར་ནས་གསར་དུ་འགྱུར་བ་འགའ་ཞིག་གིས་ཁ་སྐོང་དང་བཅས་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་འཕྲིན་ལས་རྒྱ་མཚོའི་སྡེ་དཔལ་བཟང་པོས་《ཀུན་མཁྱེན་བུ་རམ་ཤིང་བའི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་བའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པ་》བྱ་བའི་ཆོས་ཚན་བཞི་སྟོང་སུམ་བརྒྱ་ལྷག་བཞུགས་པ་གླེགས་བམ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པའི་བརྒྱ་ཕྲག་གཉིས་ཀྱི་བདག་ཉིད་ཅན་གྱི་པར་གཞི་གསར་དུ་བཞེངས། དེའི་དཀར་ཆག་ཏུ་གནས་ལྔ་སྨྲ་བའི་དབང་ཕྱུག་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ་བྱ་བ་འདི་བརྩམས་སོ།།
          དེ་དང་དུས་ཉེ་བར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་ཀྱི་རྒྱལ་པོ་(1689-1747)ས་ཤེལ་དཀར་རྫོང་དུ་ཞ་ལུ་གསེར་ཁང་ན་བཞུགས་པའི་བསྟན་འགྱུར་དང་མི་དབང་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་བཅས་ལ་ཕན་ཚུན་གོ་བསྡུར་གྱིས་ཕྱི་མོ་བཅོལ་ཏེ་པར་གཞི་གསར་བཞེངས་མཛད་པ་ཆོས་སྡེ་ཆེན་པོ་སྣར་ཐང་དུ་བཞུགས་པའི་《དཀར་ཆག་ཚངས་པའི་དབྱངས་》ཞེས་བྱ་བ་བརྩམས་པ་སོགས་ནི་ཡོངས་སུ་གྲགས་པ་བཞིན་བརྗོད་པའོ།།
གཉིས་པ། བསྟན་པ་སྔ་དར་ལ་གྲགས་ཆེ་བའི་བོད་ཀྱི་དཀར་ཆག་ཆེན་མོ་གསུམ་གྱི་ཐོག་མ་གང་ཡིན་ཐད་ཀྱི་དོགས་དཔྱོད།
          དེས་ན་བོད་ཀྱི་མཁས་པ་སྐོར་ཞིག་བོད་བཙན་པོའི་དུས་ཀྱི་དཀར་ཆག་འདི་གསུམ་པོ་བོད་རྗེ་སད་ན་ལེགས་མཇིང་ཡོན་ཏེ་ཁྲི་ལྡེ་སྲོང་བཙན་སྐབས་བཞེངས་པར་འདོད་པ་དང་། 《དཀར་ཆག་འཕང་ཐང་མ་》འདི་དཀར་ཆག་ཀུན་གྱི་ཐོག་མ་ཡིན་པར་འདོད་པའི་བཞེད་ཕྱོགས་འདི་དང་མཐུན་པར་རང་ལུགས་སྐྱོང་བ་དང་། ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་མིག་དང་རྣ་བ་བཀབ་ནས་མ་རིག་མ་སོ་བའི་ཚུལ་དུ་ད་ལྟའི་བར་དེ་ལྟར་རང་སོར་བཞག་འདུག   དགོངས་པ་འདི་རིགས་ལ་དོགས་གཞི་ཅུང་ཆེ་ཞིང་ལོ་རྒྱུས་ཡིག་ཚང་དག་ལའང་མཐུན་དང་མི་མཐུན་ཅི་རིགས་འབྱུང་བས་ཅུང་དཔྱད་པར་འདོད།
ཁོ་བོས་ནི་ཁ་ནང་དུ་ཕྱོགས་ཏེ་ལུང་ཁུངས་རྙིང་པ་འགའ་ཞིག་ལ་རྩིས་སུ་བྱས་ནས་དཔྱད་ན། ཕོ་བྲང་འོན་ཅང་རྡོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བཞེངས་པའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་དང་བསྒྱུར་འཕྲོར་ལུས་པ་རྣམས་དཀར་ཆག་ཏུ་བསྒྲིགས་པའི་《དཀར་ཆག་ལྡན་དཀར་མ་》འདི་དཀར་ཆག་ཀུན་གྱི་ཐོག་མ་ཡིན་པར་འདོད་དེ། སྤྱི་ལོ་ཉིས་སྟོང་ལྔ་ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་《དཀར་ཆགས་འཕང་ཐང་མའི་》དབུའི་བར་སྐབས་ཀྱི་མཆན་བུ་ཞིག་ཏུ། “བཙན་པོ་ཁྲི་རལ་བ་ཅན་ཁྲི་གཙུག་ལྡེ་བཙན་ཡར་ལུང་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན།”①ཞེས་འབྱུང་བར་དཔག་ནས་དཀར་ཆག་འདི་དཀར་ཆག་ཆེན་པོ་གསུམ་གྱི་དང་པོ་མ་ཡིན་པའི་ངེས་ཤེས་ཤིག་རྙེད་དོ།། 《དཀར་ཆགས་འཕང་ཐང་མའི་》མཇུག་བྱང་དུའང་། “སྒྲ་སྒྱུར་བ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས།”②ཞེས་བྱུང་བས་ཚིག་འདིའི་བབ་ལ་དཔྱད་ནའང་དཀར་ཆག་འཕང་ཐང་མའི་སྔོན་དུ་བྱང་བུའི་ཚུལ་དུ་བསྒྲིགས་པའི་དཀར་ཆག་ཅིག་བཞུགས་པ་《དཀར་ཆག་ལྡན་དཀར་མ་》འདི་ཡིན་ངེས་ཤིང་། སླད་ཀྱིས་ཞེས་པའི་དོན་ཡང་ཡང་སྐྱར་དཀར་ཆག་འདི་བསྒྲིགས་པ་དང་། ཡང་ན་《མཆིམས་ཕུ་མའི་》རྗེས་སུའམ་སླད་ཀྱིས་《འཕང་ཐང་མ་》འདི་བསྒྲིགས་པའི་དོན་ཡིན་པ་མཇུག་བྱང་གི་དོན་གྱིས་ཀྱང་སོ་འོང་ངོ་། གཞན་ཡང་《ལྡན་དཀར་མ་》ལས། “ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་འབུམ་ལ་སོགས་ཏེ།བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན།”①ཞེས་འབྱུང་བས་དུས་ཚོད་ཀྱི་དབང་དུ་བཏང་ན་ཁྲི་སྲོང་གི་སྐུ་དུས་སུ་བཀའ་དང་བསྟན་བཅོས་མང་དུ་བསྒྱུར་བ་ལོ་རྒྱུས་ཡིག་ཚང་ཀུན་ཞལ་མཐུན་ཞིང་། དཀར་ཆག་འདི་བརྩམས་པའི་འབྲུག་ལོ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་བསྐྱངས་པའི་རིང་འབྲུག་ལོ་སྔ་ཕྱི་གཉིས་འབྱུང་བས་སྔ་མ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་མ་གྲུབ་པའི་སྔོན་གྱི་ལོ་ངོ་གསུམ་པའི་ཤིང་འབྲུག་(764)ལ་འཁེལ་བ་དང་། དེ་དུས་ཀྱང་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་སྒྱུར་འགོ་ཚུགས་ནས་ཡུན་རིང་སོང་། འབྲུག་ལོ་རྗེས་མ་དེ་མེ་འབྲུག་(776)ཡིན་དགོས་པ་མཁས་དབང་དུང་དཀར་ཚང་གིས་ཀྱང་བཞེད་ལ། བར་ནས་ལོ་ངོ་བཅུ་གཉིས་སོང་བས་དཔྱད་བྱར་གནས། 《དབའ་བཞེད་ཞབས་བཏེགས་མ་》ལས། “དེ་དག་མཚན་དང་།བམ་པོ་དང་། ཤོ་ལོ་ཀའི་གྲངས་དང་། ཞུ་ཆེན་བགྱིས་མ་བགྱིས་དང་། འགྱུར་འཕྲོ་ལ་ལུས་པ་དང་། འགྱུར་བྱང་ལས་མི་འབྱུང་བ་དང་། འགྱུར་བྱང་གཞན་ལ་སྨོས་པ་ལ་སོགས་པ་ནི་ལྡན་དཀར་དང་འཕང་ཐང་དུ་མཛད་པའི་དཀར་ཆག་གི་ཡི་གེ་གཉིས་དང་། མཁས་པའི་དབང་ཕྱུག་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ན་བཞུགསོ།།”②ཞེས་སོགས་ཀྱང་འབྱུང་བས་《ལྡན་དཀར་》དང་《འཕང་ཐང་མའི་》སྔ་ཕྱི་ཞིག་མཚོན་ནུས་པ་དང་།  གཞན་ཡང་མཁན་ཆེན་པོ་བོ་དྷི་ས་ཏྦ་སྐུ་གཤེགས་པའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དགེ་སློང་ཡེ་ཤེས་དབང་པོ་བཅོམ་ལྡན་འདས་ཀྱི་རང་ལུགས་སུ་བསྐོས་ཤིང་།  རྒྱལ་བློན་འབངས་ཀྱིས་དགེ་བའི་བཤེས་གཉེན་དུ་བསྟེན། སངས་རྒྱས་དངོས་ཀྱི་སྐུ་ཚབ་ཡིན་པས་བཙན་པོའི་གོང་དུ་བཀུར།ཆོས་ཀྱི་བཀའ་ལ་བཏགས།  ཡིག་ཚང་གསེར་གྱི་ཡི་གེ་ཆེན་པོ་གནང་སྟེ་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་བཀུར་བའི་གནས་ཚུལ་གསུངས་པ་ནང་བཞིན་དུ་ན་ཡེ་ཤེས་དབང་པོ་འདི་བར་མྱང་ཏིང་འཛིན་ལ་སོགས་པས་ལོག་བཤད་བས་པས་ཐུགས་འབྱུང་སྟེ་རྒྱལ་བོ་ལ་གནང་བ་བླངས་ནས་ལྷོ་བྲག་མཁར་ཆུ་བཙན་གྱི་དབེན་གནས་སུ་གསང་སྟབས་ཀྱིས་བྲོས་ཏེ་ཕེབས། དེའི་རྗེས་སུ་བན་དྷེ་དཔལ་དབྱངས་བཅོམ་ལྡན་འདས་ཀྱི་རང་ལུགས་སུ་བསྐོས་སོ།། དེ་དུས་ཙ་ན་གྲུབ་མཐའ་དང་གྲུབ་མཐའི་བར་གྱི་འགལ་བ་ཤུགས་དྲག་ནའང་ཆོས་སྒྱུར་བའི་དབུ་ཚུགས་ནས་ལོ་ངོ་མང་པོ་སོང་ཡོད་པ་ནི་ཞུ་མ་དགོས་པ་ཞིག་ཏུ་མཐོང་། 《དཀར་ཆག་ལྡན་དཀར་མ་》རང་ལས། “ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས་འིག་ཅེས་བཅོམ་ལྡན་འདས་ཀྱི་རང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན།”③ཞེས་འབྱུང་བ་དང་། 《དཀར་ཆག་འཕང་ཐང་མ་》ལས། “བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་།  གཟུངས་ཆེ་ཕྲ་དང་།མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཞིང་། ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་བ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན།④ཞེས་དང་། 《སྒྲ་སྦྱོར་བམ་གཉིས་》ལས། “ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས།”①ཞེས་པའི་དོན་ལས་དཔོག་ཐུབ་པ་ནི་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས། ཞེས་པ་དང་། སྔ་སླད་དུ་བསྒྱུར། ཞེས་པ་དང་།སླད་ཀྱིས་ཞེས་པ་སོགས་ཀྱིས་མཚོན་དཀར་ཆག་གང་ཡིན་དུ་ཡང་དེ་དང་དེ་བཞིན་དུ་བྱུང་བས། 《དཀར་ཆག་འཕང་ཐང་མ་》འདི་སླད་དུ་བསྒྲིགས་པ་འབའ་ཞིག་ཏུ་ངེས་སོ།། དེའི་ཕྱིར་《དཀར་ཆག་ལྡན་དཀར་མ་》འདི་བོད་ཀྱི་དཀར་ཆག་ཀུན་གྱི་ཐོག་མ་ཡིན་པའི་ངེས་ཤེས་གསལ་བོ་ཞིག་རྙེད་དོ་ཞེས་ཁོ་བོས་སྨྲའོ། 
གསུམ་པ། དཀར་ཆག་སྔ་མ་ལས་ཕྱི་མ་རྣམས་རྒྱས་པའི་རྟགས་ཀྱིས་《ལྡན་དཀར་མ་》དཀར་ཆག་ཀུན་གྱི་ཐོག་མ་ཡིན་པར་སྒྲུབ་པ།
          རིགས་པས་དཔྱད་ནའང་ཀུན་མཁྱེན་བུས། “ཟློས་པ་ཀུན་དོར་ཞིང་རང་གིས་མངོན་སུམ་དུ་མཐོང་བ་དང་ཡིད་ཆེས་པའི་ཚིག་ལས་ད་ལྟ་འགྱུར་ཡོད་པར་ངེས་པ་རྣམས་ཉིས་རྒྱ་ཙམ་དང་བཅས་པ་སྔར་མ་ཆུད་པ་མཆིས་སོ་འཚལ་བསྣན་ནས་གྲངས་དང་སོ་རིམ་དང་སྡེ་ཚན་དང་གཞུང་ཚན་དང་འགྱུར་བྱང་གི་བར་སྔར་གྱི་དཀར་ཆག་ཆེན་མོ་བཞི་ལ་གཞི་མ་བྱས་ནས་ཇི་ལྟར་ཤེས་པ་ལྟར་བྲིས་སོ།།”②ཞེས་འབྱུང་བས་ཁོང་དཀར་ཆག་ཆེན་མོ་བཞི་ལ་དངོས་སུ་མཇལ་མྱོང་བའི་མཁས་མཆོག་བུ་ཡིན་ཕྱིར་བདེན་དུ་མཐོང་སྟེ། སྔར་མ་ཆུད་པ་མཆིས་སོ་འཚལ་བསྣན་ནས་ལེགས་པར་བསྒྲིགས་པ་འདི་བཞིན་དུ་དཀར་ཆག་སྔ་མ་རྣམས་ལའང་སྲོལ་འདིས་ཁྱབ་ནས་ཡོད་པ་ནི་ཞུ་མ་དསོས་པའི་གནས་བབ་ཅིག་ཏུ་ཆགས་ཡོད་དོ།། དེ་ཕྱིར་《དཀར་ཆག་ལྡན་དཀར་མ་》འདི་ཡང་དཀར་ཆག་ཕྱི་མ་རྣམས་ལས་བསྡུས་པའམ་ཉུང་བ་དང་།ཕྱི་མ་རྣམས་འདི་ལ་གཞི་བྱས་ཏེ་ཇེ་རྒྱས་སུ་སོང་ཡོད་པ་དཀར་ཆག་དངོས་དང་མཇལ་ན་ཤེས་ངེས་པ་སྟེ། 《དཀར་ཆག་ལྡན་དཀར་མ་》ལས། “བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ།     1.བཀའ་ཡང་དག་པའི་ཚད་མ།  ཤློཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། 2.དེ་བཞིན་གཤེགས་པའི་བརྡ་རྟ།  ཤློཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། 3.བྱམས་པའི་བསྟོད་པ་ཆེན་པོ། ཤློཀ་བཞི་བརྒྱ་སྟེ་བམ་པོ་གཅིག་དང་། ཤློཀ་བརྒྱ། 4.བྱམས་པའི་བསྟོད་པ་ཆུང་ངུ་། ཤློཀ་བརྒྱ་ལྔ་བཅུ། 5.གྲུབ་པའི་མཐའ་འགྲོ་བ། ཤློཀ་བཞི་བཅུ།6.དབུ་མའི་གཟེར་བུ། ཤློཀ་སུམ་བཅུ། 7.ཐེག་པ་ཆེན་པོའི་བསམ་གཏན་གྱི་མན་ངག་གོལ་ས་བརྒྱལ་བསྩལ་བ་ལྷ་བཙན་པོས་བཀས་བཅད་པ།  ། ཤློཀ་སུམ་བཅུ་བཅས་ཆོས་ཚན་བདུན་བཞུགས་ཤིང་།”③ 《དཀར་ཆག་འཕང་ཐང་མ་》ལས།“བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། 1.གྲུབ་པའི་མཐའ་འགྲོ་བ། ཤུ་ལོག་བཞི་བརྒྱ།  2.བཀའ་ཡང་དག་པའི་ཚད་མ། བམ་པོ་བདུན།  3.དབུ་མའི་གཟེར་བུ། ཤུ་ལོག་སུམ་བཅུ། དེ་4ན་གཤེགས་པའི་བརྡ་སྐད།  བམ་པོ་ལྔ། 5.འཕགས་པ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ།  ཤུ་ལོག་6འཕགས་པ་འཇམ་དཔལ་ལ་བསྟོད་པ། ཤུ་ལོག་7འཕགས་པ་བྱམས་པ་ལ་བསྟོད་པ་ཆེན་པོ་བམ་པོ་lདང་ཤུ་ལོག་བརྒྱ།8.འཕགས་པ་བྱམས་པ་ལ་བསྟོད་པ་ཆུང་ངུ། ཤུ་ལོག་བརྒྱ་ལྔ་བཅུ། 9.འཕགས་པ་མི་གཡོ་མགོན་པོ་ལ་བསྟོད་པ་ལྷ་བཙན་པོས་མཛད་པ་ཤུ་ལོག་10བསམ་གཏན་གྱི་དགོས་པ་བརྒྱད་བསྩལ་བ་ལྷ་”①བཙན་པོས་བཀས་བཅད་པ་ལ་ཤུ་ལོག་བཅས་ཆོས་ཚན་བཅུ་འབྱུང་བས།    l.འཕགས་པ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་།བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ། ཤུ་ལོག2.འཕགས་པ་འཇམ་དཔལ་ལ་བསྟོད་པ།ཤུ་ལོག 3.འཕགས་པ་མི་གཡོ་མགོན་པོ་ལ་བསྟོད་པ་ལྷ་བཙན་པོས་མཛད་པ་ཤུ་ལོག་སྟེ་ཆོས་ཚན་གསུམ་པོ་འདི་《དཀར་ཆག་ལྡན་དཀར་མར་》མ་བསྡུས་པར་གཞིགས་ནའང་《དཀར་ཆག་འཕང་ཐང་མ་》ལས་སྔ་བ་དང་། དེ་མིན་བཙན་པོ་མུ་རུག་བཙན་གྱི་《དགོངས་པ་ངེས་པར་འགྲེལ་བའི་བཤད་པ་》དང་། བཙན་པོ་དབའ་དུན་བརྟན་གྱི་《དབུ་མའི་བཀའ་བཅད་བཤད་པ་དང་བཅས་པ་》དང་། སློབ་དཔོན་དཔལ་བརྩེགས་ཀྱི་《མཚན་ཉིད་གསུམ་མདོར་བསྟན་པ་》དང་།  སློབ་དཔོན་ཀླུའི་རྒྱལ་མཚན་གྱི་《ཆོས་གཏན་ལ་དབབ་པའི་མདོ་》སོགས་《དཀར་ཆག་འཕང་ཐང་མར་》འབྱུང་བ་སྐོར་ཞིག་《དཀར་ཆག་ལྷན་དཀར་མར་》མ་བཀོད་པ་སོགས་མང་ཕྱིར་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་བསྒྲིགས་པའི་རྗེས་སུ་《དཀར་ཆག་འཕང་ཐང་མ་》སྒྲིག་པའང་མངོན་པར་མཚོན་ནུས་སོ།། དེ་ཕྱིར་བྲི་ཞུའི་ཕྱི་མོ་ལས་མང་དུ་འབྱུང་བའི་རྟགས་ཀྱིས་བསྒྲུབ་བྱ་《འཕང་ཐང་མ་》རྗེས་སུ་བྱུང་བར་དཔོག་ནུས་པའི་ཕྱིར།  དེར་ཐལ། དུས་དེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་l.འཕགས་པ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ། ཤུ་ལོག2 འཕགས་པ་འཇམ་དཔལ་ལ་བསྟོད་པ།ཤུ་ལོག 3.འཕགས་པ་མི་གཡོ་མགོན་པོ་ལ་བསྟོད་པ་ལྷ་བཙན་པོས་མཛད་པ་ཤུ་ལོག་སྟེ་ཆོས་ཚན་གསུམ་པོ་འདི་མ་མཛད་པའང་དཔོག་ནུས་པའི་ཕྱིར། དེར་ཐལ།མཛད་ཡོད་ཚེ་《དཀར་ཆག་ལྷན་དཀར་མ་》ནང་མ་བཀོད་པ་ལ་རྒྱུ་མཚན་གང་ཡང་འཇོག་རྒྱུ་མེད་པའི་ཕྱིར་རོ། དཀར་ཆག་གཉིས་ཀར་བཞུགས་པ་དག་ཤོ་ལོ་ཀ་དང་བམ་གྲངས་སོགས་ཕལ་ཆེར་མཐུན་ལ། སྒོས་སུ་《ལྡན་དཀར་མའི་》གཞུང་དངོས་ན་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ།ཞེས་འབྱུང་བ་དང་། 《འཕང་ཐང་མའི་》གཞུང་དངོས་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ།ཞེས་བཙད་དང་བཙན་གྱི་ཁྱད་པར་ཙམ་མ་གཏོགས་ཇི་བཞིན་ཡིན་ནའང་བརྡ་གསར་རྙིང་གི་ཁྱད་པར་འདིས་དུས་སྔ་ཕྱིའི་གོ་རིམ་ཞིག་ཀྱང་ངམ་གྱིས་རྟོགས་ནུས་ཏེ། མཁས་པ་དགེ་ཆོས་ཀྱིས། “བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ།།” ཞེས་འབྱུང་བ་སོགས་ཀྱིས་དུས་ཀྱི་སྔ་ཕྱི་མི་འདྲ་བ་མཚོན་ནུས་པར་གསུངས་སོ།། 
བཞི་པ། དུས་རབས་དེའི་གནས་ཚུལ་དངོས་ལས་《དཀར་ཆག་ལྡན་དཀར་མ་》འདི་བོད་ཀྱི་དཀར་ཆག་གི་ཐོག་མ་ཡིན་པར་མཚོན་པའི་གཏན་ཚིགས།
          《འཕང་ཐང་མ་》འདི་བོད་ཀྱི་དཀར་ཆག་གི་ཐོག་མ་ཡིན་པའི་དབང་དུ་བཏང་ན་ཡར་ལུང་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པ་དེ་ལ་གཞི་བྱས་ནས་ཕོ་བྲང་འོན་ཅང་རྡོར་རྒྱ་བོད་ཀྱི་མཁས་པ་རྣམས་འཚོགས་ཤིང་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བསྒྲིགས་པའི་《དཀར་ཆག་ལྡན་དཀར་མ་》འདི་《འཕང་ཐང་མ་》ལས་རྒྱས་པ་ཞིག་ཡིན་དགོས་པ་ནི་དཀར་ཆག་ཀུན་གྱི་སྒྲིག་སྲོལ་དང་གནས་བབ་དངོས་ཀྱི་དབང་དུ་བྱས་ནའང་དེ་ལྟ་བུ་ཞིག་ཡིན་དགོས་སོ།། སྐབས་དོན་དེར་ད་ལྟ་ནང་བཞིན་པར་ཤིང་སོགས་མེད་ཕྱིར་གསུང་རབ་གང་ཡིན་ཐམས་ཅད་ཕྱག་ནས་ཕྱག་བརྒྱུད་དེ་བྲི་ཞུ་དང་། རྒྱལ་པོས་ཕྱོགས་དང་ཡུལ་གྱི་དཔོན་རིགས་ཁག་ལ་བཀས་བསྐུལ་ཏེ་གསུང་རབ་འདི་དང་འདི་དག་ཚར་ཅི་ཙམ་ཞིག་བྲི་ཞུ་གནང་དགོས་པའི་བཀའ་ལུང་སྩོལ་སྲོལ་ཡོད་པ་དང་། མ་དཔེ་དཀོན་པ་དང་ཆོས་ཚན་གསར་རྙེད་བྱུང་བ་རྣམས་ཁ་སྣོན་མཛད་དེ་བྲི་ཞུ་མཛད་པའི་གནས་ཚུལ་ལོ་རྒྱུས་ཆོས་འབྱུང་དག་ན་ཉི་མ་ཤར་བཞིན་གསལ་ལོ།།①《དུང་དཀར་ཚིག་མཛོད་》དུའང་ཕྱིས་སུ་བཞེངས་པའི་བཀའ་བསྟན་གསར་བཞེངས་སྐབས་མ་དཔེ་དཀོན་པའི་ཆོས་ཚན་གསར་རྙེད་བྱུང་བ་རྣམས་ཁ་སྣོན་མཛད་སྲོལ་ཡོད་པའི་རྒྱུས་གསུངས་ཤིང་། དཔེར་ན། བུ་སྟོན་རིན་པོ་ཆེས་《ཞ་ལུའི་བསྟན་འགྱུར་》གསར་བཞེངས་སྐབས་དང་། བུ་སྟོན་གྱི་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་《སྣེ་གདོང་ཕོ་བྲང་གི་བསྟན་འགྱུར་》བཞེངས་སྐབས་སུའང་གསར་དུ་རྙེད་པ་དག་ཁ་གསབ་གནང་བའི་ཚུལ་དེ་དེ་བཞིན་ཡིན་ནོ།།   
དེ་ཡང་ཕྱིས་སུ་བསྒྱུར་བ་རྣམས་མ་གཏོགས་ཐོག་མ་ཡར་ལུང་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་གསུང་རབ་དག་ཡིན་དགོས་པའི་དབང་དུ་བྱས་ན་《ལྷན་དཀར་མར་》དེ་ལྟར་ཇི་བཞིན་མ་བྱུང་ཕྱིར་བྲི་ཞུ་མཛད་གནང་གི་མ་གཞུང་དག་འཕང་ཐང་ཀ་མེད་ན་བཞུགས་པའི་གསུང་རབ་རྣམས་མིན་པ་དོན་གྱིས་རྟོགས་ནུས་པས།དཀར་ཆག་སྤྱི་ལུགས་ཀྱི་སྒྲིག་སྲོལ་དང་ཡང་མི་མཐུན་པའི་ཕྱིར་རོ།།   
          གཞན་ཡང་《དཀར་ཆག་འཕང་ཐང་མར་》མུ་རུག་བཙན་པོ་དང་བཙན་པོ་དབའ་དུན་བརྟན་གཉིས་ཀྱི་གསུང་དཀར་ཆག་ཏུ་བསྡུས་པར་གཞིགས་ན་བཙན་པོ་དབའ་དུན་བརྟན་གྱི་རྗེས་སུ་བསྒྲིགས་པ་ཞིག་དང་ཡང་ན་སྐབས་དེར་བསྒྲིགས་པ་ཞིག་ཡིན་དགོས་སམ་སྙམ་པའི་དོགས་གཞི་ཡང་ཡོད། དེ་ཕྱིར་《དཀར་ཆག་འཕང་ཐང་མ་》འདི་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐབས་བྲིས་པའམ་བསྒྲིགས་པ་ཞིག་ཡིན་པ་བསྙོན་དུ་མེད་དོ།།  ཀུན་མཁྱེན་བུས་《དཀར་ཆག་འཕང་ཐང་མ་》འདི་འཆིམས་ཕུ་མའི་རྗེས་སུ་བྲིས་པར་བཞེད་པ་ལ་དགོངས་པ་ཟབ་ཆེ་ལ། ཡིན་ཡང་《དཀར་ཆག་འཆིམས་ཕུ་མ་》འདི་ཉིད་འཛམ་གླིང་ཤར་ནུབ་ཀུན་ཏུ་རྩད་བཅད་ནའང་མི་རྙེད། དུས་འགྱུར་གང་ཞིག་ལ་འཇིག་སོང་བ་རྒོར་མ་ཆག་པས་ད་ལྟ་མི་བཞུགས་ཕྱིར་དཔྱད་དཀའ།
          “ཁྲི་སྲོང་གི་སྲས་འབྲིང་བོ་མུ་རུག་བཙན་པོས་ཞང་རྒྱ་ཚ་ལྷ་ནང་གེ་བུ་བཀུམས་པའི་ཚེ་བློན་པོ་འསོས་རྒན་གྱིས་ཞལ་ལྕེ་བཅད་པར་བརྟེན་ལྷ་སྲས་བྱང་ཕྱོགས་ཀྱི་སོ་ཁ་སྲུང་བའི་སླད་དུ་ཁམས་གཡར་མོ་ཐང་དུ་བྱོན།”②ཞེས་ལྔ་པའི་རང་རྣམ་དུ་གུ་ལའི་རྗེས་སུ་འབྲངས་ཏེ་མུ་རུག་བཙན་པོ་འདི་བ་ཁྲི་སྲོང་ཀི་སྲས་མུ་དུག་བཙན་པོ་ཡིན་པར་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་བསྟན་རྩིས་ཀུན་བཏུས་སུ་གསུངས་སོ།།   
          རྒྱུ་མཚན་དེ་རིགས་ཀྱི་མཐུས་《དཀར་ཆག་ལྷན་དཀར་མ་》ཁྲི་སྲོང་ལྡེ་བཙན་སྐབས་བྲིས་པ་དང་། 《དཀར་ཆག་འཕང་ཐང་མ་》ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐབས་བྲིས་པར་འདོད་དོ།། ཡིན་ཡང་སྐབས་དོན་གྱི་བཀའ་དང་བསྟན་བཅོས་དག་གི་བསྒྱུར་བ་བོ་ལ་དཔྱད་དགོས་པ་མང་། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་འདི་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པར་③བུ་སྟོན་གསུངས་ལ། སྤྱི་ལོ་824ལ་《དཀར་ཆག་ལྡན་དཀར་མ་》བྲིས་པར་བསྟན་རྩིས་ཀུན་བཏུས་④བཞེད་དོ།། 《དབའ་བཞེད་ཞབས་བཏེགས་མ་》ལས། “དེ་ནས་རྒྱལ་བོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱིས་ལྷ་ས་དཀར་ཆུང་གི་གཙུག་ལག་ཁང་དང་ལྷ་ས་ཁྱམས་ཁྲ་མོ་བཞེངས། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་གསོ་བ་དང་རྒྱན་འདོགས་པར་མཛད་དོ།།བཀས་བཅད་ནས་འོན་ཅང་རྡོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་དུ་བཤད་དོ།།”ཞེས་དང་།ཡང་“རྒྱལ་བོ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་ཕོ་བྲང་ལྷན་དཀར་དུ་སྐུ་གཏམས། ཁོང་གིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དང་། མཆིམས་ཕུ་ནམ་ར། ཀཱ་ཆུ། བྲག་དམར་འགྲན་བཟང་། མདོ་སྨད་གླིང་གི་ཁྲི་ཙེ་བཅས་པའི་གཙུག་ལག་ཁང་དང་ཕོ་བྲང་བཞེངས།”①ཞེས་གསུངས་པ་ལ་བརྟག་དགོས་པ་ཡོད།   
          དེས་ན་བསམ་པར་བྱ་བ་ནི་ཕོ་བྲང་འོན་ཅང་རྡོ་འདི་རྒྱལ་པོ་ཁྲི་་སྲོང་ལྡེ་བཙན་གྱི་ཕོ་བྲང་ཡིན་པར་《དབའ་བཞེད་》དུའང་གསུངས་པ་དང་། སད་མི་མི་བདུན་སོགས་བོད་འབངས་སུམ་རྒྱ་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ས་ཡང་འདི་ཡིན་པར་ལོ་རྒྱུས་ཡིག་ཚང་དག་ལས་འབྱུང་བས་དཔྱད་དགོས་པ་ཡོད་དོ།།   
          རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་སྲས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་མེས་པོ་སོང་མའི་ཤུལ་བཞག་ལ་སྲུང་སྐྱོབ་དང་། རང་གི་ཆོས་སྲིད་ཀྱང་གོང་མ་ནང་བཞིན་འཕེལ་བའི་རེ་སྨོན་བརྟན་པ་རྒྱལ་རབས་ལོ་རྒྱུས་ཀུན་ན་གསལ་ཞིང་།འདི་སྐོར་གྱི་དཀར་ཆག་དང་འབྲེལ་བའི་དཔྱད་པ་ཞིབ་མོ་ཞིག་ཟུར་དུ་《དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མའི་བསྡུར་དཔྱད་》ཅེས་པའི་རྩོམ་དུ་གླེང་འདོད་པས་དེར་གཟིགས་འཚལ།
          ①《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》 ཝང་ཡོ་དང་ཁྲིན་ཅན་གཉིས་ཀྱིས་སྒྱུར་མཆན་བཏབ་ཅིང་།  ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་མཉམ་དུ་བསྒྲིགས། 2008ལོར། ཤོག་ངོས་229ན་གསལ།
          ②《ལྡེའུ་ཆོས་འབྱུང་བསྡུས་པ》 ལྡེའུ་ཇོ་སྲས་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། །1987ལོར། ཤོག་ངོས་119ན་གསལ།
          ③《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་ཕོ་ཉར་བསྡུས་པ། ཝུ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་23 ཐིག་ཕྲེང3པར་གསལ།    
          ④《བསྟན་འགྱུར་དཔེ་བསྡུར་མ》 ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་ནས། 《ཀྲུང་གོའི་བོད་ཀྱི་ཤེས་རིག》 2000ལོའི་དེབ་lཔོ་དང་2པ།    
          ⑤《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བས་པའི་གནའ་བོའི་གཏམ་ལ་འཇུག་པའི་ཕོ་ཉར་བསྡུས་པ། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་23 ཐིག་ཕྲེང་3པར་གསལ།    
          ⑥《དབའ་བཞེད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོའི་ཟླ་11པའི་ནང་དཔར།  ཤོག་ངོས་290 ཐིག་ཕྲེང་ l3པ་ན་གསལ། 
          ①《བུ་སྟོན་ཆོས་འབྱུང》 བུ་སྟོན་རིན་ཆེན་གྲུབ། མ།ཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ1988ལོར་པར་ཐེངས་དང་པོ་བཏབ། ཤོག་ངོས་314 ཐིག་ཕྲེང་8པ་ན་གསལ།   
          ②《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པའི་ནང་ཐེངས་3པ་དཔར་ ཤོག་ངོས་219 ཐིག་ཕྲེང5པ་ན་གསལ།   
          ③《བསྟན་རྩིས་ཀུན་བཏུས》མཁས་དབང་ཆེ་བརྟན་ཞབས་དྲུང་་  l983ལོའི་ཟླ་12པར་པར་ཐེངས་1པོ་དཔར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།ཤོག་ངོས་134ན་གསལ།   
          ④《གསན་ཡིག་གངྒཱའི་ཆུ་རྒྱུན》 རྒྱལ་དབང་ལྔ་བ། 2002ལོའི་ཟླ་4བར་དཔར། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།  ཤོག་ངོས་118་གསལ།   
          ⑤《སྡེ་དགེའི་བཀའ་འགྱུར་དཀར་ཆག》 སི་ཏུ་ཆོས་ཀྱི་འབྱུང་གནས་  1989ལོའི་ཟླ་7བར་པར་ཐེངས་དང་པོ་དཔར། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་302ན་གསལ། 
          ①ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་ཀི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐང་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་སྐལ་པའི་བསོད་རྣམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཆུལ་ལས་ཉེ་བར་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་བླ་བ་གསར་པ་》ཞེས་བྱ་བའི་དབུའི་གསལ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1985ལོའི་ཟླ་ l2བའི་ནང་པར་ཐེངས་2པ་དཔར། ཤོག་ངོས་ l ཐིག་ཕྲེང་3་པ་ན་གསལ།    
          ②《དུང་དཀར་ཚིག་མཛོད་ཆེན་མོ》 མཁས་དབང་དུང་དཀར། 2002ལོའི་ཟླ་4བར་དཔར། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་ 154ན་གསལ།    
          ③《དུང་དཀར་ཚིག་མཛོད་ཆེན་མོ》 མཁས་དབང་དུང་དཀར།  2013ལོའི་ཟླ་3བར་དཔར། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་ 10ན་གསལ།
          ①《བོད་རྒྱ་ཚིག་མཛོད་ཆེན་མོ》 ཀྲང་དབྱི་སུན་སོགས་བོད་ཀྱི་མཁས་པ་སྐོར་ཞིག་གིས་བསྒྲིགས། །1993ལོའི་ཟླ་12པར་པར་ཐེངས་4བ་དཔར།  མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་132 ཐིག་ཕྲེང་6པར་གསལ། 
          ①②《དཀར་ཆག་འཕང་ཐང་མ》 བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་གིས་2005པའི་ཟླ་6པའི་ནང་པར་ཐེངས་2པ་དཔར། ཤོག་ངོས་3  ཐིག་ཕྲེང་1དང5པར་གསལ།
          ①《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་པོ་ཉར་བསྡུས་པ།  ལྦཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་21 ཐིག་ཕྲེང་4པར་གསལ།    
          ②《དབའ་བཞེད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོའི་ཟླ་ 11པའི་ནང་དཔར། ཤོག་ངོས་290 ཐིག་ཕྲེང13པ་ན་གསལ།    
          ③《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྐྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་པོ་ཉར་བསྡུས་པ།  《དཀར་ཆག་ལྡན་དཀར་མ》  ལྦཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་23ཐིག་ཕྲེང་3པར་གསལ    
          ④《དཀར་ཆག་འཕང་ཐང་མ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2005འི་ཟླ་6པའི་ནང་པར་ཐེངས2པ་དཔར། ཤོག་ངོས3ཐིག་ཕྲེང་1ན་གསལ། 
          ①《སྒྲ་སྦྱོར་བམ་གཉིས》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས2005ལོའི་ཟླ6པའི་ནང་པར་ཐེངས2པ་དཔར། ཤོག་ངོས་70 ཐིག་ཕྲེང་10པ་ན་གསལ།   
          ②《བུ་སྟོན་ཆོས་འབྱུང》 བུ་སྟོན་རིན་ཆེན་གྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ1988ལོར་པར་ཐེངས་དང་པོ་བཏབ་།  ཤོག་ངོས་308ཐིག་ཕྲེང་24བ་ན་གསལ།   
          ③《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་པོ་ཉར་བསྡུས་པ་  《དཀར་ཆག་ལྡན་དཀར་མ》  ལྦཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་69 ཐིག་ཕྲེང་12པར་གསལ།
          ①《དཀར་ཆག་འཕང་ཐང་མ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས2005འི་ཟླ་6པའི་ནང་པར་ཐེངས་2པ་དཔར། ཤོག་ངོས་47 ཐིག་ཕྲེང་12པ་ན་གསལ།
          ①《བོད་རྒྱ་ཚིག་མཛོད་ཆེན་མོ》 ཀྲང་དབྱི་སུན་སོགས་བོད་ཀྱི་མཁས་པ་སྐོར་ཞིག་གིས་བསྒྲིགས། 1991ལོའི་ཟླ་12པར་པར་ཐེངས་4བ་དཔར། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་154 ཐིག་ཕྲེང་6པར་གསལ།    
          ②④《བསྟན་རྩིས་ཀུན་བཏུས》 མཁས་དབང་ཚེ་བརྟན་ཞབས་དྲུང་།1983ལོའི་ཟླ་ l2པར་པར་ཐེངས་ 1པོ་དཔར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།  ཤོག་ངོས་183ཐིག་ཕྲེང་20བ་ན་གསལ། སོག་ངོས་134ན་གསལ།
          ③《བུ་སྟོན་ཆོས་འབྱུང》 བུ་སྟོན་རིན་ཆེན་གྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ l988ལོར་པར་ཐེངས་དང་པོ་བཏབ། ཤོག་ངོས་183ཐིག་ཕྲེང་2oབ་ན་གསལ།
          ①《དབའ་བཞེད》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོའི་ཟླ11པའི་ནང་དཔར། ཤོག་ངོས་2290  ཐིག་ཕྲེང་13པ་ན་གསལ།   
          ཆུ་སྐྱེས་དགེ་འདུན་བསམ་གཏན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་འབུམ་རམས་པའི་སློབ་དཔོན་ཆེན་མོ་ཡིན།   
          ཚེ་རིང་འཚོ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གློག་ཆས་བཟོ་སྐྲུན་སློབ་གླིང་རྒྱ་བོད་སྐད་གཉིས་དངོས་ལུགས་རིག་པའི་དགེ་རྒན་ཆེ་མོ་གཞོན་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1