༄༅།། ཕག་གྲུའི་སྡེ་སྲིད་རིམ་བྱོན་དང་དབང་སྒྱུར་གྱི་ལོ་ཚིགས་ལ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-18


ཐུབ་བསྟན་ཕུན་ཚོགས།
གཅིག ཕག་གྲུ་སྡེ་སྲིད་དང་ལོ་ཚིགས་ནོར་བའི་སྐོར།
          ཉེ་ཆར་བྲིས་པའི་《ཁ་བ་རི་པའི་ལོ་རྒྱུས་ཡིད་དགའི་ཕྲེང་བ་》དང་། 《བོད་ལྗོངས་སྤྱི་བཤད་》ལ་སོགས་པའི་ལོ་རྒྱུས་ཡིག་ཆ་ཁག་གཅིག་གི་ནང་དུ། ཕག་གྲུ་སྡེ་སྲིད་རིམ་བྱོན་གྱི་རེའུ་མིག་བཀོད་ཡོད་པ་དེ་དག་ལ་སྲིད་རབས་བཅུ་གཉིས་བཀོད་འདུག་པ་དེ་ཁུངས་གང་ལ་བཅོལ་ནས་བྲིས་པ་མི་གསལ་ཡང་། སྲིད་རབས་དང་ལོ་ཚིགས་མང་པོ་ཞིག་ནོར་ཡོད་པ་ནི་《དེབ་ ཐེར་སྔོན་པོ་》དང་《དེབ་དམར་གསར་མ་》གཉིས་ལ་བལྟས་པ་ཙམ་གྱིས་ཤེས་སླ།  
          《དེབ་ཐེར་སྔོན་པོ》རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་ནི་སྤྱི་ལོ་༡༣༩༢ལོར་འཁྲུངས། སྤྱི་ལོ་༡༤༧༦ལོར་དེབ་ཐེར་སྔོན་པོ་བརྩམས། སྤྱི་ལོ་༡༩༨༡ལོར་སྐུ་གཤེགས། ཁོང་ནི་ཕག་གྲུ་སྡེ་སྲིད་ལྔ་པ་གྲགས་པ་རྒྱལ་མཚན་དང་། དྲུག་པ་གྲགས་པ་འབྱུང་གནས། བདུན་པ་ཀུན་དགའ་ལེགས་པ། བརྒྱད་པ་སྤྱན་སྔ་ངག་གི་དབང་པོ་བཅས་ཀྱི་དུས་སུ་དངོས་སུ་བཞུགས་ཡོད་པ་རེད། 《དེབ་དམར་གསར་མ་》རྩོམ་པ་པོ་པཎ་ཆེན་བསོད་ནམས་གྲགས་པ་ནི་སྤྱི་ལོ་༡༤༧༨ ལོར་སྐུ་འཁྲུངས། སྤྱི་ལོ་༡༥༣༨ ལོར་《དེབ་དམར་གསར་མ་》 བརྩམས། སྤྱི་ལོ་༡༥༥༤ལོར་སྐུ་གཤེགས་སོ། རྗེ་འདི་ནི་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་སྲིད་བསྐྱངས་པའི་དུས་དང་། སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པ་བཅས་ཀྱི་སྐུ་དུས་སུ་ཞལ་བཞུགས་ཡོད་པ་ཞིག་ཡིན། དེས་ན་ཕག་གྲུ་སྡེ་སྲིད་ལྔ་པ་གྲགས་པ་རྒྱལ་མཚན་ནས་བཅུ་པ་ངག་དབང་བཀྲ་ཤིས་གྲགས་པའི་བར་དང་། དེའི་བར་མཚམས་སུ་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་བྱས་པ་སོགས་ཀྱི་ལོ་རྒྱུས་དེ་དག་ནི། འགོས་ལོ་གཞོན་ནུ་དཔལ་དང་། པཎ་ཆེན་བསོད་ནམས་གྲགས་པ་རྣམ་གཉིས་ལ་མཚོན་ན་མཐོང་བ་མངོན་གྱུར་གྱི་ལོ་རྒྱུས་ཤིག་ཡིན་པས་ནོར་འཁྲུལ་ཡོང་མི་སྲིད། སྤྱི་ལོ་༡༥༣༨ལོ་ནས་སྤྱི་ལོ་༡༦༡༨ལོ་བར་གྱི་ཕག་གྲུའི་སྡེ་སྲིད་སུ་བྱུང་གི་ལོ་རྒྱུས་གཙོ་བོར་རྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནི་སྐབས་དེའི་དུས་རབས་དང་ཉེ་ཤོས་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན། 
          ཕག་གྲུ་སྡེ་སྲིད་རིམ་བྱུང་དང་ལོ་ཚིགས་ནོར་འཁྲུལ་ཅན་གྱི་རེའུ་མིག
          ཆོས་རྒྱལ་གྱི་མིང་།                          ཁྲི་བཞུགས་དུས་སྐབས།
          སི་ཏུ་བྱང་ཆུབ་རྒྱལ་མཚན།                    1354—1371
          ཤཱཀྱ་རྒྱལ་མཚན།                      1372—1384
          གྲགས་པ་བྱང་ཆུབ།                      1385—1390
          བསོད་ནམས་གྲགས་པ།                      1391—1408
          གྲགས་པ་རྒྱལ་མཚན།                      1409—1434
          སངས་རྒྱས་རྒྱལ་མཚན།                      1435—1439
          གྲགས་པ་འབྱུང་གནས།                      1440—1468
          ཀུན་དགའ་ལེགས་པ།                      1469—1473
          རིན་ཆེན་རྡོ་རྗེ།                       1474—1513
          སྤྱན་སྔ་ངག་གི་དབང་པོ།                      1565—1578
          ངག་དབང་བཀྲ་ཤིས་གྲགས་པ།                      1565—1578
          ངག་དབང་གྲགས་པ།                      1579—1617
གཉིས། འཁྲུལ་སེལ་གྱི་སྐོར།   
          《བོད་ལྗོངས་སྤྱི་བཤད་》ལ་སོགས་ཡིག་ཆ་ཁག་གཅིག་ཏུ་འཁོད་པའི་གོང་གསལ་ཕག་གྲུ་སྡེ་སྲིད་རིམ་བྱུང་གི་རེའུ་མིག་འདི་ནི་《དེབ་སྔོན་》ལ་སོགས་བོད་ཀྱི་ཡིག་རྙིང་དག་གི་བརྗོད་དོན་ཇི་བཞིན་གོ་བ་མ་ལོན་སྟབས་འོལ་ཚོད་ཀྱིས་བསྒྲིགས་པར་སྣང་སྟེ། དེ་ལྟ་བུ་ནི་བོད་ཀྱི་ཁུངས་ལྡན་ཡིག་ཆ་གང་དུའང་མ་བཤད་པའི་ཕྱིར། ལྷག་པར་རེའུ་མིག་འདིའི་ནང་དུ་སྡེ་སྲིད་དྲུག་པ་སངས་རྒྱས་རྒྱལ་མཚན་དང་། སྡེ་སྲིད་དགུ་པ་རིན་ཆེན་རྡོ་རྗེ་གཉིས་ལོ་རྒྱུས་དངོས་དང་འགལ་ཏེ།
          དང་པོ། སྡེ་སྲིད་གྲགས་པ་རྒྱལ་མཚན་དང་གྲགས་པ་འབྱུང་གནས་གཉིས་ཀྱི་བར་ལ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་སྲིད་བཟུང་མེད་པ་《དེབ་སྔོན་》དང་། 《དེབ་དམར་གསར་མ་》གཉིས་ཀར་གསལ་པོར་འཁོད་ཡོད་པར། གྲགས་པ་རྒྱལ་མཚན་ནི་རབ་བྱུང་དྲུག་པའི་ཤིང་སྟག་(སྤྱི་ལོ་༡༣༧༤)ལོར་འཁྲུངས་པ་དང་། རབ་བྱུང་དྲུག་པའི་ཤིང་གླང་(སྤྱི་ལོ་༡༣༨༥)ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་འཁོད། རབ་བྱུང་བདུན་པའི་ཆུ་བྱི་(སྤྱི་ལོ་༡༤༣༢)ལོར་སྐུ་གཤེགས། གྲགས་པ་འབྱུང་གནས་ནི། རབ་བྱུང་བདུན་པའི་ཤིང་རྟ་(སྤྱི་ལོ་༡༤༡༤)ལོར་འཁྲུངས། སྤྱི་ལོ་༡༤༤༥ལོར་སྲིད་ཀྱི་ཁྲི་ལ་འཁོད། རབ་བྱུང་བདུན་པའི་ཤིང་གླང་(སྤྱི་ལོ་༡༤༤༥)ལོར་སྐུ་གཤེགས། ཞེས་གསལ་བ་འདི་གཉིས་ཀྱི་བར་ན་ཁྲི་རབས་བར་སྟོང་མེད་པར་གཅིག་རྗེས་གཉིས་མཐུད་དུ་སྡེ་སྲིད་ཀྱི་ཁྲི་འཛིན་ཡོད་པ་དང་། དེ་སྐབས་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་སྡེ་སྲིད་ཀྱི་དབང་འཛིན་པའི་ཐུགས་འདུན་ཡོད་ཀྱང་དགོངས་བཞེད་ཇི་བཞིན་མ་འགྲུབ་པའི་གནས་ཚུལ་ཁ་གསལ་《དེབ་སྔོན་》དང་། 《དེབ་དམར་གསར་མ་》གཉིས་ཀ་ན་འཁོད་ཡོད་པའི་ཕྱིར། དོན་དེ་ཚད་མ་ཡིན་ཏེ། 《དེབ་སྔོན་》 རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་སྐབས་དེར་ཞལ་བཞུགས་བཞིན་པའི་གང་ཟག་ཡིན་པའི་ཕྱིར།
          གཉིས་པ། ཀུན་དགའ་ལེགས་པ་དང་། སྤྱན་སྔ་ངག་གི་དབང་པོ་གཉིས་ཀྱི་བར་ན་རིན་ཆེན་རྡོ་རྗེ་ཡོང་མི་སྲིད་དེ། སྡེ་སྲིད་བདུན་པ་ཀུན་དགའ་ལེགས་པ་ནི། རབ་བྱུང་བདུན་པའི་ཆུ་གླང་(སྤྱི་ལོ་༡༤༣༣)ལོར་འཁྲུངས། རབ་བྱུང་བརྒྱད་པའི་ས་འབྲུག་(སྤྱི་ལོ་༡༤༤༨)ལོར་ཁྲིར་འཁོད་པ་《དེབ་སྔོན་》དང་། 《དེབ་དམར་གསར་མ་》གཉིས་ཀར་གསལ། རབ་བྱུང་བརྒྱད་པའི་ཆུ་ཡོས་(སྤྱི་ལོ་༡༤༨༡)ལོར་ཀུན་དགའ་ལེགས་པ་སྐུ་གཤེགས་པ་དང་། སྤྱན་སྔ་ངག་གི་དབང་པོ་སྡེ་སྲིད་ཀྱི་ཁྲི་ལ་བཞུགས་པ་《དེབ་དམར་གསར་མ་》ན་གསལ། ལོ་དེར་འགོས་ལོ་གཞོན་ནུ་དཔལ་སྐུ་གཤེགས། 《དེབ་སྔོན་》 བརྩམས་ནས་ལོ་ངོ་དྲུག་ཕྱིན། 《དེབ་དམར་གསར་མ་》རྩོམ་པ་པོ་པཎ་ཆེན་བསོད་གྲགས་སྐུ་འཁྲུངས་ནས་ལོ་ངོ་བཞི་ལ་ཟིན་ཡོད། དེས་ན་དེ་གཉིས་ཀྱི་བར་ན་རིན་ཆེན་རྡོ་རྗེས་སྡེ་སྲིད་བྱས་མེད་པ་མངོན་སུམ་ཚད་མས་གྲུབ་བོ།
          གསུམ་པ། སྤྱན་སྔ་ངག་གི་དབང་པོའི་རྗེས་ཀྱི་ལོ་རྒྱུས། སྤྱན་སྔ་ངག་གི་དབང་པོ་དགུང་ལོ་ང་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་ཕག་( ༡༤༩༠)ལོར་སྐུ་གཤེགས། དུས་དེར་སྲས་སྐུ་ན་ཆུང་སྟབས་རིན་སྤུངས་པས་དཔོན་ཚབ་བྱས་པ་དང་། རབ་བྱུང་བརྒྱད་པའི་ས་ལུག་(སྤྱི་ལོ་༡༤༩༩)ལོར་རིན་སྤུངས་པས་གཙོས་སྡེ་དཔོན་རྣམས་སྣེའུ་གདོང་དུ་འཚོགས་ནས་དགུང་ལོ་བཅུ་གཉིས་ལ་སོན་པའི་སྲས་ངག་དབང་བཀྲ་ཤིས་གྲགས་པ་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད་པ་《དེབ་དམར་གསར་མ་》དང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》གཉིས་ཀར་གསལ། རིན་སྤུངས་པས་སྲིད་སྐྱོང་བའི་དུས་དེར་ལོ་རྒྱུས་ཐོག་དཔོན་ཚབ་ཐེལ་གཏོང་གི་དུས་ཟེར། ལྷག་པར་དུ་སྐབས་དེའི་སྐོར་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། སྲས་ངག་དབང་བཀྲ་ཤིས་གྲགས་པ་སྐུ་བལྟམས་ནས་རིང་པོ་མ་ལོན་པར་སྤྱན་སྔ་ཞི་བར་གཤེགས་ཁར་སྲས་སྐུ་ན་ཧ་ཅང་ཕྲ་བས་དེ་ལ་ཐུགས་ཆགས་པའི་ཚུལ་གྱིས་སྐུ་ངལ་ཆེན་པོར་གྱུར་སྐབས། སྤྱན་སྔ་ཆོས་ཀྱི་གྲགས་པས་གདུང་རྒྱུད་རིན་པོ་ཆེ་ནར་སོན་པའི་རིང་ཁོ་རང་གི་ཐེལ་གྱི་སྤྱན་སྔའི་ཁུར་བཞེས་དང་། ཐེལ་རྩེད་ཐང་གི་ཆེན་པོའི་གྲོས་ལ་དབང་བ་བློན་པོ་རྣམས་དང་བཅས་པར་གནང་བཀོད་བཀའ་ནན་སོགས་ཀྱིས་ཁྱབ་པའི་སྡེ་སྲིད་ཀྱི་ལ་རྒྱ་མི་འཆུགས་པའི་ཞལ་ལེན་མཛད། དེ་ཡང་དཔོན་ཚབ་ཐེལ་གཏོང་བྱེད་པ་རིན་སྤུངས་མཚོ་སྐྱེས་རྡོ་རྗེས། བློན་པོ་གཞན་རྣམས་ལ་གྲོས་མེད་པར་འགའ་ཞིག་གིས་འདོད་པ་ལྟར་མཛད་པས། སྡེ་དཔོན་གཞན་རྣམས་མ་འདོད་པའི་དབང་གིས་སྡེ་གཟར་ལངས། འོན་ཀྱང་འཕྱོང་རྒྱས་ནས་སྡེ་སྲིད་ཀྱི་ལ་རྒྱ་ལ་དགོངས་ཏེ་ཐུགས་ཁོག་ཆེ་བར་མཛད་པས་ཡོ་འཁྱོམས་ཆེར་མ་བྱུང་། ཞེས་དང་། ཡང་དེ་ཉིད་ལས། དེ་རྗེས་རིན་སྤུངས་པ་དང་འཕྱོང་རྒྱས་པ་གཉིས་ཀྱིས་གཙོས་པའི་བློན་པོ་རྣམས་བཀའ་བགྲོས་ཐོག་ནས་གདུང་རྒྱུད་རིན་པོ་ཆེ་ངག་དབང་བཀྲ་ཤིས་གྲགས་པ་ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་སྤྱན་དྲངས། (སྤྱི་ལོ་༡༤༩༩)གཞོན་ནུའི་དུས་ཉིད་ནས་རོལ་རྩེད་སོགས་སྐྱེ་བོ་ཕལ་པ་དག་གི་སྤྱོད་ཡུལ་ལས་རྣམ་པར་འདས་པས་འཇིག་རྟེན་གྱི་མེས་པོ་རྣམས་ཀྱིས་ཀྱང་བློས་འཁྱུད་པར་དཀའ་ཞིང་། ཆོས་དང་སྲིད་ཀྱི་ཡོན་ཏན་མ་ལུས་ཅིག་ཅར་དུ་ཤོང་བའི་ཟ་མ་ཏོག་ལྟོ་བ་རབ་ཏུ་ཡངས་པ། ཞེས་སོགས་བསྟོད་བསྔགས་མང་པོ་གནང་བ་དང་། ཡང་དེ་ཉིད་ལས། འོན་ཀྱང་འདི་ཉིད་ཀྱི་དུས་སུ། གྲགས་འབྱུང་མིང་ཅན་སྣེ་ཡི་གདོང་པོ་འཛིན། །བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་རྔོད། །ཞེས་པའི་ལུང་བསྟན་ལྟར། རིན་སྤུངས་ངག་དབང་རྣམ་རྒྱལ་གྱིས་ཨེ་གཉལ་གྱི་ཕྱོགས་སུ་དམག་གི་དཔུང་ཁྱེར་བྱེད་པ་སོགས་གོང་མའི་(ངག་དབང་བཀྲ་ཤིས་གྲགས་པ་)དགོངས་པར་ཕོག་པ་མཛད་པར་བརྟེན། ཞྭ་དམར་བཞི་པས། ཕག་མོ་གྲུ་པའི་སྡེ་སྲིད་འདི། སྤྱིར་རྒྱལ་ཁམས་ཡོངས། སྒོས་སྡེ་དཔོན་རྣམས། ཡང་སྒོས་ཁྱོད་རིན་སྤུངས་པ་ལ་གཅེས་པས་དགོངས་བསམ་མཛད་དགོས་ཚུལ་གསུངས་ཀྱང་བཞེད་པ་ཞིག་མ་བྱུང་། དེ་ཡང་ལུང་བསྟན་དུ་གྲགས་འབྱུང་ཞེས་པ་གོང་མ་གྲགས་འབྱུང་བའི་སྐབས་དུས་མི་བདེ་བ་འགའ་ཞིག་བྱུང་བའི་འགོ་ཟིན་པ་ལ་དགོངས་ཀྱི། དངོས་གཞི་གོང་མ་འདིའི་དུས་སོ། དེ་སྐབས་འཇམ་དབྱངས་གོང་མས་དབང་གི་མཚན་དང་འཇའ་ས་གནང་། ཞབས་དྲུང་གོང་མ་ཆེན་པོ་དཔལ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀྭན་ཏིན་གུ་ཤྲི་ཧོ་ཝང་གི་མཚན་གྱི་ཟློས་གར་སྲིད་པ་གསུམ་གྱི་མེ་ལོང་གི་ངོས་སུ་གསལ་བར་ཤར་རོ། ཞེས་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་ལ་རྒྱ་ནག་གོང་མས་འཇའ་ས་གནང་བའི་དུས་ནི་སྤྱི་ལོ་༡༥༦༥ པའི་ཤིང་གླང་ལོ་ཡིན་པ་དུང་དཀར་རིན་པོ་ཆེས་མཛད་པའི་《ཆོས་སྲིད་ཟུང་འབྲེལ་》ལས་གསལ།
          སྤྱི་ལོ་༡༥༣༨ ལོར་《དེབ་དམར་གསར་མ་》རྩོམ་སྐབས་སྡེ་སྲིད་སྤྱན་སྔ་ངག་གི་དབང་པོ་ཞལ་བཞུགས་དུས་ཡིན་ཞིང་ལོ་དེར་སྣེ་གདོང་དང་རིན་སྤུངས་པའི་ཕྱོགས་གཉིས་སྡེ་འཁྲུག་ཆེན་པོ་བྱུང་བར་རྒྱལ་ཕམ་གྱི་དབྱེ་བ་ཆེར་མ་བྱུང་ཞེས་《དེབ་དམར་》ན་གསལ།           བཞི་པ། སྤྱི་ལོ་༡༥༣༨ ནས་སྤྱི་ལོ་༡༦༡༨ བར་གྱི་ཕག་གྲུའི་སྡེ་སྲིད་སྐོར། ཐོག་མར་《དེབ་དམར་གསར་མ་》དང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》བཅས་ལས་གསལ་བ་ལྟར། སྤྱི་ལོ་༡༤༩༩ལོར་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་སྡེ་སྲིད་ཀྱི་ཁྲི་ལ་འཁོད་པ་དང་། སྤྱི་ལོ་༡༥༦༥ལོའི་ཉེ་སྐོར་བར་བཞུགས་ཡོད་པ་གོང་གསལ་ལྟར་རོ། འོ་ན་སྡེ་སྲིད་འདིའི་རྗེས་སུ་ཕག་གྲུའི་སྡེ་སྲིད་སུ་ཡིན་ཞེ་ན།《དེབ་དམར་གསར་མ་》ལས། དགུང་ལོ་བཅུ་བདུན་པ་རབ་བྱུང་བརྒྱད་པའི་ཤིང་བྱི་(སྤྱི་ལོ་༡༥༠༤)ལོར་རིན་སྤུངས་པའི་སྲས་མོ་ཞིག་ཁབ་ཏུ་བཞེས། རབ་བྱུང་དགུ་པའི་ས་འབྲུག་(སྤྱི་ལོ་༡༥༠༨)ལོར་སྲས་འགྲོ་བའི་མགོན་པོ་འཁྲུངས། དེའི་རྗེས་སུ་སྤྱན་སྔ་གྲགས་འབྱུང་བ་འཁྲུངས། ཞེས་གསུངས་པ་དང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། གོང་མ་འདི་ཉིད་ལ་རིན་སྤུངས་པའི་སྲས་མོ་ཞིག་ཁབ་ཏུ་བཞེས་པར་སྲས་གོང་མ་འགྲོ་བའི་མགོན་པོ་དང་། སྤྱན་སྔ་གྲགས་འབྱུང་བ་གཉིས་ལས། གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་ཕེབས། དཔོན་ས་འཕྱོང་རྩེའི་དྲུང་ཁབ་ཏུ་བཞེས་པའི་སྲས་ཞབས་དྲུང་ངག་དབང་གྲགས་པ་སྐུ་བལྟམས། འགྲོ་བའི་མགོན་པོ་གཤེགས་པའི་གདུང་རྟེན་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲས་པ་ཕོ་བྲང་གོང་རི་དཀར་པོ་བཞེངས། སྤྱན་སྔ་གྲགས་འབྱུང་བ་ཐེལ་གྱི་གདན་སར་ཕེབས། ཞབས་མི་བདེ་བའི་དབང་གིས་ཟབ་བཞེས་ཐུགས་དམ་གྱི་རིམ་པ་གཙོ་བོར་མཛད། ཁྱད་པར་གཤེད་སྐོར་དང་མ་མགོན་བྱ་རོག་གདོང་ཅན་རྩལ་དུ་ཐོན་པས་སྡེ་པ་འོལ་ཁ་བ་ཕུན་ཚོགས་རབ་བརྟན་པས་ཐེལ་གྱི་མཆོད་བཞེས་སོགས་ལ་ལོག་སྒྲུབ་མང་དུ་མཛད་པར་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བས། དུས་དེར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་འོལ་ཁ་རྩེར་བཞུགས་ཡོད་པ་མཚན་ལྟས་འགྱུར་ཏེ་རྒྱལ་དུ་ཕེབས། མི་རིང་བར་སྡེ་པ་སྐུ་རྦབ་ལ་ཤོར་བའི་རྐྱེན་གྱིས་གྲོངས། ཞེས་སོགས་སོ།
          འདིར་གོང་མ་ངག་དབང་བཀྲ་ཤིས་གྲགས་པའི་སྲས་ཆེ་བ་གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་ཕེབས་ཏེ་བཞུགས་ཡུན་མི་རིང་བ་ཞིག་ནས་སྐུ་གཤེགས་པ་དང་། དེའི་སྲས་ཞབས་དྲུང་ངག་དབང་གྲགས་པས་གོང་དཀར་གྱི་གདན་ས་འཛིན་ཅིང་ཡབ་ཀྱི་དགོངས་རྫོགས་བྱས་ཚུལ་དང་། སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བས་ཐེལ་གྱི་གདན་ས་བཟུང་ནས་ཐུགས་དམ་སྒྲུབ་པ་ཟབ་བཞེས་བྱས་ཚུལ་བཅས་ངག་དབང་བཀྲ་ཤིས་གྲགས་པ་ལ་སྲས་ཆེ་ཆུང་གཉིས་ཡོད་པ་དང་། དེ་གཉིས་ཀྱིས་སོ་སོས་གདན་ས་གང་འཛིན་པ་གསལ་པོར་བཀོད་ཡོད་པ་ལྟར་དང་། ཡང་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། གོང་མ་ཆེན་པོའི་སྲས་ཟུར་པ་སོགས་ཀྱིས་སྣེའུ་གདོང་རྩེའི་ཁྲིར་བཞུགས་ཤིང་། བདུད་མི་སྤུན་དགུས་དབུས་གཙང་ལན་མང་དུ་དཀྲུགས་པའི་སྲི་ངན་ལངས་ཏེ། བྱི་གླང་སྡེ་གཟར་གྱི་སྐབས་འཕོ་འགྱུར་ཤིན་ཏུ་ཆེ་བ་བྱུང་། ཞེས་གསུངས།
          བདུད་མི་སྤུན་དགུ་ཞེས་པ་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་སྲས་ཀརྨ་མཐུ་སྟོབས་རྣམ་རྒྱལ་སོགས་དགུ་བྱུང་བ་དེ་ལ་ཟེར་ཞིང་། བྱི་གླང་སྡེ་གཟར་ཞེས་པ་སྤྱི་ལོ་༡༥༦༣ལོའི་ཆུ་ཕག་ལོར་ཞིང་པས་གྱེན་ལོག་བྱས་ཏེ་རིན་སྤུངས་པའི་སྲས་པདྨ་དཀར་པོ་བཀྲོངས། དེའི་ཕྱི་ལོ་ཤིང་བྱི་དང་ཤིང་གླང་སྟེ་ལོ་གཉིས་ཀྱི་རིང་ལ་རིན་སྤུངས་དང་། རྒྱལ་རྩེ། འབྲོང་པ། སྣར་ཐང་སོགས་དབུས་གཙང་ཀུན་ཏུ་འཁྲུག་པ་རྒྱུན་མ་ཆད་པར་བྱུང་བའི་མཐར་སྤྱི་ལོ་༡༥༦༥པའི་ཤིང་གླང་ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་རང་ཉིད་ཀྱིས་དམག་སྣེ་ཁྲིད་དེ་རིན་སྤུངས་པ་བཏུལ། གཙང་པའི་ཡུལ་གྲུ་ཐམས་ཅད་དབང་དུ་བྱས་པས་གཙང་སྟོད་རྒྱལ་པོ་ཞེས་གྲགས་པ་དེ་བྱུང་། སྐབས་དེར་སྣེའུ་གདོང་གི་རྩེའི་སྡེ་སྲིད་ཀྱི་ཁྲི་ལ་སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བ་བཞུགས་ཡོད་པར་གསལ་ཏེ།《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ་དྲངས་པའི་ལུང་བསྟན་ལས། གྲགས་འབྱུང་མིང་ཅན་སྣེ་ཡི་གདོང་པོ་འཛིན། ། བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་རྔོད། ། ཅེས་ཞིང་ཤག་པ་ཕ་སྤུན་རྣམས་ཀྱིས་གཙང་ཕྱོགས་དབང་དུ་སྡུད་པའི་སྐབས་སུ་སྣེའུ་གདོང་གི་སྡེ་སྲིད་ཁྲི་ལ་གྲགས་འབྱུང་ཞེས་པ་ཞིག་བཞུགས་ཡོད་པ་ནི་སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བ་ལས་གཞན་མ་མཆིས། འདིར་ལྔ་པའི་དེབ་ཐེར་དུ། གོང་མ་ཆེན་པོའི་སྲས་ཟུར་པ་ཞིག་སྣེ་གདོང་གི་ཁྲིར་བཞུགས། ཞེས་པ་དང་། ཡང་། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་ན་བཞུགས་སྐབས། རྩེར་ཡུམ་མི་གཅིག་པའི་སྐུ་མཆེད་ཡོད་པར་བརྟེན། དཔོན་ས་འཕྱོང་རྩེ་མས་གནང་བཀོད་མ་ལེགས་པའི་ཟེར་བུན་བསླངས་ཏེ། རིན་སྤུངས་པ་དང་དགའ་ལྡན་པ་སོགས་ཞབས་དྲུང་ངག་དབང་གྲགས་པའི་ཞབས་ཏོག་ཏུ་རྩེར་དཔུང་གི་སྦྱོར་བ་བཤམས། ཧོར་བསོད་ནམས་དར་རྒྱས་སོགས་བློན་པོ་གཞན་རྣམས་དཔུང་ཁྱེར་གྱི་ཕྱོགས་ལྷུང་མངོན་ཚན་ཅན་མེད་ནའང་། གོང་མ་ཆེན་པོས་བཀྲ་ཤིས་རྩེ་པར་ནང་བློན་བཅོལ་བར་མ་རངས་པའི་བར་ཞུགས་ཁོག་ནས་རྩེར་དཔུང་གིས་བསྐོར་མ་དགོས་པའི་ངོས། གོང་མ་འོན་རྒྱལ་བཟང་དུ་ཕེབས་བཅུག་ནས། ཞབས་དྲུང་ངག་དབང་གྲགས་པ་རྩེའི་ཁྲི་ཐོག་ཏུ་གདན་དྲངས། འོན་ཀྱང་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་སྡེ་དཔོན་རྣམས་ལ་རྒྱུ་མཚན་གནང་ཡང་ཟེར། གང་ལྟར་འགྱངས་མེད་དུ་གོང་མ་ཕྱིར་རྩེར་ཕེབས། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་དུ་བཞུགས་པ་ལ་ཡང་བསྐོར་རྒྱག་ཆ་གྲུལ་ཆེ་བ་བྱུང་སྐབས་གོང་དཀར་འདི་དབུས་གཙང་གཉིས་ཀྱི་བདུད་འཛོམ་པའི་ལྟེ་བ་ལྟ་བུར་འདུག་པས་རང་རེའི་མི་ངོ་ཞིག་གིས་མ་བཟུང་ན་བོད་ཀྱི་བདེ་སྐྱིད་ལ་གནོད་པས་རྫོང་གཏོད་མི་དགོས་ཚུལ་གྱི་གོང་མའི་བཀའ་ཤོག་གོང་དཀར་དུ་གནང་བར་མི་རྣམས་ཀྱི་ལག་ཏུ་བརྒྱབ་པས་དམག་རྣམས་གྱེས་ཏེ་བདེ་འཇགས་ཆེ་བ་བྱུང་། ཞེས་གསལ་བ་ལ་བརྟགས་ན། སྲས་ཆེ་བ་འགྲོ་བའི་མགོན་པོའི་མ་ཡུམ་རིན་སྤུངས་པའི་སྲས་མོ་ཡིན་ཡང་། སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བའི་མ་ཡུམ་རིན་སྤུངས་པའི་སྲས་མོ་ལས་གཞན་པ་ཞིག་ཡིན་པར་ངེས་ཏེ། བྱི་གླང་སྡེ་གཟར་གྱི་སྐབས་སུ་གྲགས་འབྱུང་མིང་ཅན་གྱིས་སྣེའུ་གདོང་གི་གདན་ས་འཛིན་ཡོད་པར་གསལ་བ་དང་། ཡང་། རྩེར་ཡུམ་མི་གཅིག་པའི་སྐུ་མཆེད་ཡོད་པར་བརྟེན་རིན་སྤུངས་པས་རང་གི་ཚ་བོ་ཞབས་དྲུང་ངག་དབང་གྲགས་པའི་རྒྱབ་རྩ་བྱས་ནས་རྩེར་དམག་དྲངས་ཚུལ་གསལ་བའི་ཕྱིར། དེས་ན་སྤྱི་ལོ་༡༥༦༠ལོ་ཡས་མས་ཙམ་ཞིག་ན་གོང་མ་ངག་དབང་བཀྲ་ཤིས་གྲགས་པས་རང་གི་སྲས་ཟུར་པ་སྤྱན་སྔ་གྲགས་འབྱུང་ཁྲི་ལ་བཀོད་ཡོད་པར་སྣང་། གྲགས་འབྱུང་མིང་ཅན་སྣེ་ཡི་གདོང་པོ་འཛིན། །བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་རྔོད། ། ཅེས་པའི་གཏམ་ལ་དཔྱད་ན་སྤྱན་སྔ་གྲགས་འབྱུང་བ་དེ་ཞིང་ཤག་པ་ཕ་སྤུན་རྣམས་དང་འབྲེལ་བ་བཟང་པོ་ཡོད་སྟབས། རིན་སྤུངས་པས་དེ་སྡེ་སྲིད་ཀྱི་ཁྲི་ལས་ཕབ་སྟེ་རང་གི་གཉེན་ཚན་དུ་གྱུར་པའི་གོང་མ་འགྲོ་བའི་མགོན་པོའི་སྲས་ཞབས་དྲུང་ངག་དབང་གྲགས་པ་སྣེའུ་གདོང་གི་ཁྲི་ལ་བཞག་ཀྱང་ཡུན་མི་རིང་བ་ཞིག་ནས་གོང་མ་ཉིད་སླར་སྡེ་སྲིད་ཀྱི་ཁྲི་ལ་བཞུགས་ནས་ཚ་བོ་ངག་དབང་གྲགས་པ་གོང་དཀར་དུ་ཕྱིར་བཏང་། སྤྱི་ལོ་༡༥༦༥ལོར་ཞིང་ཤག་པས་རིན་སྤུངས་པའི་དཔུང་སྟོབས་བཅོམ་ནས་གཙང་སྟོད་རྒྱལ་པོར་གྱུར་པ་དང་། ཡབ་གོང་མ་ཆེན་པོ་སྐུ་གཤེགས་པ་སོགས་ཀྱི་རྐྱེན་ལ་བརྟེན་ནས་སྤྱན་སྔ་གྲགས་འབྱུང་བ་སླར་སྣེའུ་གདོང་གི་ཁྲི་ལ་སྤྱི་ལོ་༡༥༧༧ལོ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་ལོ་དེ་ཙམ་བར་དུ་བཞུགས་ཡོད་པར་གསལ།
          སྤྱན་སྔ་གྲགས་འབྱུང་བ་སྐུ་གཤེགས་པའི་རྗེས་སུ་ཕག་གྲུའི་གདུང་རྒྱུད་གོང་དཀར་དུ་བཞུགས་པའི་ཞབས་དྲུང་ངག་དབང་གྲགས་པ་ལས་མེད་སྟབས། སྤྱི་ལོ་༡༥༧༨ ཡས་མས་ཤིག་ནས་སྣེའུ་གདོང་དུ་སྡེ་སྲིད་ཀྱི་ཁྲི་ལ་བཞུགས་ནས་སྤྱི་ལོ་༡༦༡༨ལོར་གཙང་པ་རྒྱལ་པོས་བོད་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་དངོས་སུ་མ་བཙུགས་ཀྱི་བར་དུ་མིང་ཙམ་གྱི་ཕག་གྲུའི་སྲིད་དབང་དེ་ཞབས་དྲུང་ངག་དབང་གྲགས་པ་ཡབ་སྲས་ཀྱིས་བསྐྱངས་ཡོད་པར་ངེས། འདི་ལ་སྲས་བཀའ་བརྒྱུད་རྣམ་པ་རྒྱལ་བ་དང་རྣམ་རྒྱལ་གྲགས་པ་གཉིས་འཁྲུངས་ཤིང་། རྣམ་རྒྱལ་གྲགས་པ་སྔ་མོ་ནས་སྐུ་གཤེགས་པ་དང་། བཀའ་བརྒྱུད་རྣམ་པ་རྒྱལ་བའི་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་སྤྱི་ལོ་༡༦༤༣པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པ་ཆེན་པོས་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》བརྩམས་པའི་ལོ་དེར་སྣེའུ་གདོང་གི་ཁྲི་ལ་བཞུགས་ཡོད་པར་གསུངས་པ་བཅས་ལ་ཞིབ་བསྡུར་གྱིས་འདིར་ཕག་གྲུ་སྡེ་སྲིད་རིམ་བྱོན་དང་ལོ་ཚིགས་འཁྲུལ་བྲལ་ཞིག་འགོད་པ་ལ།
          ཕག་གྲུ་སྡེ་སྲིད་རིམ་བྱོན་དང་ལོ་ཚིགས་འཁྲུལ་བྲལ་རེའུ་མིག
          སྡེ་སྲིད་རིམ་བྱོན་གྱི་མཚན།             ཁྲི་བཞུགས་དུས་སྐབས།             གསལ་བཤད།
          ཕག་གྲུ་བྱང་ཆུབ་རྒྱལ་མཚན།             1349–1365  
          གུ་ཤྲི་ཤཱཀྱ་རྒྱལ་མཚན།             1365–1373  
          ན་སྔ་གྲགས་པ་བྱང་ཆུབ།             1374–1381  
          སྡེ་སྲིད་བསོད་ནམས་གྲགས་པ།             1382–1385  
          གྲགས་པ་རྒྱལ་མཚན།             1385–1432  
          གྲགས་པ་འབྱུང་གནས།             1432–1445             ཡབ་སྲས་གཉིས་སྲིད་ཁྲི་ལ་མ་འཆམ་པའི་འཁྲུག་རྩོད་བྱུང་།
          ཆེ་ས་སངས་རྒྱས་རྒྱལ་མཚན།             1445–1448  
          ཀུན་དགའ་ལེགས་པ།             1448–1481  
          སྤྱན་སྔ་ངག་གི་དབང་པོ།             1481–1490  
          རིན་སྤུངས་མཚོ་སྐྱེས་རྡོ་རྗེ།             1490–1499             དཔོན་ཚབ་ཐེལ་གཏོང་ཟེར། འདི་དཔོན་ཚབ་ཡིན།
          ངག་དབང་བཀྲ་ཤིས་གྲགས་པ།             1499–1560  
          སྤྱན་སྔ་གྲགས་འབྱུང་བ།             1560–1578             སྤྱི་ལོ་1618ལོར་ཡབ་ངག་དབང་གྲགས་པ་
          ཞབས་དྲུང་ངག་དབང་གྲགས་པ། 
          བཀའ་བརྒྱུད་རྣམ་པ་རྒྱལ་བ།             1578–1617             ཞལ་བཞུགས་མིན་མ་གསལ་ཡང་། སྲས་རྣམ་པ་རྒྱལ་བ་བཞུགས་ཡོད་པར་ངེས།
 གསུམ། ཕག་གྲུ་སྡེ་སྲིད་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས། 
          1. ཕག་གྲུ་སྡེ་སྲིད་དང་པོ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི། རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་༡༣༠༢ལོར་སྐུ་འཁྲུངས། དགུང་ལོ་གསུམ་པ་ནས་ཡེ་གེ་འབྲི་ཀློག་སློབ་འགོ་བཙུགས། དགུང་ལོ་བདུན་པ་སྤྱན་སྔ་ཚེས་བཞི་པའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས། དགུང་ལོ་བཅུ་བཞི་པར་ས་སྐྱར་ཕེབས་ནས་སློབ་གཉེར་གནང་། དགུང་ལོ་ཉེར་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཁྱི་སྤྱི་ལོ་༡༣༢༢ལོའི་ཟླ་བ་དགུ་པའི་ཚེས་བཅུ་བཞི་ཉིན་སྣེའུ་གདོང་རྩིས་བླངས་ཏེ་ཕག་གྲུའི་ཁྲི་དཔོན་མཛད། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་༡༣༤༩ལོར་བོད་ཁམས་ཡོངས་ལ་དབང་བསྒྱུར་ནས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་བཙུགས། བོད་ཀྱི་དཔོན་རིགས་རྣམས་ཀྱིས་ཡོན་ཏན་སློབ་གཉེར་དང་། ཉམས་ཆུང་བག་ཡོད་བྱ་དགོས་པ་དང་། ཆང་དང་བུད་མེད་བསྟེན་མི་ཆོག་པ། བསླབ་པ་གཙང་མར་དགོས་པ་སོགས་དང་། གདུང་རྒྱུད་སྤེལ་རིགས་རྣམས་ཀྱིས་ཀྱང་བུད་མེད་གཅིག་མ་གཏོགས་ལེན་མི་ཆོག་པ་དང་། དེའང་དཔོན་རིགས་ཀྱི་བུ་མོ་ལེན་མི་ཆོག་པར་གཏན་འབེབས་གནང་། སྤྱི་ལོ་༡༢༥ ༤ལོར་ཡོན་གོང་མས་ཏཱའི་སི་ཏུ་ཞེས་པའི་མཚན་དང་ཐམ་ཁ་བཅས་གནང་། དགུང་ལོ་རེ་བཞི་བ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༥ལོར་བསྙུན་བབས་ལྕི་སྟབས་ཤྰཀྱ་རྒྱལ་མཚན་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། རབ་བྱུང་དྲུག་པའི་ལྕགས་ཕག་སྤྱི་ལོ་༡༣༧༡ལོར་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས།
          2. ཕག་གྲུ་སྡེ་སྲིད་གཉིས་པ། གུ་ཤྲི་ཤཱཀྱ་རྒྱལ་མཚན་ནི། ཡབ་ཕག་གྲུ་བསོད་ནམས་བཟང་པོ་དང་། ཡུམ་མང་ཉ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་༡༣༤༠ལོར་འཁྲུངས། ཐོག་མར་བླ་མ་ཀླུ་ལུང་པ་ལས་ཀློག་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས། དགུང་ལོ་དགུ་པའི་སྐབས་མཁན་ཆེན་གཞོན་དབང་དང་། སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ལ་ཤཱཀྱ་རྒྱལ་མཚན་དུ་གསོལ། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་ལོར་རྩེད་ཐང་གི་གདན་ས་མཛད། ཐེལ་གྱི་གདན་ས་ལ་བརྟག་གཉིས་ཀྱི་བཤད་པ་དང་། བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་སྙན་གྲགས་ཐོབ། རྗེས་སུ་བུ་སྟོན་རིན་པོ་ཆེའི་དྲུང་དུ་རྒྱུད་སྡེ་བཞིའི་རྒྱུད་བཤད་དབང་ལུང་མན་ངག་བཅས་གསན་པ་རྒྱ་ཆེར་མཛད། དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་བསྙེན་པར་རྫོགས་ནས་ལྷ་སར་ཆོས་བསྐོར་གནང་། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་ཤིང་སྤྲུལ་སྤྱི་ལོ་༡༣༦༥ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། སྤྱི་ལོ་༡༣༧༣ལོར་སྐུ་གཤེགས། 
          3. ཕག་གྲུ་སྡེ་སྲིད་གསུམ་པ། སྤྱན་སྔ་གྲགས་པ་བྱང་ཆུབ་ནི། རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་པར་སྤྱན་སྔ་གྲགས་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ་ཅིང་དེའི་མདུན་ནས་ཆོས་དྲུག་གི་ཁྲིད་མཐར་ཕྱིན་པ་གསན། དེའི་རྗེས་སུ་གཅེན་རྒྱལ་སྲས་གྲགས་པ་རིན་ཆེན་མདུན་ནས་རྒྱུད་བརྟག་གཉིས་ལ་གསན་སྦྱོང་གནང་བས་མཁས་པའི་མཚན་སྙན་རྒྱས། རྩེད་ཐང་དུ་བརྟག་གཉིས་ལ་བཤད་པ་རྒྱ་ཆེར་མཛད། འཇམ་དབྱངས་གུ་ཤྲི་ཤཱཀྱ་རྒྱལ་མཚན་གྱིས་གྲགས་པ་བྱང་ཆུབ་ལ་རླངས་ཀྱི་གདུང་རྒྱུད་སྤེལ་དགོས་པའི་ཞལ་ཏ་ཡང་ཡང་གནང་ནའང་ཞལ་གྱིས་མ་བཞེས་པར་དགུང་ལོ་བཅོ་ལྔ་པར་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགུང་ལོ་བཅུ་དྲུག་པར་ཐེལ་གྱི་གདན་སར་ཕེབས། དགུང་ལོ་བཅུ་དགུ་པའི་སྐབས་གུ་ཤྲི་ཤཱཀྱ་རྒྱལ་མཚན་སྐུ་གཤེགས་པ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཕག་གྲུའི་གྲོས་ལ་དབང་བ་རྣམས་ཀྱིས་ཕག་གྲུའི་སྡེ་སྲིད་དང་། ཐེལ་གྱི་གདན་ས་གཅིག་ལྕོགས་ཀྱིས་བླ་དཔོན་སྦྲགས་མར་གནང་དགོས་པའི་རེ་བ་ནན་ཆེར་ཞུས་སྟབས། སྤྱན་སྔ་བསོད་ནམས་གྲགས་པ་སྐུ་ན་མ་སོན་བར་རེ་ཞིག་དེ་བཞིན་གནང་བ་ཞལ་གྱིས་བཞེས། སྤྱི་ལོ་༡༢༧༤ལོར་ཕག་གྲུའི་སྡེ་སྲིད་མཛད། རྗེ་འདིའི་དུས་སུ་རྫོང་གོང་འོག་ཐམས་ཅད་དུ་ཆོ་འཕྲུལ་གྱི་ཟླ་བར་སྲོག་གཅོད་སྤོང་བཅུག་པ་སོགས་ཆོས་ལྡན་རྒྱལ་པོའི་མཛད་པ་ལྷུར་བཞེས། བཤད་སྒྲུབ་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོར་སྤྱན་སྔ་བསོད་ནམས་གྲགས་པ་སྡེ་སྲིད་ཀྱི་ཁྲི་ལ་བསྐོ་བཞག་གནང་སྟེ། རྗེ་ཉིད་མུ་མཐུད་དེ་ཐེལ་གྱི་གདན་ས་བསྐྱངས། རྗེ་ཙོང་ཁ་པ་ཆེན་པོས་བླ་མར་བརྟེན་ནས་དད་གུས་ཚད་མེད་སྐྱེས། དགུང་ལོ་སོ་གཅིག་པ་སྤྱི་ལོ་༡༣༨༦ལོར་སྐུ་གཤེགས། 
          4. ཕག་གྲུ་སྡེ་སྲིད་བཞི་པ། སྡེ་སྲིད་བསོད་ནམས་གྲགས་པའམ་བསམ་གདོང་བ་ནི། རབ་བྱུང་དྲུག་པའི་ས་ཕག་སྤྱི་ལོ་༡༣༥༩ལོར་འཁྲུངས། དགུང་ལོ་དགུ་པ་སྤྱན་སྔ་བཅུ་གཉིས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་པར་རབ་ཏུ་བྱུང་ནས་རྩེད་ཐང་གི་གདན་སར་ཕེབས་ནས་འཆད་ཉན་རྒྱ་ཆེར་སྤེལ། དགུང་ལོ་ཉེར་གསུམ་པ་སྤྱི་ལོ་༡༣༨༡ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཞུགས། སྤྱི་ལོ་༡༣༨༥ལོར་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་ཉི་ཤུར་བསྐྱངས། དགུང་ལོ་ཞེ་བདུན་པ་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་༡༤༠༥ལོར་ཐེལ་གྱི་གདན་ས་སྤྱན་སྔ་དཔལ་བ་ལ་གཏད་དེ་བྱ་བྲལ་གྱི་སྤྱོད་པ་བསྐྱངས། དགུང་ལོ་ལྔ་བཅུ་པ་སྤྱི་ལོ་༡༤༠༨ལོར་སྐུ་གཤེགས། 
          5. ཕག་གྲུ་སྡེ་སྲིད་ལྔ་པ། གྲགས་པ་རྒྱལ་མཚན་ནི། ཡབ་ཤཱཀྱ་རིན་ཆེན་དང་། ཡུམ་ཟི་ན་བཟའ་རིན་ཆེན་འཛོམས་པ་གཉིས་ལ་བུ་སྤུན་དྲུག་བྱུང་བར་གྲགས་པ་རྒྱལ་མཚན་ནི་རབ་བྱུང་དྲུག་ཤིང་སྟག་སྤྱི་ལོ་༡༣༧༤ལོར་འཁྲུངས། དགུང་ལོ་བརྒྱད་པ་སྤྱི་ལོ་༡༣༨༡ལོར་རྩེད་ཐང་གི་གདན་སར་ཕེབས་ནས་ཚད་མ་རྣམ་འགྲེལ་སྦྱངས་པས་མཁས་པའི་མཚན་སྙན་རྒྱས། དགུང་ལོ་བཅུ་གཉིས་པ་སྤྱི་ལོ་༡༣༨༥ལོར་སྡེ་སྲིད་ཀྱི་ཁྲི་ལ་བཞུགས། རབ་བྱུང་བདུན་པའི་བ་བཏང་སྟེ་ཝང་གྲགས་པ་རྒྱལ་མཚན་ཞེས་པའི་འཇའ་ས་གནང་། སླར་ཡང་སྤྱི་ལོ་༡༤༠༩ པའི་ས་གླང་ལོར་རྒྱ་ནག་གོང་མ་ཏཱ་མིང་ཡུང་ལོས་ཕོ་ཉ་བ་བཏང་སྟེ་ཝང་གྲགས་པ་རྒྱལ་མཚན་ཞེས་པའི་འཇའ་ས་དང་ཤེལ་ཐམ་བཅས་གནང་། སྡེ་སྲིད་འདིས་ལོ་ངོ་ཞེ་བདུན་རིང་སྲིད་དབང་བཟུང་བ་དང་། སྐབས་དེར་ཕག་གྲུའི་མངའ་ཐང་རྩེ་མོར་སོན་པའི་དུས་རབས་ཡིན། དུས་དེར་ཕག་གྲུའི་སྲིད་ཇུས་ལ་འགྱུར་ལྡོག་གང་ཙམ་བྱུང་བ་དཔེར་ན། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་དབུས་གཙང་རྫོང་ཆེན་ཁག་གི་རྫོང་དཔོན་རྣམས་རེས་བསྐོར་བརྗེ་ལེན་བྱེད་རྒྱུའི་ལམ་ལུགས་དེ་མེད་པར་བཟོས་ཏེ། རྫོང་གཞིས་སོ་སོའི་རྫོང་དཔོན་སྒེར་བདག་ཏུ་བསྐོས། བློན་པོ་རིན་སྤུངས་ནམ་མཁའ་རྒྱལ་མཚན་ལ་རིན་སྤུངས་རྫོང་དང་། འཕྱོངས་རྒྱས་ཧོར་དཔལ་འབྱོར་བཟང་པོ་ལ་གཞིས་ཀ་བསམ་འགྲུབ་རྩེའི་རྫོང་། སྣེའུ་པ་ནམ་མཁའ་བཟང་པོ་ལ་སྣེའུ་རྫོང་། བྲག་དཀར་བ་རིན་ཆེན་དཔལ་ལ་བྲག་དཀར་རྫོང་སོགས་བདག་པོ་བྱེད་ཆོག་པའི་ཤེལ་ཐམ་གནང་། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་སྐབས་གཏན་འབེབས་བྱས་པའི་གཙོ་བོའི་དཔོན་རིགས་དང་། ནང་གཉེར་སོགས་རབ་བྱུང་སྡོམ་གཙང་ནག་ཆང་གི་སྐྱོན་མེད་པ་ཤ་སྟག་དགོས་པའི་ལམ་ལུགས་དེའང་ནན་ཏན་ཆེར་མ་མཛད་པར། ཁྱིམ་རྒྱུད་ཀྱིས་དཔོན་བྱེད་ཆོག་པ་སོགས་ཀྱི་སྲིད་ཇུས་དེས་སྐབས་དེའི་ལས་ཀ་ལ་སྟབས་བདེ་བའི་ཕན་འབྲས་ཡོད་སྲིད་ཀྱང་། རྫོང་གཞིས་སྒེར་རྒྱུད་ཀྱིས་བདག་དབང་བྱས་པ་དང་། ལྷག་པར་རིན་སྤུངས་པ་དང་ཕག་གྲུ་གཉེན་སྒྲིག་བྱས་པ་དེ་ཕག་གྲུའི་སྲིད་དབང་ཤོར་བའི་བྱུར་རྐྱེན་དུ་གྱུར། སྡེ་སྲིད་འདིའི་སྐབས་དྲུང་འཁོར་རྣམས་ལས་ཚན་གྱི་གོ་རིམ་དང་བསྟུན་པའི་བོད་སྔ་རབས་པའི་རྒྱན་གོས་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲས་པའི་རྣ་རྒྱན་སོགས་འདོགས་དགོས་པ་དང་། ལྷག་པར་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སྐབས། བཙན་པོའི་སྐུ་དུས་ཀྱི་ཆས་གོས་རིན་ཆེན་རྒྱན་ཆར་གྲགས་པའི་རྒྱན་སྤྲོས་བྱ་དགོས་པ་སོགས་ཐུགས་སྣང་ཆེན་པོ་མཛད་པ་དང་། ལུང་མ་བསྟན་གྱི་ཞྭ་གོས་དང་། བཟང་སྤྱོད་དང་མི་མཐུན་པའི་བྱ་བ་བྱེད་མི་ཆོག་པའི་བཅད་རྒྱ་གཏན་འབེབས་བྱས་ཡོད། གཞན་ཡང་སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་སྦྱིན་བདག་དང་། རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་པོ་འཚོགས་པའི་སྐབས་སུ་དངོས་རྫས་ཀྱི་མཐུན་རྐྱེན་མང་པོ་སྦྱར་བ་དང་། གདན་ས་རི་བོ་དགའ་ལྡན་ཕྱག་འདེབས་གནང་བའི་སྦྱིན་བདག་མཐར་ཕྱིན་པ་གནང་བ་སོགས་རྣམ་དཀར་གྱི་ལས་མང་བསགས། དགུང་ལོ་ང་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ་༡༤༣༢ལོར་སྐུ་གཤེགས། 
          6. ཕག་གྲུ་སྡེ་སྲིད་དྲུག་པ། གྲགས་པ་འབྱུང་གནས་ནི། ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་དང་ཡུམ་རིན་སྤུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་རྟ་སྤྱི་ལོ་༡༤༡༤ ལོར་འཁྲུངས། དགུང་ལོ་བཅུ་དགུ་པ་སྤྱི་ལོ་༡༤༣༢ལོར་སྡེ་སྲིད་གྲགས་པ་རྒྱལ་མཚན་སྐུ་གཤེགས་པ་དང་། ཕག་གྲུའི་དཔོན་རིགས་རྣམས་འདི་ཡབ་སྲས་གཉིས་པོ་སྡེ་སྲིད་ཀྱི་ཁྲི་ལ་་སུ་བསྐོས་མ་འཆམ་པའི་མཐར་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་ཁྲི་ཐོག་ཏུ་བུ་ཆུང་ལས་འོས་མེད། ཁྱིམ་པ་རྒན་པོ་ཞིག་གིས་མི་འོང་གསུངས་པ་ལྟར་སྲས་སྡེ་སྲིད་དུ་བསྐོས། སྤྱི་ལོ་༡༤༣༤ལོར་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་པ་དང་སླར་དཔོན་རིགས་ཚོས་སྲིད་དོན་ལ་རྩོད་པ་བསླངས་བས་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་རྩེད་ཐང་དུ་བཞུགས་མ་བདེ་བ་ཡར་རྒྱབ་ཏུ་ཕེབས་དགོས་པ་བྱུང་། སྤྱི་ལོ་༡༤༤༣ལོར་སྡེ་སྲིད་གྲགས་པ་འབྱུང་གནས་དགུང་ལོ་སུམ་ཅུ་ལོན་སྐབས་འཁྲུགས་པ་ཞི་སྟེ་ཡབ་ཆེན་ལ་བཀུར་བསྟི་ཆེན་པོས་ཡར་རྒྱབ་ནས་སྤྱན་དྲངས་ཏེ་རྩེད་ཐང་དུ་བཞུགས་སུ་གསོལ། དགུང་ལོ་སོ་གཉིས་པ་རབ་བྱུང་བདུན་པའི་ཤིང་གླང་སྤྱི་ལོ་༡༤༤༥ལོར་སྐུ་གཤེགས།  
          7. ཕག་གྲུ་སྡེ་སྲིད་བདུན་པ། ཆེ་ས་སངས་རྒྱས་རྒྱལ་མཚན་ནི། སྡེ་སྲིད་གྲགས་པ་རྒྱལ་མཚན་གྱི་སྤུན་མཆེད་དུ་འཁྲུངས། འདི་རབ་ཏུ་མ་བྱུང་སྟབས་ཆུང་དུས་ཀྱི་ལོ་རྒྱུས་མ་རྙེད། རིན་སྤུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བསུས། སྤྱི་ལོ་༡༤༣༢ལོར་སྐུ་མཆེད་གྲགས་པ་རྒྱལ་མཚན་སྐུ་གཤེགས་པས་སྲས་ཆེ་བ་གྲགས་པ་འབྱུང་གནས་སྡེ་སྲིད་བསྐོས། སྤྱི་ལོ་༡༤༤༥ལོར་སྲས་གྲགས་པ་འབྱུང་གནས་སྐུ་གཤེགས་པ་དང་སྣེའུ་གདོང་གི་སྲིད་དབང་བཟུང་། སྤྱི་ལོ་༡༤༤༨ལོར་སྲས་ཆུང་བ་ཀུན་དགའ་ལེགས་པ་སྡེ་སྲིད་དུ་བསྐོས། རབ་བྱུང་བརྒྱད་པའི་མེ་བྱི་སྤྱི་ལོ་༡༤༥༦ ལོར་སྐུ་གཤེགས། 
          8. ཕག་གྲུ་སྡེ་སྲིད་བརྒྱད་པ། ཀུན་དགའ་ལེགས་པ་ནི། ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་དང་། ཡུམ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ་༡༤༣༣ལོར་འཁྲུངས། དགུང་ལོ་བཅུ་བཞི་པ་སྤྱི་ལོ་༡༤༤༦ལོར་རྩེད་ཐང་གི་གདན་སར་ཕེབས། དགུང་ལོ་བཅུ་དྲུག་པ་སྤྱི་ལོ་༡༤༤༨ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དགུང་ལོ་སོ་ལྔ་པ་སྤྱི་ལོ་༡༤༦༧ལོར་གདུང་སྲས་རིན་ཆེན་རྡོ་རྗེ་རྩེད་ཐང་གི་གདན་སར་བསྐོས། སྤྱི་ལོ་༡༤༨༡ལོར་ཀུན་དགའ་ལེགས་པ་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་དགོན་གསར་དུ་གདན་དྲངས། སྤྱན་སྔ་ངག་གི་དབང་པོ་ལྷོ་ནས་གདན་དྲངས་ཏེ་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དགུང་ལོ་ང་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཡོས་སྤྱི་ལོ་༡༤༨༣ལོར་སྐུ་གཤེགས། 
          9. ཕག་གྲུ་སྡེ་སྲིད་དགུ་པ། སྤྱན་སྔ་ངག་གི་དབང་པོ་ནི། རབ་བྱུང་བདུན་པའི་ས་ལུག་སྤྱི་ལོ་༡༤༣༩ལོར་འཁྲུངས། དགུང་ལོ་བཅུ་དྲུག་པར་ཐེལ་གྱི་སྤྱན་སྔར་ཕེབས། དགུང་ལོ་ཞེ་གསུམ་པ་སྤྱི་ལོ་༡༤༨༡ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། སྐབས་དེར་ལྷ་རིགས་རླངས་ཀྱི་གདུང་རྒྱུད་འཛིན་པ་སྤྱན་སྔ་ཉིད་མ་གཏོགས་མེད་པས་བློན་པོ་རྣམས་ཀྱིས་གདུང་རྒྱུད་སྤེལ་དགོས་པ་ནན་གྱིས་ཞུས་ཏེ་རྫོང་ཁ་བའི་བུ་མོ་ཞིག་ཁབ་ཏུ་ཕུལ། སྤྱི་ལོ་༡༤༨༥ལོར་དབུས་གཙང་ཀུན་ཏུ་དམག་འཁྲུག་རྒྱ་ཆེན་བྱུང་ཡང་གོང་མ་འདི་ཉིད་སྤྱི་དཔོན་ཁོ་ནར་བཞུགས་ནས་བར་འདུམ་གནང་བས་སྡེ་འཁྲུག་གི་སྐྱོན་ཆེར་མ་བྱུང་། རབ་བྱུང་བརྒྱད་པའི་ས་སྤྲེལ་སྤྱི་ལོ་༡༤༨༨ལོར་སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕག་སྤྱི་ལོ་༡༤༩༠ལོར་དགུང་ལོ་ང་གཉིས་ཐོག་སྐུ་གཤེགས། སྐབས་དེར་ཐེལ་རྩེད་ཐང་གི་ཆེན་པོའི་གྲོས་ལ་དབང་བ་རྣམས་བཀའ་བགྲོས་ནས་གདུང་སྲས་ནར་མ་སོན་གྱི་བར་ཐེལ་ནས་དཔོན་ཚབ་བཏང་ནས་སྲིད་སྐྱོང་རྒྱུ་གྲོས་ཐག་བཅད། སྤྱི་ལོ་༡༤༩༠ལོ་ནས་༡༤༩༩ལོའི་བར་ལོ་ངོ་བཅུའི་རིང་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་བྱས། འདི་ལ་དཔོན་ཚབ་ཐེལ་གཏོང་གི་དུས་སྐབས་ཟེར། 
          10. ཕག་གྲུ་སྡེ་སྲིད་བཅུ་པ། ངག་དབང་བཀྲ་ཤིས་གྲགས་པ་ནི། ཡབ་སྤྱན་སྔ་ངག་གི་དབང་པོ་དང་། ཡུམ་རྫོང་ཁ་བའི་སྲས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་སྤྲེལ་སྤྱི་ལོ་༡༤༨༨ལོར་འཁྲུངས། སྤྱི་ལོ་༡༤༩༩ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དགུང་ལོ་བཅུ་བདུན་པ་སྤྱི་ལོ་༡༥༠༤ལོར་རིན་སྤུངས་པའི་སྲས་མོ་ཞིག་ཁབ་ཏུ་བཞེས། སྤྱི་ལོ་༡༥༠༨ལོར་སྲས་འགྲོ་བའི་མགོན་པོ་འཁྲུངས། དེའི་རྗེས་སུ་སྲས་སྤྱན་སྔ་གྲགས་འབྱུང་བ་འཁྲུངས། འདིའི་མ་ཡུམ་ཐ་དད་པ་ཞིག་ཡིན་པར་ངེས། སྤྱི་ལོ་༡༥༡༢པའི་ཆུ་སྤྲེལ་ལོར་རྒྱ་ནག་གོང་མ་ཀྲེན་ཏེ་ས་ཕོ་ཉ་བཏང་སྟེ་ཝང་གི་འཇའ་ས་གནང་། སྤྱི་ལོ་༡༥༡༥ལོ་ནས་རིན་སྤུངས་པས་བསླངས་བའི་སྡེ་གཟར་རྒྱུན་མི་ཆད་པ་བྱུང་ཡང་སྡེ་སྲིད་འདིས་ཐབས་སྣ་ཚོགས་ཀྱིས་ཞི་བར་བྱས། སྤྱི་ལོ་༡༥༢༢ལོ་ནས་སྤྱི་ལོ་༡༥༣༨ལོའི་དབུས་གཙང་སྡེ་འཁྲུག་མི་བྱེད་པའི་ཆིངས་རྒྱ་བཞག སྲས་ཆེ་བ་གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་བཏང་ནས་གདན་ས་བཟུང་ཡང་ཡུན་མི་རིང་བ་ཞིག་ནས་གྲོངས། དེའི་སྲས་ཞབས་དྲུང་ངག་དབང་གྲགས་པས་གོང་དཀར་གྱི་གདན་ས་འཛིན། སྤྱི་ལོ་༡༥༦༠ཡས་མས་ཤིག་ནས་སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། སྤྱི་ལོ་༡༥༦༥ ལོར་རྒྱ་ནག་གོང་མ་ཅ་ཆིང་གིས་ཕོ་ཉ་བཏང་སྟེ་ཝང་གི་འཇའ་ས་གནང་། ཡུན་རིང་མ་སོང་བར་སྐུ་གཤེགས་པ་འདྲ།
          11. ཕག་གྲུ་སྡེ་སྲིད་བཅུ་གཅིག་པ། སྤྱན་སྔ་གྲགས་འབྱུང་བ་ནི། ཡབ་གོང་མ་ངག་དབང་བཀྲ་ཤིས་གྲགས་པའི་སྲས་ཆུང་བ་ཡིན། འདིའི་ཡུམ་མིང་དངོས་མ་གསལ། འདི་ཐེལ་གྱི་གདན་སར་ཕེབས། ཞབས་མི་བདེ་བའི་དབང་གིས་ཟབ་བཞེས་ཐུགས་དམ་གྱི་རིམ་པ་གཙོ་བོར་མཛད། ཁྱད་པར་གཤེད་སྐོར་དང་མ་མགོན་བྱ་རོག་གདོང་ཅན་ལ་རྩལ་དུ་ཐོན། སྤྱི་ལོ་༡༥༦༠ཡས་མས་ཤིག་ནས་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། ཞིང་ཤག་པ་ཕ་སྤུན་རྣམས་དང་འབྲེལ་བ་ལེགས་སྟབས་རིན་སྤུངས་པ་མ་རངས་ནས་སྤྱི་ལོ་༡༥༦༤ལོར་སྣེའུ་གདོང་རྩེར་དམག་དྲངས་ནས་སྤྱན་སྔ་གྲགས་འབྱུང་བ་ཁྲི་ལས་ཕབ། གོང་མ་དང་རིན་སྤུངས་པ་གཉིས་ཀའི་ཚ་བོར་གྱུར་པ་ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས་ཀྱང་། ཡུན་མི་རིང་བར་རིན་སྤུངས་པ་ཕམ་ཞིང་ཞིག་ཤག་པ་གཙང་སྟོད་རྒྱལ་པོར་གྱུར་སྟབས་སླར་ཡང་སྡེ་སྲིད་ཀྱི་ཁྲི་ལ་བཞུགས། སྤྱི་ལོ་༡༥༧༧ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་ཧོར་ཡུལ་དུ་གཤེགས་པའི་ཕྱི་ལོ་ཙམ་ལ་སྐུ་གཤེགས་པར་མངོན། 
          12. ཕག་གྲུ་སྡེ་སྲིད་བཅུ་གཉིས་པ། ཞབས་དྲུང་ངག་དབང་གྲགས་པ་ནི། ཡབ་གོང་མ་འགྲོ་བའི་མགོན་པོ་དང་། ཡུམ་དཔོན་ས་འཕྱོངས་རྩེའི་དྲུང་མོ་གཉིས་ཀྱི་སྲས་སུ་འཁྲུངས། འདི་འཁྲུངས་དུས་ཀྱི་ལོ་ཚིགས་མ་རྙེད་ཀྱང་འདིའི་སྲས་ལ་བག་མ་བསུ་སྐབས་རྡོ་བྲག་རིག་འཛིན་ཆེན་པོ་རྒྱལ་སྲས་པདྨ་ཆོས་རྒྱལ་བག་ཆོག་ལ་ཕེབས་ཚུལ་གསལ་བ་ལྟར་ན་ཕལ་ཆེར་སྤྱི་ལོ་༡༥༤༠ ཡས་མས་ཤིག་ན་འཁྲུངས་ཡོད་དགོས། ཡབ་འགྲོ་བའི་མགོན་པོ་གོང་དཀར་གྱི་རྫོང་དུ་སྐུ་གཤེགས་པ་དང་གོང་དཀར་གྱི་གདན་ས་བསྐྱངས། སྤྱི་ལོ་༡༥༦༤ལོར་སྣེའུ་གདོང་གོང་དཀར་དུ་ཕྱིར་ཕེབས། སྤྱི་ལོ་༡༥༧༨ལོ་ཡས་མས་ཤིག་ནས་སྤྱན་སྔ་གྲགས་འབྱུང་བ་སྐུ་གཤེགས་རྗེས་སྣེའུ་གདོང་དུ་ཕག་གྲུའི་གདུང་རྒྱུད་འཛིན་པ་དང་། ཕག་གྲུའི་སྡེ་སྲིད་ཀྱི་མཚན་བཞེས་ནས་སྣེའུ་གདོང་རྩེར་བཞུགས། འདི་ལ་སྲས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང་། རྣམ་རྒྱལ་གྲགས་པ་གཉིས་འཁྲུངས། གཅུང་རྣམ་རྒྱལ་གྲགས་པ་ལ་ཡར་རྒྱབ་པའི་སྲས་མོ་ཁབ་ཏུ་བསུས་རྗེས་མི་རིང་བར་སྐུ་གཤེགས། དེ་ནས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང་འདུས་ཏེ་གདུང་རྒྱུད་སྤེལ་བའི་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་འཁྲུངས། སྤྱི་ལོ་༡༦༤༣པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པས་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》རྩོམ་སྐབས་དེ་ཉིད་སྣེའུ་གདོང་རྩེར་བཞུགས་ཡོད་པར་གསུངས།
          སྤྱི་ལོ་༡༥༦༥ ལོར་ཞིང་ཤག་པས་རིན་སྤུངས་པ་བཅོམ་ནས་གཙང་ཕྱོགས་དབང་སྒྱུར་བྱས་པ་ནས། སྤྱི་ལོ་༡༦༧༨ ལོའི་བར་ཞིང་ཤག་པ་ཕ་སྤུན་རྣམས་ཀྱི་དབང་ཤུགས་ཀྱིས་དབུས་ཕྱོགས་སུའང་ཕག་གྲུའི་སྡེ་སྲིད་ཀྱི་མིང་ཙམ་ལས་དོན་གྱི་དབང་ཤུགས་ཐམས་ཅད་ཉམས། འོན་ཀྱང་རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་༡༦༡༨ལོར་གཙང་པ་རྒྱལ་པོས་བོད་ཡོངས་ལ་དབང་སྒྱུར་མ་བྱས་ཀྱི་བར་སྣེའུ་གདོང་རྩེ་དེ་བོད་ཀྱི་སྲིད་དབང་མཚོན་བྱེད་ཙམ་དང་། ཞབས་དྲུང་ངག་དབང་གྲགས་པ་ཡབ་སྲས་ནི་བོད་སྡེ་སྲིད་མཚོན་བྱེད་ཙམ་དུ་གནས། གཙང་པ་རྒྱལ་པོས་བོད་ཡོངས་ལ་དངོས་སུ་དབང་སྒྱུར་བྱེད་པའི་ལོ་དེར་ཞབས་དྲུང་ངག་དབང་གྲགས་པ་ཞལ་བཞུགས་མིན་མ་ངེས་ཀྱང་། སྐབས་དེར་གདུང་སྲས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་བཞུགས་བཞིན་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1