སྤྱི་ཚེས་15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཅན་གྱི་ཚོམས་ཆེན་ནང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཐུག་འཕྲད་གནང་བ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་གནང་ཡོད་པ་རེད།
ཀྲུང་གོའི་དཔལ་འབྱོར་སྐོར་ལ། ལི་ཁེ་ཆང་གིས། ན་ནིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོན་བྱས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་སྟོབས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བས། ཀྲུང་གོའི་དཔལ་འབྱོར་འཕར་ཚད་6.6%མངོན་འགྱུར་བྱུང་བ་ནི་ལས་སླ་པོ་ཞིག་མ་ཡིན། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དལ་དུ་འགྲོ་བ་དང་། ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་གསར་པ་འཕྲད་པའི་གནས་ཚུལ་འོག ང་ཚོས་འདི་ལོའི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་6%-6.5%བར་འོས་འཚམ་དམའ་རུ་བཏང་བ་དང་། བེད་སྤྱོད་བྱས་པ་ནི་བར་ཁམས་སྙོམས་སྒྲིག་སྟངས་འཛིན་བྱེད་ཐབས་ཤིག་ཡིན་པ་དང་། ལོ་གོང་མའི་འཕར་ཚད་དང་འབྲེལ་མཐུད་བྱུང་ཡོད། འདི་ནི་གཞི་གྲངས་མཐོ་བ་དང་། སྤྱི་འབོར་ཆེ་བའི་འཕར་སྣོན་ཆེན་པོ་ཡིན་པས། དེ་རང་ཡང་འཕར་སྣོན་བྱུང་བ་ཞིག་རེད་ཅེས་བཤད་ཆོག ད་ལོ་གནས་ཚུལ་གསར་པ་གང་ཞིག་འཕྲད་རུང་། ང་ཚོས་སྲིད་ཇུས་ཀྱི་བར་སྟོང་བཞག་ཡོད། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་ནས། ཁྲོམ་རའི་གསོན་ཤུགས་འཕེལ་ཐབས་བརྒྱུད་ནས་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དཔལ་འབྱོར་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་བརྟན་ལྷིང་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་འགྱུར་ཐབས་བྱ་དགོས་ཞེས་གསུངས་པ་དང་།
དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་དམའ་རུ་གཏོང་བའི་སྐོར་ལ། ལི་ཁེ་ཆང་གིས། དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་དམའ་རུ་གཏོང་བ་དེས་ཁྲོམ་རའི་གཙོ་གཟུགས་དུང་ཕྱུར་གཅིག་ལྷག་གི་གསོན་ཤུགས་འཕེལ་བར་ཕན་ཐོགས་ཡོད་པ་དང་། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་། ལྷག་པར་དུ་བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡོངས་ཁྱབ་ཏུ་ཕན་པ་ཐོབ་རྒྱུ་རེད། དེར་བརྟེན་སྲིད་གཞུང་གི་གཏོང་སྒོ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་རྒྱུ་ཡིན་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་གིས་ད་དུང་ཆེད་བཙུགས་བྱས་པའི་རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཁེ་སྤོགས་གོང་འབུལ་བྱ་རྒྱུ་མང་དུ་གཏོང་རྒྱུ་དང་། ལོ་མང་རིང་གསོག་འཇོག་བྱས་པའི་ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་བྱེད་པ་སོགས་ལ་བརྟེན་ནས་མ་དངུལ་གྲབས་གསོག་བྱ་རྒྱུ། དེ་ནི་འབྱུང་འགྱུར་གྱི་དངུལ་བེད་སྤྱོད་བྱས་པ་ཞིག་མ་ཡིན་པར། འབྱུར་འགྱུར་སྐྱེད་སྲིང་བྱས་པ་ཞིག་ཡིན་པ་དང་། དེས་ནོར་སྲིད་རྒྱུན་མཐུད་སྔར་ལས་ལྷག་པ་ཡོང་ཐུབ། སྲིད་ཇུས་འདི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་ལས་སྟོང་འཛིན་འབྲི་བ་གཏན་ནས་བྱེད་མི་རུང་། ཕན་འབྲས་ནི་ཁྲོམ་རའི་གཙོ་གཟུགས་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས་ཞེས་གསུངས་ཡོད།
ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་སྐོར་ལ། ལི་ཁེ་ཆང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་40སོང་རིང་། ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་མང་པོ་ཐོབ་ཡོད་ལ། ཀྱག་ཀྱོག་གི་ལམ་བུ་ཡང་མང་པོ་བརྒྱུད་མྱོང་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་མདུན་ཕྱོགས་སུ་བསྐྱོད་ཡོད་པ་དང་། ཐུན་མོང་གི་ཁེ་ཕན་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཕྱོགས་འགལ་ལས་མང་བ་ཡོད། ཀྲུང་ཨའི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ནས། གཉིས་ཕན་མཉམ་རྒྱལ་ཡོང་བའི་རེ་བ་ཡོད། འདི་ནི་འཛམ་གླིང་ནས་རེ་འདོད་བྱེད་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་བློ་གྲོས་དང་མཉམ་ལས་ལ་བརྟེན་ནས་ཕྱོགས་འགལ་དོ་དམ་ཚོད་འཛིན་དང་། འགལ་བ་སེལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
ཞུགས་གནད་དོན་ཐད། ལི་ཁེ་ཆང་གིས། ད་ལོ་ང་ཚོས་ལས་ཞུགས་སྔོན་ལ་འཇོག་རྒྱུའི་སྲིད་ཇུས་དང་ནོར་སྲིད། དངུལ་ལོར་སྲིད་ཇུས་བཅས་སྤྱི་ཁོག་སྲིད་ཇུས་ཀྱི་ཁོངས་སུ་འཇོག་རྒྱུ་དང་། གྲོང་རྡལ་གྱི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་གསར་སྣོན་ཐུབ་རྒྱུ་འགན་ལེན་བྱས་ཏེ། ལས་དོན་དངོས་ཀྱི་ནང་བྱེ་བ་གཅིག་དང་ས་ཡ་གསུམ་ཡན་ཟིན་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད།
ནད་གཞི་བལྟ་བར་སྨན་རིན་མཐོ་བ་དང་ནད་གཞི་བལྟ་ཁག་པའི་གནད་དོན་ཐད། ལི་ཁེ་ཆང་གིས། ནད་གཞི་ཆེ་བ་ནི་དམངས་འཚོའི་དཀའ་གནད་ཞིག་ཡིན། ད་ལོ་གཅིག་ནས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་གཅོང་ནད་རང་བཞིན་གྱི་ནད་ཀྱི་སྒོ་བསྟེན་སྨན་བེད་སྤྱོད་གཏོང་རྒྱུ་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་སུ་བཅུག་ནས། བརྒྱ་ཆ་ལྔ་བཅུ་རྩིས་ཞུ་བྱེད་ཆོག་གི་ཡོད་པས། ནད་པ་དུང་ཕྱུར་བཞི་ཙམ་ལ་ཕན་པ་ཐོབ་རྒྱུ་རེད། གཉིས་ནས་ནད་གཞི་ཆེ་བའི་འགན་བཅོལ་གྱི་མ་དངུལ་ཚད་གཞི་དམའ་རུ་གཏོང་རྒྱུ་དང་། ནད་གཞི་ཆེ་བའི་འགན་བཅོལ་གྱི་རྩིས་ཞུའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས། དམངས་འཚོའི་དཀའ་གནད་དེ་ཞི་ལྷོད་དུ་འགྲོ་བ་བྱེད་དགོས་ཞེས་གསུངས་ཡོད།
སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཐད། ལི་ཁེ་ཆང་གིས། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ཉིན་རེ་བཞིན་ཇེ་ཆེར་གཏོང་རྒྱུ་ཡིན་པ་མ་ཟད། ཁས་ལེན་བྱས་ཟིན་པའི་བྱ་བ་ཐ་དག་ཁ་བཤད་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ཁྲོམ་རའི་ཐོག་མ་ཞུགས་གོང་རྒྱལ་དམངས་ཀྱི་ཐོབ་ཆའི་ཐོག་བཀག་འཇོག་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཕྱི་ནང་མ་རྩའི་ཁེ་ལས་ཚང་མར་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུ། ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་གྱོད་གཞི་ཐོན་ཚེ་རེ་རེ་བཞིན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་མིན། ལི་ཁེ་ཆང་གིས་ད་དུང་བསྒྱུར་བཅོས་དང་དམངས་འཚོ། དངུལ་རྩའི་ཞབས་ཞུའི་གཙོ་གཟུགས་དཔལ་འབྱོར། མཉམ་སྤྱོད་དཔལ་འབྱོར། འཛད་སྤྱོད། དེ་བཞིན་ཀྲུང་གོ་དང་ཨུ་རུ་སུ་དང་། ཀྲུང་གོ་དང་ཡོ་རོབ། མཐའ་འཁོར་འབྲེལ་བ། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་སོགས་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།