དཀར་མཛེས་ཁུལ་གྱིས་ཁང་སྟེང་འོད་ཤུགས་གློག་འདོན་གྱི་དབུལ་སྐྱོར་གློག་ཁང་ཐོག་མ་དེ་བསྐྲུན་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-22
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཁང་སྟེང་གྲོང་ཚོ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང་ཐོག་མ་སྟེ་འབའ་ཐང་རྫོང་རྡོ་གཞོང་ཤང་རྒྱ་ཤོད་གྲོང་ཚོ་དང་རྒྱ་དབྱིང་ཤང་སྤོ་བསྐོར་གཤིས་གྲོང་ཚོའི་འོད་ཤུགས་དབུལ་སྐྱོར་གློག་ཁང་ལ་ཞིང་ཆེན་དང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་བྱས་ནས་དྲ་སྦྲེལ་གློག་གཏོང་ལམ་ལྷོངས་བྱུང་བ་རེད།
འོད་ཤུགས་གློག་ཁང་དེའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཁྱོན་ཆན་ཝ་996དང་མ་འཇོག་བསྡོམས་འབོར་སྒོར་ཁྲི་800ཟིན་ཞིང་། སྔོན་དཔག་བྱས་ན། ལོ་རེར་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་པ་དང་། ཐོབ་ཆའི་ཡོང་འབབ་དེ་ཁག་གཉིས་ལ་བེད་སྤྱོད་བྱ་རྒྱུ་ཡིན་པ་སྟེ། ཁག་གཅིག་རྫོང་ཡོངས་ཀྱི་གཙོ་གནད་དབང་པོ་སྐྱོན་ཅན་གྱི་མི་འབོར་དང་ངལ་རྩོལ་ནུས་ཤུགས་མེད་པའི་མི་འབོར་གྱི་འགན་སྲུང་ཡོང་འབབ་ཐད་སྤྱོད་རྒྱུ་དང་། ཡོང་འབབ་ལྷག་པ་རྣམས་རྒྱུན་གཏན་གྱི་འཁོར་སྐྱོད་སྲུང་སྐྱོང་གི་གཏོང་སྒོ་ཕུད་ཚང་མ་གནས་སྤོས་ས་ཚིགས་ཀྱི་མཉམ་སྡེབ་ཡོང་འབབ་ལ་འཇུག་རྒྱུ་རེད།
རྒྱལ་ཁབ་ཀྱི་དྭངས་གཙང་ཐཱན་ཉུང་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་ཆེད། ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དཀར་མཛེས་ཁུལ་འབའ་ཐང་རྫོང་ཨུད་སྲིད་གཞུང་གིས་2018ལོའི་ཟླ་3པའི་ཟླ་དཀྱིལ་ནས་བཟུང་། རྡོ་གཞོང་ཤང་རྫོང་རྩ་དང་། རྒྱ་ཤོད། བང་ཤོག་བཅས་གྲོང་ཚོ་གསུམ་གྱི་གྲོང་ཚོ་ཧྲིལ་པོའི་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ“འབའ་ཐང་རྫོང་རྡོ་གཞོང་ཤང་རྒྱ་ཤོད་གྲོང་ཚོའི་འོད་ཤུགས་དབུལ་སྐྱོར་གློག་ཁང”ལག་བསྟར་བྱས་པ་དང་། རྒྱ་དབྱིང་ཤང་སྤོ་བསྐོར་གཤིས་གྲོང་ཚོའི་གནས་སྤོས་ཡུལ་མིའི་གནས་སྤོས་ས་ཚིགས་སུ“འབའ་ཐང་རྫོང་རྒྱ་དབྱིང་ཤང་སྤོ་བསྐོར་གཤིས་གྲོང་ཚོའི་འོད་ཤུགས་དབུལ་སྐྱོར་གློག་ཁང”གི་ཁྱབ་ཚུལ་རྣམ་པའི་འོད་ཤུགས་དབུལ་སྐྱོར་གློག་གཏོང་རྣམ་གྲངས་ལག་བསྟར་བྱས་པ་རེད།