ཉེ་ཆར། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་པར་ལེན་མཁན་ཚེ་བརྟན་ཕྱི་རོལ་དུ་པར་ལེན་པར་བསྐྱོད་སྐབས། ཟླ་ཆུའི་ཆུ་འགོའི་རྫ་སྟོད་རྫོང་ནས་ཤྭ་བ་མཆུ་དཀར་ཁྱུ་ཚོགས་གཅིག་མཐོང་ནས་པར་བླངས་ཡོད། ཤྭ་བ་མཆུ་དཀར་ཚོས་འགྲོ་མཚམས་བཞག་ནས། པར་ལེན་མཁན་ལ་དལ་ལྷོད་ཀྱིས་ཅེར་རེ་བལྟས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤྭ་བ་མཆུ་དཀར་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ཤྭ་བའི་རིགས་ཤིག་ཡིན་ཞིང་། འཚོ་གནས་བྱ་ཡུལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ནས་སྨི་5000བར་ཡིན་ཞིང་། གནས་ཡུལ་གཙོ་བོ་ནི་མཚོ་བོད་མཐོ་སྒང་ཡིན་པ་དང་། དེ་ནི་གྲང་ངར་ཆེ་སའི་སྲོག་ཆགས་དཔེ་མཚོན་ཅན་ཞིག་ཡིན་ཞིང་། དེའི་རིགས་ནི་2013ལོར《འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ》(IUCN)གྱི་སྲོག་ཆགས་རྩ་ཆེན་གྱི་ཟིན་ཐོ་དམར་པོའི་ནང་དུ་བཀོད་ཡོད།