ལི་ཁེ་ཆང་ནས་སྦོ་ཨའོ་ཨེ་ཤི་ཡའི་གླེང་སྟེགས་ཀྱི་2019ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་བརྗོད་གཙོའི་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-01



            སྤྱི་ཚེས་ཉི་ཤུ་བརྒྱད་ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧའེ་ནན་དུ་སྦོ་ཨའོ་ཨེ་ཤི་ཡའི་གླེང་སྟེགས་ཀྱི་2019ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག ཐུན་མོང་གོང་འཕེལ་མཉམ་དུ་མངོན་འགྱུར་བྱེད་ཅེས་པའི་བརྗོད་གཙོའི་གཏམ་བཤད་སྤེལ་གནང་ཡོད། རྒྱལ་ཁབ་དང་ས་ཁུལ་དྲུག་ཅུ་ལྷག་ཙམ་ནས་ཕེབས་པའི་སྲིད་ཚོང་རིག་གསུམ་གྱི་འཐུས་མི་ཉིས་སྟོང་ལྷག་ཞུགས་ཡོད།
            ལི་ཁེ་ཆང་གིས། སྦོ་ཨའོ་ཨེ་ཤི་ཡའི་གླེང་སྟེགས་ནི་ཨེ་ཤི་ཡ་ཙམ་མ་ཟད་འཛམ་གླིང་ཐོག་ལའང་ཤུགས་རྐྱེན་ནུས་པ་གལ་ཆེན་ལྡན་པའི་མཐོ་རིམ་གླེང་མོལ་སྟེགས་བུ་ཞིག་ཏུ་གྱུར་ཡོད། ན་ནིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད། ད་ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་ཐུན་མོང་ལས་དབང་དང་ཐུན་མོང་བྱ་སྤྱོད། ཐུན་མོང་གོང་འཕེལ་ཞེས་པ་ཡིན་ཞིང་། གྲོས་ཚོགས་ཀྱིས་ཨེ་ཤི་ཡ་དང་འཛམ་གླིང་ཞི་བདེ་གོང་འཕེལ་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་ཅེས་དང་། ཁོང་གིས། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་རྙོ་རྫིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། འཛམ་གླིང་དཔལ་འབྱོར་ཆགས་འགྲོ་བ་སོགས་ཀྱི་ཐུན་མོང་འགྲན་རྩོད་མདུན་རྒྱལ་ཁབ་སུ་ཞིག་ལའང་ཤུགས་རྐྱེན་མི་ཐེབས་པ་ཡོང་མི་སྲིད། ཕྱོགས་ཁག་གིས་མཉམ་དུ་གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་ཁ་གཏད་བཅག་ཏེ་གཉིས་ཕན་མཉམ་ལས་མཉམ་རྒྱལ་ཡོང་བའི་ལམ་བུ་འཚོལ་ཞིབ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་གིས་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། གོ་ལའི་བཅོས་སྒྲིག་མ་ལག་གི་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཏེ་གང་དེ་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
            ལི་ཁེ་ཆང་གིས། རྙོག་རྫིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་མདུན་དུ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་འཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། ཕྱོགས་ཁག་གིས་ཞི་བདེ་གོང་འཕེལ་གྱི་ཁོར་ཡུག་ཆེན་མོར་སྲུང་སྐྱོབ་དང་། ཁྱབ་ཁོངས་གཞི་གཅིག་ཅན་གྱི་ཆུ་ཚད་མཐོར་གཏོང་། གསར་གཏོད་གོང་འཕེལ་གྱི་གནས་སྟངས་གསར་པ་གྲུབ་པ་བཅས་བྱེད་དགོས་ཞེས་དང་། ཁོང་གིས། ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ནི་ཀྲུང་གོས་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ང་ཚོས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་གཏན་འབེབས་བྱ་རྒྱུར་དམ་འཛིན་གྱིས་སང་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་མཉམ་དུ་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་ཕྱི་ཕྱོགས་མ་དངུལ་ཁྲོམ་རར་ཞུགས་པའི་ཆ་རྐྱེན་སྔར་བས་ལྷུག་ཏུ་བཏང་ཏེ་ཁྲོམ་རར་མ་ཞུགས་གོང་གི་རྒྱལ་དམངས་ཐོབ་ཆ་དང་ལྡོག་ཕྱོགས་རྩིས་ཐོའི་དོ་དམ་ལམ་ལུགས་སྒོ་ཀུན་ནས་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་དངུལ་རྩའི་ལས་རིགས་སོགས་ཁྱབ་ཁོངས་ལ་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན། ང་ཚོས་ཕྱི་ནང་གཉིས་ཀྱི་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཏེ་ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་ཡིན། ང་ཚོས་ཀང་ཨའོ་ཐའེ་ཡི་མ་འཇོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ཀྱིས་ཀང་ཨའོ་ཐའེ་ཡི་མ་འཇོག་ཁེ་ལས་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་མཐའ་ཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ད་དུང་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ད་ལོ་འགག་སྒོ་སྒྲོལ་བའི་མ་གནས་དམའ་རུ་གཏོང་རྒྱུ་མ་ཟད་འགག་སྒོ་སྒྲོལ་བའི་ལས་ཆོད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
            ལི་ཁེ་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་ངོ་སྤྲོད་རགས་བསྡུས་ཙམ་ཞིག་ཞུས་གནང་བ་དང་། ཁོང་གིས། ལོ་དེ་ཤར་ཚུན། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུགས་ཐུབ་རྒྱུར་འགྱུར་ལྡོག་བཟང་པོ་ཁག་ཅིག་བྱུང་བ་དང་། ཁྲོམ་རའི་སྔོན་དཔག་ལའང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་དུས་མཚུངས་ངེས་གཏན་མེད་པའི་རྒྱུ་རྐྱེན་ཡང་མང་དུ་ཕྱིན་ཡོད། ང་ཚོས་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་ཀྱིས་ཆུ་ཆེན་དལ་གྱིས་འདྲེན་པའི་སྐུལ་འདེད་སྲིད་ཇུས་བཟུང་མི་སྲིད་ལ། གཞི་ཁྱོན་ཆེ་རུ་གཏོང་བ་དང་ཐོན་སྐྱེད་གྲུབ་ཆ་མང་དུ་བཏང་ནས་འཕར་སྣོན་ཡོང་རེ་བྱེད་པའི་ལམ་བུ་རྙིང་པར་སྐྱོད་མི་སྲིད། དེ་ལས་ལྡོག་ཏེ་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ལ་བརྟེན་ནས་སྒོ་དབྱེ་གསར་གཏོད་བྱེད་པ། གཞི་ཁྱོན་ཆེན་པོས་དཔྱ་ཁྲལ་ཉུང་གཏོང་དང་འགྲོ་གྲོན་ཉུང་གཏོང་གི་བྱ་ཐབས་དོན་འཁྱོལ་བྱེད་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ནང་སྐྱེས་གོང་འཕེལ་འགུལ་ཤུགས་ཤུགས་ཆེར་གཏོང་བ། ཆགས་འགྲོ་བའི་གནོན་ཤུགས་ཁྱད་བསད་བྱེད་པ། དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་རྒྱུགས་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
            སྦོ་ཨའོ་ཨེ་ཤི་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་གྱིས་དགའ་བསུ་ཞུ་བའི་ཤིས་ཚིག་བསྒྲོན་གནང་ཡོད། ལོ་སིའི་ཙུང་ལི་ཐུང་ལུན་དང་། ལྷོ་ཁོ་རེ་ཡའི་ཙུང་ལི་ལི་ལོ་ཡོན། ལུ་ཙེམ་པོག་གི་དབུ་ཞུགས་བློན་ཆེན་པེ་ཐེ་འར། ཧྲེང་ཏོ་མེ་དང་ཕུ་ལིན་ཤི་པའི་ཙུང་ལི་རོ་སུ་སི། དེ་བཞིན་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བཅས་ནས་སྔ་རྗེས་སུ་ཤིས་ཚིག་བསྒྲོལ་གནང་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1