དམའ་འབྲིང་སྐད་ཡིག་བསླབ་དེབ་ལས་སུམ་ཅུ་པའི་སྐོར་གྱི་གནད་དོན་འགའ་ལ་རགས་ཙམ་དཔྱད་པ།
བསྟན་འཛིན་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03
[གནད་བཏུས] རྩོམ་འདིར་མཁས་པ་གཅིག་གི་བརྡ་སྤྲོད་ལྟ་བ་གཞིར་བཟུང་ནས་གཞན་དག་ནོར་རོ་ཞེས་དགག་པ་བརྒྱབ་མེད་པར་བསླབ་དེབ་ཏུ་སུས་བལྟས་ནས་དཔྱད་ཀྱང་ནོར་བ་རྒྱུན་འབྱམས་འགའ་སྟེ། མ་དག་པ་དང་ཚིག་ལྷག་ཤོར་བ་རེ་འགའ་གཙོ་གནད་དུ་བཟུང་ནས་ཞོར་དུ་ཚད་ལྡན་མཁས་པ་རེ་འགའི་གསུང་ལ་གཞི་བཅོལ་ནས་དོགས་སློང་དང་བསམ་ཚུལ་ཙམ་བཏོན་ཡོད།
[གནད་ཚིག] དམའ་འབྲིང་སྐད་ཡིག བསླབ་དེབ། སུམ་ཅུ་པ། གནད་དོན།
སློབ་གྲྭའི་བསླབ་དེབ་ནི་ཚད་ངེས་ཅན་ཞིག་ནས་བཤད་ན། གཞོན་རབས་མང་པོ་ཞིག་གི་ཤེས་བྱའི་རྨང་འདིང་བྱེད་གཙོ་བོ་དེ་ཡིན་པས། འདི་ལ་ཅིས་ཀྱང་ཚད་ལྡན་དང་ཁུངས་དག་ཅིག་ཡོང་དགོས། རང་རེའི་དམའ་འབྲིང་སྐད་ཡིག་བསླབ་དེབ་འདི་རུ་གནད་དོན་རེ་འགའ་ཡོད་པས། དེ་ལ་ངེས་པར་དག་བཅོས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད། དཔེར་ན། བོད་ཀྱི་ཡི་གེར་ཤད་དགོས་པ་ནི་གནད་ཤིན་ཏུ་ནས་ཆེ་མོད། དམའ་འབྲིང་སྐད་ཡིག་བསླབ་དེབ་དྲུག་པོར་སློབ་ཚན་རེ་རེའི་ཁ་བྱང་ལ་ཤད་མེད་པར་མ་ཟད། རྒྱབ་ཤོག་སྟེང་གི་ཡི་གེ་རྣམས་ལའང་ཤད་བཞག་མེད་པ་རྒྱ་ཡིག་ལ་ལད་མོ་བྱས་པ་འདྲ་ཡང་། དེ་ནི་རྒྱུ་མཚན་མེད་པའི་གཡམ་རྒྱུགས་ཤིག་ལས་འཐད་ལྡན་དུ་མ་མཐོང་། འདིར་དེ་དག་ལས་སུམ་ཅུ་པའི་ནང་དོན་གྱི་སྐོར་ནས་ནོར་འཕྱུག་འགའ་གནད་དུ་བཟུང་ནས་ཆེད་དུ་ཞུ་ན།
གཅིག དབྱངས་ཡིག་གི་དཔེར་བརྗོད་ཅེས་པའི་གནད་དོན།
བསླབ་དེབ་ཀྱི་ཡི་གེའི་ཐོབ་ཐང་གི་རྣམ་གཞག་ཅེས་པ་ལས། དབྱངས་ཡིག་གི་དཔེར་བརྗོད་ལ། ཨི་ཁུང་། (བུ་ག་ཆུང་ངུའི་མིང) ཨུ་ཚུགས། ཨེ་མ། ཨོང་བ་ཞེས་བཀོད་པ་ལ། དེ་ནི་དབྱངས་ཡིག་གི་དཔེར་བརྗོད་དུ་བཞག་མི་འོས་ཏེ། མིང་གི་སྐབས་ཀྱི་ཨི་ཡིག་ནི་ཨུ་ཚུགས། ཨེ་མ། ཨོ་ལོ་ལྟ་བུའི་ཆ་ཤས་ཀྱི་ཨི་ཨུ་ཨེ་ཨོ་རྣམས་ཀྱང་ཨ་ཡིག་ལ་དབྱངས་བཞིའི་མཚན་མ་སྦྱར་བ་ལས། དབྱངས་བཞི་མིང་གི་ཆ་ཤས་སུ་བྱས་པ་མ་ཡིན་པས། དེ་ལྟར་བཞག་པ་དབྱངས་ཡིག་གི་དཔེར་བརྗོད་དུ་བཤད་ན། གསར་སློབ་རྣམས་ཀྱིས་བོད་ཡིག་གི་དབྱངས་ཡིག་གིས་ཐད་ཀར་མིང་གི་ཆ་ཤས་གྲུབ་པར་འདོད་པའི་ལོག་རྟོག་སྐྱེ་སྲིད། ཡང་དཔེར་ན། རི་དང་རུ། གྲིབ་དང་གྲུབ། ཐིག་དང་ཐུག ཚིགས་དང་ཚུགས། འཇིག་དང་འཇུག སྐྱིག་དང་སྐྱུག་ལ་སོགས་ནི་མིང་གཞི་གཅིག་པར་ཨི་དང་ཨུ་ཞུགས་ནས་གྲུབ་པ་རེད། དེས་དབྱངས་གཞན་གཉིས་མིང་གཞི་ལ་ཞུགས་ཚུལ་ཡང་རིགས་བསྒྲེ་བར་བྱའོ། ། དེ་ལས་དབྱངས་ཡིག་བཞིས་ཐད་ཀར་མིང་གཞི་མི་གྲུབ་ཅིང་དེའི་ཆ་ཤས་མི་བྱེད་པའང་རྟོགས་ཐུབ་བོ། །
གཉིས། རྣམ་དབྱེ་དང་པོའི་གོ་དོན་གྱི་གནད་དོན།
བསླབ་དེབ་ཀྱི་རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ་བཤད་པ་ཞེས་པ་ལས། ཆོས་གང་ཞིག་གཞན་དང་མི་ནོར་བའི་ཆེད་དུ་གསར་དུ་མིང་ཞིག་བཏགས་པ་ལ་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པའི་ཁྱད་པར་སྟོན་པའི་ཆ་ནས་ཚིག་ཏུ་གྲུབ་པ་ནི་རྣམ་དབྱེ་དང་པོ་ཡིན། ཞེས་རྣམ་དབྱེ་དང་པོར་གོ་དོན་ཞིག་བཞག་ཡོད་པ་ལས། སྤྱིར་གོ་དོན་འདི་ལ་ཞིབ་ཆ་མ་ཐོན་པའི་ཆ་ཡོད་ཅིང་། དེ་ལས་ཀྱང་གནད་དོན་ཞིག་ཡོད་པ་ནི་ཚིག་ཏུ་གྲུབ་དགོས་པར་བཤད་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་གྲགས་ཆེན་གང་དུའང་མེད། རྣམ་དབྱེ་དང་པོ་ལ་ངོ་བོ་ཙམ་དང་མིང་ཙམ་བརྗོད་པ་ཞེས་པ་ལས་ཚིག་ཏུ་གྲུབ་དགོས་པར་གཏན་ནས་གསུངས་མེད་པ་དང་། རྣམ་དབྱེ་དང་པོ་ཡིན་ན། མི་དང་། ཁང་པ། མེ་འཁོར། གནམ་གྲུ་ཞེས་བརྗོད་པའི་སྒྲ་ལྟ་བུ་ཡིན་པས་ནམ་ཡང་ཚིག་ཏུ་གྲུབ་མེད་པ་གསལ་བོར་རྟོགས་སླ། དེ་བས་གོ་དོན་དེ་ལས་ཚིག་ཏུ་གྲུབ་པ་ཟེར་བ་ནི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ལུགས་དང་མཐུན་དཀའ་བ་ཞིག་ཏུ་འཁུམས། ཚིག་ཏུ་གྲུབ་དགོས་ན་རྣམ་དབྱེ་དང་པོ་ཡིན་ན་མིང་མ་ཡིན་པར་ཚིག་ཡིན་དགོས་ཏེ། དེ་ཡིན་ན་ཚིག་ཏུ་གྲུབ་དགོས་པའི་ཕྱིར། དེ་ལྟར་ཡིན་དགོས་པ་བསླབ་དེབ་ཏུ་རྣམ་དབྱེ་དང་པོའི་གོ་དོན་ལས་བསྟན་པའི་ཕྱིར། ཞེས་བརྗོད་ཚེ་སྐྱོན་དེ་རྟོགས་སླ། ཡིན་ཡང་དེའི་གཤམ་གྱི་དཔེར་བརྗོད་རྣམས་མིང་འགའ་བཞག་ཡོད་པ་ལས། ཚིག་ཏུ་གྲུབ་པ་གཅིག་ཀྱང་བཞག་མི་འདུག དེ་བས་གོ་དོན་དང་དཔེར་བརྗོད་བར་ན་འགལ་བ་ཤོར་འདུག་ཅིང་། སྤྱིར་མིང་ཚིག་གཉིས་འགལ་མིན་དང་དེ་དག་སོ་སོའི་མཚན་ཉིད་ལ་མཐའ་དཔྱོད་གཏོང་བ་ནི་སྐབས་འདིར་བསྐྱུངས་ཤིང་། མདོར་ན། དམའ་འབྲིང་བསླབ་དེབ་ཏུ་སྲོལ་རྒྱུན་བརྡ་སྤྲོད་ལས་ཡོངས་གྲགས་ཀྱི་མཁས་པའི་བཞེད་ཚུལ་དེ་གོ་དོན་དང་དཔེར་བརྗོད་བར་ན་འགལ་བ་མེད་པ་ཞིག་གི་ཐོག་ནས་ངོ་སྤྲད་པས་ཆོག་ལ། དེ་ལུགས་བྱ་དགོས་པ་སྐབས་འདིའི་གནད་འགག་ཡིན་པས་གོ་དོན་ལས་ཚིག་ཏུ་གྲུབ་པ་ཞེས་པའི་ཡིག་འབྲུ་དེ་གསུམ་ཟུར་དུ་བཀར་ནས་བཤད་པ་ཡིན། དེ་ལ་ཡང་རྣམ་དབྱེ་དང་པོའི་སྐོར་ལ་དེང་དུས་ཀྱི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་མཁས་དབང་དཔའ་རིས་སངས་རྒྱས་མཆོག་གིས་སྡོམ་དུ་མཛད་པ་ནི“དོན་གྱི་ངོ་བོ་སྟོན་པའི་མིང་། ། ཚིག་གི་སྒྲུབ་བྱེད་ཡིན་པས་ན། ། རྣམ་དབྱེ་དང་པོར་བཞག་པ་ཡིན། ། མིང་གི་ངོ་བོ་མི་གཅིག་པར། ། འགྱུར་བའི་རྐྱེན་དང་ལྡན་པས་ན། ། རྣམ་དབྱེའི་ཁོངས་སུ་གཏོགས་པ་ཡིན། །”ཞེས་གསུངས་པ་ལས་ཀྱང་། རྣམ་དབྱེ་དང་པོའི་མིང་རྣམས་ཚིག་གི་སྒྲུབ་བྱེད་ཡིན་པར་གསུངས་པ་ལས། ཁོ་རང་ཉིད་ཚིག་ཏུ་གྲུབ་ཡོད་པར་གསུངས་མི་འདུག་པ་དེ་ལས་ཀྱང་གོང་གི་གནད་དོན་དེ་གསལ་བོར་རྟོགས་ནུས་སོ། །
གསུམ། དང་སྒྲ་གདམས་ངག་ལ་འཇུག་པའི་དོགས་སློང་།
བསླབ་དེབ་ཏུ་དང་སྒྲ་བཤད་པ་ཞེས་པ་ལས། དང་སྒྲ་གདམས་ངག་ལ་འཇུག་པའི་དཔེར་བརྗོད་འགའི་རྗེས་སུ། ཡང་ན། འདི་གྱིས་དང་། ཚིག་རྣ་བས་ཉོན་དང་། དོན་ཡིད་ལ་ཟུངས་དང་། སློབས་དང་། ཞེས་པ་ལྟ་བུའོ། །ཞེས་བཞག་འདུག་མོད། འདི་ལ་ཡང་ན་ཞེས་པ་ཙམ་ལས་གསལ་བཤད་གཞན་མེད་པས། དང་སྒྲ་གདམས་ངག་ལ་འཇུག་ཚུལ་དུ་བསྡུས་ན་མི་འོས་པར་སེམས་ཏེ། དཔེར་བརྗོད་འདི་དག་ལས་གདམས་ངག་ལ་འཇུག་པའི་དོན་མི་སྟོན་པའི་ཕྱིར། སྤྱིར་སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་གཞན་ནའང་ཉོན་དང་། གྱིས་དང་། ཞེས་དང་སྒྲ་གདམས་ངག་ལ་འཇུག་པའི་དཔེར་བརྗོད་དུ་བཞག་ཡོད་མོད། སྐུལ་བ་ཡིན་ན་གདམས་ངག་ཡིན་པའི་མ་ཁྱབ་ཀྱང་གདམས་ངག་ཡིན་ན་སྐུལ་བ་ཞོར་ནས་ཐོན་ཡོད་པས། དེའི་ཁོངས་སུ་བཞག་ན་འགལ་བ་ཆེན་པོ་མི་འདུག། དེ་ལ་ཡང་ན་ཞེས་ཟུར་དུ་དགར་དགོས་དོན་མེད་པ་འདྲ། དེ་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། གཞན་ལ་བླང་དོར་གྱི་ལེགས་ཉེས་གསལ་པོར་སྟོན་པའི་ཕྱིར་དུ། གདམས་ངག་དང་བསླབ་བྱ་འདོམ་སྐབས་དོན་ཚན་སོ་སོའི་མཇུག་ཏུ་དང་ཞེས་སྦྱར་བ་ལྟར་ཡིན། དང་སྒྲའི་ཕྲད་དེ་གདམས་ངག་བསླབ་བྱ་འདོམས་པའི་སྐུལ་ཚིག་ལ་འཇུག་ཚུལ་ཞེས་དེ་གཉིས་གཞི་གཅིག་ཏུ་གསུངས་པ་ནི་ལེགས་པར་མཐོང་། དེ་ལྟར་ན་ཐད་ཀར་གྱིས་དང་། ཟུངས་དང་ལྟ་བུ་ལ་སྐུལ་ཚིག་ཙམ་ལས་གདམས་ངག་སྟོན་པའི་ནུས་པ་མེད་པ་གོ་ཐུབ།
བཞི། ཚིག་ཕྲད་རྐྱང་བ་དང་རྣམ་དབྱེའི་མུ་བཞིའི་སྐབས་སུ་ཐ་སྙད་ལྷག་མ་ཤོར་བ།
ཡང་བསླབ་དེབ་ལས། ཚིག་ཕྲད་ཀྱི་གོ་དོན་བཤད་པ་ཞེས་པ་ལས། ཕྲད་རྐྱང་ཡིན་ལ་རྣམ་དབྱེ་མ་ཡིན་པ་ནི། རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཡོད་དོ་ཅོག་དང་། ཞེས་པ་ལས་ཡོད་དོ་ཅོག་ནི་ལྷག་མ་རེད། རྒྱུ་མཚན་ནས་ལས་གཉིས་ནི་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་ལ་རྣམ་དབྱེ་ཡང་ཡིན་ཏེ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཕྲད་ཡིན་པའི་ཕྱིར་རོ། ། དེ་བས་ཡོད་དོ་ཅོག་ཅེས་པའི་ཡིག་འབྲུ་གསུམ་པོ་ནི་ལྷག་མ་ཡིན་པ་ཤེས་སླ། ཚིག་ཕྲད་ཀྱི་གོ་དོན་བཤད་པ་ཞེས་པའི་ནང་དོན་འདི་ཚེ་ཏན་ཞབས་དྲུང་མཆོག་གི་ཐོན་མིའི་ཞལ་ལུང་ལས་ཇི་བཞིན་དྲངས་པ་ཞིག་རེད་མོད། ཡིན་ཡང་བསླབ་དེབ་སྒྲིག་མཁན་དག་གིས་ཐད་ཀར་བསླབ་དེབ་ཏུ་འཇོག་རྐྱང་བྱས་པ་ལས། འདི་ནི་མི་ཤེས་པའི་དཀའ་གནད་ཅིག་གཏན་ནས་མིན་པ་ཚང་མས་ཤེས་གསལ་ལྟར་རེད། ཐོན་མིའི་ཞལ་ལུང་འདི་ཉིད་རྩོམ་པ་པོ་ཁོང་ཉིད་ཀྱིས་ལོ་རབས་བརྒྱད་ཅུ་བའི་ནང་། ཐོག་མར་ནུབ་བྱང་མི་རིགས་སློབ་ཆེན་དུ་འཁྲིད་གནང་སྐབས་ཁོང་གིས་ཡོད་དོ་ཅོག་ཅེས་པ་ལྷག་མ་ཤོར་སོང་བ་ཡིན་པར་གསུངས་ཤིང་། ཁོང་གི་ལྟ་བ་མིན་ཚུལ་སློབ་དཔོན་འཇམ་དབྱངས་གྲགས་པས་ཐོན་མིའི་ཞལ་ལུང་འཁྲིད་སྐབས་གསུང་བཞིན་པ་དང་། རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཐོན་མིའི་ཞལ་ལུང་གི་སུམ་ཅུ་པའི་སྐོར་གྱི་འཁྲིད་དུའང་དེ་བཞིན་གསུང་བཞིན་འདུག ཡིན་ཡང་དམའ་འབྲིང་བསླབ་དེབ་ཏུ་སྔར་བཞིན་དེ་ལ་དག་བཅོས་ཅི་ཡང་མེད་པར་བཞག་འདུག ཐོན་མིའི་ཞལ་ལུང་གི་དཔར་ཐེངས་དང་པོ་དང་གཉིས་པ་གཉིས་སུའང་དེ་བཞིན་དུ་སྣང་མེད་དུ་བསྐྱུར་འདུག་པས། འདི་ནི་སུམ་ཅུ་པར་ཐོག་མར་འཇུག་མཁན་ཞིག་ལ་མཚོན་ན། མགོ་རྙོག་ཡོང་བྱེད་ཅིག་ཡིན་པས་འདིར་ཆེད་དུ་གསལ་བཤད་བྱས་པ་ཡིན། དེ་མ་གཏོགས་འདི་ནི་དཀའ་གནད་དང་རྩོད་གཞི་ཡོད་པ་ཅན། མཁས་པ་རེ་འགའ་ལས་དེ་ལྟར་མི་བཞེད་པ་དེ་འདྲའི་རིགས་གང་ཡང་མ་ཡིན་པར། ཐུན་མོང་ཡོངས་གྲགས་སུས་བལྟས་ཀྱང་ལྷག་མ་ཤོར་འདུག་པ་དེ་འདྲ་ཡིན་པས། སློབ་མའི་བསླབ་དེབ་ཏུ་དེ་ལྟར་ད་རུང་མ་དག་རྒྱུན་འབྱམས་སུ་དོ་སྣང་མ་བྱས་པར་རང་སོར་འཇོག་པ་ནི་མི་རིགས་སོ། །
མཇུག་བསྡུ་བ།
སྤྱིར་ན་སུམ་རྟགས་ཀྱི་གཞུང་གི་གོ་རིམ་གཅིག་པོའི་ཐད་ན་ངེས་དགོས་པ་གལ་ཆེན་དུ་མ་ཡོད་དེ། སྔོན་གྱི་བརྡ་སྤྲོད་གཞུང་འགྲེལ་རྣམས་སུ་གོ་རིམ་ངེས་གཏན་ཞིག་ལས་རང་རང་གིས་གང་འདོད་ཅི་འདོད་མཛད་མེད། དེ་ནི་གཞུང་གི་རྟོགས་དཀའ་སླའི་རིམ་པ་དང་གལ་ཆེ་མིན་གྱི་གནད་ཅིག་ཀྱང་ཡོད་པས། རང་དགར་གཏོར་ན་མི་བཟང་མོད། དམའ་འབྲིང་བསླབ་དེབ་ཏུ་དེ་ལ་ཐུགས་སྣང་མ་མཛད་པར་གོ་རིམ་གང་འདོད་བྱས་པ་དེ་ཡང་དགེ་མཚན་ཞིག་ཏུ་མཐོང་མ་སོང་། དཔེར་ན། རྣམ་དབྱེ་དང་པོ་དང་འབྲེལ་བའི་སླར་བསྡུ་བཤད་པ་ཞེས་སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་དེ་གཉིས་དོན་ཚན་གཅིག་ཏུ་རིམ་པར་བཞག་སྟེ་བཤད་མོད། བསླབ་དེབ་ཏུ་དེ་གཉིས་ཁ་ཁ་སོ་སོར་བཀར་འདུག དེ་མིན་སུམ་ཅུ་པའི་སྐོར་གྱི་ནང་དོན་རེ་གཉིས་ཤིག་ནི་ཚེ་ཏན་ཞབས་དྲུང་མཆོག་གི་ཐོན་མིའི་ཞལ་ལུང་ལས་དྲངས་ཤིང་། ལ་ལ་དེ་ལས་དྲངས་པ་ཡིན་ཡང་ནང་དོན་མདོར་བསྡུས་སུ་སྒྲིག་པ་དེ་འདྲ་ཡིན་མོད། ལ་ལ་བརྡ་སྤྲོད་གཞུང་གང་ཞིག་ནས་དྲངས་པའམ་སྒྲིག་པ་ཡིན་ཚུལ་ཡང་མི་གསལ་བས། མཁས་པ་འདྲ་མིན་སྣ་ཚོགས་ཀྱི་གཞུང་ལས་བཏུས་ཏེ། དེ་དག་ཡོངས་རྫོགས་གོང་བུ་གཅིག་ཏུ་བསྒྲིལ་ནས་བསམ་བློ་བཏང་ཚེ། མཁས་པ་དེ་དག་གི་བཞེད་པ་ཡོངས་སུ་གཅིག་མཐུན་མིན་པས་སྔ་ཕྱི་འགལ་བ་ཤོར་འདུག་སའང་ཡོད་ཕྱིར། དེ་དག་རབ་ཡིན་ན་མཁས་པ་ཚད་ལྡན་གཅིག་གི་བརྡ་སྤྲོད་ཀྱི་གཞུང་ལས་དྲངས་ན་འོས་སྙམ། དཔེར་ན། ལས་དང་པོ་བ་རྣམས་ལ་འཇུག་བདེ་མོ་ཡོད་ཅིང་ཁ་གསལ་བ་ནི། མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལྟ་བུ་རེད་ཅེས་དེང་དུས་ཀྱི་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྒན་ལྕགས་ཐར་རྒྱལ་གྱིས་གསུང་བཞིན་པས་དེ་ཉིད་བདེན་པར་འདོད།
འདིར་དོན་གྱི་དམིགས་བྱ་ནི། བསླབ་དེབ་ཀྱི་ནོར་འཕྱུག་དང་མ་དག་པ་རྣམས་ཚང་མས་ངོས་ཟིན་འཐོབ་སླད་དུ་ཡིན་ཞིང་། དེས་རང་རེའི་བསླབ་དེབ་སྤུས་ལེགས་སུ་འགྱུར་བར་རམ་འདེགས་ཅུང་ཟད་རེ་ཨེ་ཐོགས་ཀྱི་ཀུན་སློང་གཙང་མས་སྦྱར་བ་དགེའོ། །