བྱིས་པའི་རྩོམ་རིག་བཤད་པ་རྒྱུ་སྐར་ཕྲེང་བ།

གུར་མགོན་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


[གནད་བཏུས] རྩོམ་འདིར་ཅི་ཞིག་ལ་བྱིས་པའི་རྩོམ་རིག་ཟེར་བ་དང་། ནུབ་གླིང་དུ་དར་འཕེལ་གྱི་དུས་རིམ་བཞི་རུ་དབྱེ་ཚུལ། དུས་རིམ་སོ་སོར་བརྩམས་ཆོས་གྲགས་ཅན་གང་དག་ཡོད་པ། བོད་ཀྱི་བྱིས་པའི་རྩོམ་ལུས་དང་ད་ལྟའི་འཕེལ་རྒྱས་ཀྱི་གནས་ཚུལ་རྣམས་བརྗོད་ཡོད།

[གནད་ཚིག] བྱིས་པའི་རྩོམ་རིག བྱིས་སྒྲུང་། འཕེལ་རྒྱས།

རྩོམ་རིག་ནི་ངག་གི་རང་བཞིན་དུ་གྱུར་པའི་མཛེས་དཔྱོད་རྣམ་པ་ཞིག་ཡིན་ལ། རྩོམ་རིག་གི་ལས་ཀྱི་བགྱི་བ་ནི་མིས་དོན་དུ་གཉེར་བའི་རྩོམ་རིག་གསར་རྩོམ་དང་། ཀློག་འདོན། དཔྱད་བརྗོད་སོགས་ཀྱི་སྤྱི་མིང་ཡིན་ཞིང་། དེ་ལ་ལས་སམ་རྩོམ་རིག་གི་བྱ་འགུལ་ཞེས་བརྗོད་ཆོག་པ་ཡིན། དེར་མ་ལག་མང་ཞིང་མིའི་སྤྱི་ཚོགས་ཀྱི་ལས་དོན་ཧྲིལ་པོའི་ཆ་ཤས་སམ་ཡན་ལག་གི་ཚུལ་དུ་ཡང་མངོན། ཨ་མའི་གཉིད་འགུག་གི་གླུ་ནས་ཨ་བོ་བྱེའུ་ཆུང་། ཨ་མ་རི་བོང་། ཨ་ཕོ་སྤྱང་ཀི་སོགས་ཀྱི་སྒྲུང་ལ་ཉན་དུས་ཁྱོད་རང་རྩོམ་རིག་གི་ལས་ལ་ཞུགས་ཚར། དེ་བས་རྩོམ་རིག་གི་ལས་ལ་ཞུགས་པ་ནི་ནར་སོན་པའི་ཚེ་ན་ཉིན་ཞིག་ལ་གློ་བུར་བྱུང་བ་མ་ཡིན་ཏེ། བྱིས་པ་སྐད་ཆ་སྨྲ་མི་ཤེས་པའི་དུས་ནས་སོ། །

བྱིས་པའི་གནས་སྐབས་ཟེར་བ་འདི་ལ་བུས་པའི་གནས་སྐབས་དང་སློབ་ལོ་རན་པའི་གནས་སྐབས་དང་། ན་ཆུང་གི་གནས་སྐབས་བཅས་ཡོད་ཅིང་། གནས་སྐབས་དེ་དག་ནི་མིའི་རིག་སྟོབས་ཆེར་རྒྱས་པའི་སྒང་ཡིན་ཞིང་། དབང་ཤེས་ཀྱི་ཚོར་བའི་རྣོ་ཚད་ཇེ་མྱུར་དུ་འགྲོ་བའི་སྒང་ཡང་ཡིན་ལ། དྲན་ཤེས་ཀྱང་བསམ་བཞིན་མ་ཡིན་པ་ནས་བསམ་བཞིན་འཛིན་པའི་ཕྱོགས་ལ་འགྲོ་བ་ཡིན།

དང་པོ། བྱིས་པའི་རྩོམ་རིག

བྱིས་པའི་སློབ་གསོའི་འགན་ནི་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་གསུམ་ག་ནས་འགན་ལེན་དགོས་པ་ཡིན་ལ། དོན་དུ་བྱིས་པ་དེ་ཉིད་ལ་སློབ་གསོ་སྤྲོད་སྟངས་ཀྱི་ཐད་ལ་འགན་ལེན་པ་ཡིན། བྱིས་པ་སྐྱེད་སྲིང་བྱེད་དུས། ལས་སྒོ་གཅིག་ནི་རྩོམ་རིག་གིས་སྐྱོང་བ་དེ་ཡིན། དེ་བས། མིའི་རིགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལས་རིམ་གྱིས་བྱིས་པའི་རྩོམ་རིག་ཅེས་པ་གྲུབ་འོངས་པ་ཡིན།

བྱིས་པའི་རྩོམ་རིག(literature for children)ནི་ཆེད་དུ་གཞོན་ནུ་ལོ་ཆུང་རྣམས་ལ་གསར་རྩོམ་བྱས་པའི་རྩོམ་རིག་བརྩམས་ཆོས་ཡིན་པ་དང་། དེ་ལ་སྐད་ཆ་བབ་ཆགས་དང་གོ་སླ་བའི་ཁྱད་ཆོས་ཡོད་ཅིང་། གསོན་ཉམས་ལྡན་ལ་སྤྲོ་སྣང་ཡང་ལྡན། ལོ་ན་མི་འདྲ་བའི་ཀློག་མཁན་ལྟར་བྱིས་པའི་རྩོམ་རིག་ལའང་བུས་པའི་རྩོམ་རིག་དང་། ན་ཆུང་རྩོམ་རིག གཞོན་ནུའི་རྩོམ་རིག་བཅས་སུ་དབྱེ། རྩོམ་རིག་གི་ལུས་ཀྱི་ཆ་ནས་བྱིས་གླུ་དང་། བྱིས་པའི་སྙན་ངག བྱིས་སྒྲུང་། ལེགས་བཤད་གཏམ་རྒྱུད། བྱིས་པའི་བརྩམས་སྒྲུང་། བྱིས་པའི་ལྷུག་རྩོམ། བྱིས་པའི་ཟློས་གར། བྱིས་པའི་གློག་བརྙན། བྱིས་པའི་ཚན་རིག་སྒྱུ་རྩལ་བཅས་སུ་དབྱེ། དེ་ཀུན་སྒྱུ་རྩལ་བརྩམས་ཆོས་ཡིན་པས་དོན་དུ་བྱིས་པ་ཙམ་མ་ཟད་རྒན་དར་ཀུན་གྱིས་ཉམས་སུ་མྱང་ཆོག་གོ །

གཉིས་པ། ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག་གི་བྱུང་བ་རགས་བསྡུས།

འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན་བྱིས་པའི་རྩོམ་རིག་གི་མགོ་ནམ་ཚོད་བརྩམས་པར་མཁས་པ་རྣམས་བཤད་སྒྲོས་མི་མཐུན་མོད་ཀྱི། འཕེལ་རྒྱས་ཀྱི་དུས་རིམ་ཕལ་ཆེར་བཞི་རུ་དབྱེ་ཆོག གཅིག དུས་རབས་བཅུ་བདུན་པའི་ཡར་སྔོན་ཏེ། དེ་ལ་ལོ་རྒྱུས་སྔོན་གྱི་བྱིས་རྩོམ་ཟེར། གཉིས། དུས་རབས་བཅུ་བདུན་པའི་མཇུག་གམ་བཅོ་བརྒྱད་པའི་ནང་སྟེ། དུས་རབས་འདིའི་ནང་ལ་བྱིས་རྩོམ་གྱི་མགོ་འབུས་ཤིང་འཕེལ་རྒྱས་ཀྱི་དབུ་ཚུགས། གསུམ། དུས་རབས་བཅུ་དགུ་པ་སྟེ། བྱིས་རྩོམ་མྱུར་མགྱོགས་ཀྱིས་འཕེལ་རྒྱས་སུ་ཕྱིན་ནས་དར་རྒྱས་ཀྱི་དུས་རིམ་དང་པོར་སླེབས། བཞི། དུས་རབས་ཉི་ཤུ་པ་སྟེ། ཆ་མང་པོ་ནས་བྱིས་རྩོམ་ཐོད་རྒལ་བྱུང་ལ་དར་རྒྱས་ཀྱི་དུས་རིམ་གཉིས་པར་སླེབས། གཤམ་ནས་དུས་སྐབས་དེ་དག་གི་བརྩམས་ཆོས་གྲགས་ཆེ་བ་རྣམས་ངོ་སྤྲོད་པར་བྱའོ། །


༡. དུས་རབས་བཅུ་བདུན་པའི་ཡར་སྔོན་གྱི་ཀློག་དེབ།

ཡུན་འདི་ལ་བྱིས་པའི་རྩོམ་རིག་གི་མ་ལག་གྲུབ་མེད་ནའང་། བྱིས་པ་དང་རྩོམ་རིག་གཉིས་འབྲེལ་མེད་དུ་གནས་པ་མ་ཡིན་ཏེ། དོན་དུ་མིའི་རིགས་སྤྱི་ཚོགས་ལ་བྱིས་པ་ཡོད་པའི་ཚེ་ན། ཁོ་ཚོས་གཏམ་རྒྱུད་ལ་ཉན་དགོས་ཤིང་གླུ་ལེན་དགོས། ལོ་རྒྱུས་ཀྱིས་ཀྱང་ཁོ་ཚོར་མྱོང་རོལ་བྱ་རྒྱུའི་བརྩམས་ཆོས་སྦྱོར་བར་བྱེད་དོ། །

ལོ་རྒྱུས་ཀྱི་དོན་དངོས་ལ་གཞིགས་ན། དུས་རིམ་འདིའི་ནང་གི་བྱིས་རྩོམ་ལ་གཙོ་བོར་རིགས་གཉིས་ཡོད་དེ། རིགས་གཅིག་ནི་དམངས་ཁྲོད་ནས་ངག་ཏུ་བརྒྱུད་པའི་ངག་རྩོམ་ཡིན་ལ། དེར་ལྷ་སྒྲུང་དང་། ངག་རྒྱུན། གཏམ་རྒྱུད། བྱིས་གླུ་བཅས་འདུས་པ་ཡིན་ལ། དེ་ཀུན་བྱིས་པ་རྣམས་ཉན་པར་སྤྲོ་བ་དང་གྱེར་བར་སྤྲོ་བའི་རིགས་ཡིན། དེ་ལ་དིང་སང་ང་ཚོས་བརྗོད་ཀྱིན་པའི་བྱིས་པའི་རྩོམ་རིག་གི་གྲུབ་ཆ་མང་པོ་འདུས། རིགས་གཉིས་པ་ནི་དར་མའི་རྩོམ་རིག་གི་ཁྲོད་དུ་བྱིས་པའི་མཛེས་དཔྱོད་ལྟ་ཚུལ་དང་ཤིན་ཏུ་ཉེ་བར་ཡོད་པའི་སྐོར་ཡིན་ལ། དེའི་བརྗོད་བྱ་ནི་བྱིས་པའི་འཚོ་བ་དང་། དར་མའི་ཉེན་འཚོལ་གྱི་སྐོར། རི་དྭགས་ཀྱི་གཏམ་རྒྱུད་སོགས་ཡིན་ཞིང་། དེ་ཡང་བྱིས་པ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འགུག་ནུས་པའི་སྐོར་རོ། །

རྒྱ་གར་གྱི་བྱིས་པའི་ལེགས་བཤད་གཏམ་རྒྱུད་ཐོག་མ《ལུགས་ཆེན་པོའི་གཏམ་རྒྱུད》ནི། སྤྱིར་བཏང་དུ་འཛམ་གླིང་གི་བྱིས་རྩོམ་གྱི་ཐོག་མར་ངོས་འཛིན། དེ་གླེགས་བམ་དུ་གྲུབ་པའི་དུས་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ནས་དྲུག་པའི་བར་ཡིན་ཞིང་། དེབ་དེའི་གླེང་གཞིར་གཏམ་རྒྱུད་ཅིག་འཆད་ཡོད་དེ། སྔོན་རྒྱལ་པོ་ཞིག་ལ་བུ་བླུན་པོ་གསུམ་ཡོད། རྒྱལ་པོས་བློན་པོ་རྣམས་ལ་རྒྱལ་སྲས་དག་རིག་པ་རྣོན་པོར་འགྱུར་བའི་ཐབས་འཚོལ་དགོས་པའི་བཀའ་བསྒོས། བློན་པོ་དག་གིས་ཐབས་གང་ཡང་མ་རྙེད། ཕྱིས་བྲམ་ཟེ་ཞིག་ཁྱིམ་དུ་གདན་དྲངས་ཤིང་། བྲམ་ཟེ་དེས་རྒྱལ་པོའི་བུ་དག་གི་ཕྱིར་དུ《ལུགས་ཆེན་པོའི་གཏམ》བྱ་བའི་བསྟན་བཅོས་འདི་མཛད། བྱིས་པ་དག་གིས་ལེགས་བཤད་ཀྱི་གཏམ་རྒྱུད་འདི་ལ་ཉན་པས་བློ་རིག་དང་ལྡན་པར་གྱུར་ཅེས་བརྗོད་ཡོད་པ་རེད། འདིས་ཏག་ཏག་སྐབས་དེར་དར་མ་དག་གིས་རང་གི་བྱིས་པ་བློ་རིག་དང་ལྡན་པར་བསྐྱེད་དགོས་ན་བྱིས་པའི་རྩོམ་རིག་མཁོ་བ་དེ་བསྟན། སྤྱི་ལོ750ལོ་ལ་དབྱི་རག་གི་མཁས་པ་དབྱི་བྷིན་ཨ་ལི་མོ་ཅ་ཧྥ་ཟེར་བ་ཞིག་གིས་དེབ་འདི་པར་ཟིག་གི་ཡི་གེ་ནས་ཨ་རབ་ཀྱི་ཡི་གེར་བསྒྱུར། མིང་ལ《ཁ་ལི་ལེ་དང་ཏིས་མོའུ་ནེ》(卡里莱和笛木乃)ཞེས་བཏགས་ཤིང་། ནང་དོན་ལ་འཕྲི་སྣོན་དང་ཚིག་སྦྱོར་ལ་བཅོས་སྒྱུར་ཅུང་ཟད་བགྱིས་པས། ལྷག་པར་ཡང་བྱིས་པ་རྣམས་ལ་འཕྲོད་པར་སོང་ཞིང་། འདིས་བྱིས་པའི་རྩོམ་རིག་དེ་དར་མའི་རྩོམ་རིག་ལས་འདོར་ལེན་བྱེད་པའི་སྲོལ་ཕྱེ། གཞན་ཡང་དུས་རབས་བདུན་པའི་གོང་རོལ་ལ《དབྱི་སོའི་ལེགས་བཤད་གཏམ་རྒྱུད》(伊索寓言故事)དང་། ཨ་རབ་ཀྱི《ཞག་སྟོང་དང་གཅིག》(一千零一夜)ཧྥ་རན་སེའི་དམངས་ཁྲོད་གཏམ་རྒྱུད་སྙན་ངག《ལེ་ནཱ་ཧུའུ་ཡི་གཏམ་རྒྱུད》(列那狐传奇) སི་ཕེན་གྱི《ཐཱང་ཅི་ཁི་ཏི》(唐吉坷德)ཧྥ་རན་སེའི་ལཱ་ཧྥིན་ཏན་གྱི《ལེགས་བཤད་གཏམ་རྒྱུད་སྙན་ངག》(寓言诗)ཧྥ་རན་སེའི་ཞ་ལོ་པེ་ལོ་ཡི《ངང་བའི་ཨ་མའི་གཏམ་རྒྱུད》(鹅妈妈的故事)ལ་སོགས་བྱུང་ངོ་། །

༢. དུས་རབས་བཅོ་བརྒྱད་པའི་བརྩམས་ཆོས།

དུས་རབས་བཅོ་བརྒྱད་པའི་ནང་ལ་བློ་འབྱེད་རིང་ལུགས་ཀྱི་རྩོམ་པ་པོ་ཏན་ནེ་ཏིས་ཧྥུའུ་ཟེར་བས《ལུའུ་པིན་ཞུང་ཆུ་ལ་ཞུགས་པའི་གཏམ་རྒྱུད》(鲁滨逊漂流记)བརྩམས། ཡོ་ན་ཏན་སི་ཝེ་ཧྥུའུ་ཐི་ཡིས《ཀི་ལེ་ཧྥུའུ་ཡུལ་སྐོར》(格列佛游记)ཟིན་ཐོ་བརྩམས། དེ་གཉི་ག་དང་པོར་དར་མའི་རྩོམ་རིག་ཡིན་ལ། པར་དུ་བསྐྲུན་རྗེས་བྱིས་པ་དག་ཀློག་སྤྲོ་བར་གྱུར་པས། བསྐྱར་དུ་འཕྲི་སྣོན་དང་ལེགས་བཅོས་ཀྱིས་བྱིས་པའི་རྩོམ་རིག་ལ་བསྒྱུར་པ་ཡིན། སྤྱི་ལོ1762ལོར་པར་དུ་བསྐྲུན་པའི《ཨེད་མིས་ཨར》(爱弥儿)ནི། ཧྥ་རན་སེའི་རྩོམ་པ་པོ་ལུའུ་སོ་ཡིས་ཆེད་དུ་བྱིས་པ་རྣམས་ལ་བྲིས་པའི་དེབ་ཅིག་ཡིན་ལ་ཤན་ཆེས་ཆེ་བ་ཞིག་ཀྱང་ཡིན། དེ་ནི་རྣམ་ཐར་རང་བཞིན་གྱི་བྱིས་པའི་བརྩམས་སྒྲུང་ཞིག་ཡིན་ལ། བརྗོད་བྱ་གཙོ་བོ་སྐུ་དྲག་གི་སྲས་ཨེད་མིས་ཨར་བྱིས་པའི་དུས་ནས་ནར་སོན་པའི་བརྒྱུད་རིམ་བཤད་ཡོད་ཅིང་། དེ་ལས་ཐེངས་དང་པོར“བྱིས་པར་བརྩི་བཀུར་བྱེད་པ”ཞེས་པ་དེ་བསྒྲགས་ཡོད། སྤྱི་ལོ1658ལོར་ཅེ་ཁི་ཡི་ཁཱ་མེ་ཡོ་སི་ཡི《འཛམ་གླིང་རིས་འགྲེལ》(世界图解)པར་དུ་བསྐྲུན་ཅིང་། དེ་ལས་བྱིས་པ་ནི་དར་མའི་བསྡུས་གཟུགས་མ་ཡིན་ལ། དར་མའི་སྔོན་འགྲོ་ཡང་མ་ཡིན་པར། དེ་ནི་ཀེར་ཚུགས་ཀྱི་མི་ཚེའི་དུས་རིམ་ཞིག་ལ་བལྟས་ཡོད།

༣. དུས་རབས་བཅུ་དགུ་པའི་བརྩམས་ཆོས།

དུས་རབས་འདིའི་ནང་དུ་འཛམ་གླིང་ལ་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་མིང་གྲགས་ཅན་མང་པོ་བྱུང་བའི་དུས་རབས་ཤིག་ཡིན་ལ། ཏན་མེག་གི་བྱིས་སྒྲུང་མཁན་པོ་ཨན་ཐུའུ་ཧྲིན་གྱིས་བྱིས་སྒྲུང168བྲིས་ཤིང་། ལོ་བརྒྱའི་ནང་རོལ་ཏུ་འཛམ་གླིང་གི་མི་རིགས་སོ་སོར་ཨན་ཐུའུ་ཧྲིན་གྱི་བྱིས་སྒྲུང་གི་པར་གཞི་ཡོད་པར་གྱུར།

དེ་བཞིན་དབྱིན་ཇིའི་རྩོམ་པ་པོ་ཁྲར་སི་ཅིན་སི་ལའེ་ཡིས 《ཆུའི་བྱིས་པ》(水孩子)དང་། ལིག་དབྱི་སི་ཁཱ་ལོ་ཨར་གྱི《ཨེ་ལེ་སི་ཡུལ་སྐོར་ངོ་མཚར་གནས་ཀྱི་ཟིན་ཐོ》(爱丽丝漫游奇境记)པར་དུ་བསྐྲུན་རྗེས་བྱིས་པ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ། འཇར་མན་གྱི་ཀི་ལེན་སྤུན་ཟླའི་བྱིས་པ་དང་ཁྱིམ་ཚང་གི་བྱིས་སྒྲུང་ཕྱོགས་བསྒྲིགས་པོད་གསུམ་པར་དུ་བསྐྲུན་རྗེས། དེ་ནི་འཛམ་གླིང་བྱིས་རྩོམ་གྱི་རིན་ཆེན་བང་མཛོད་དུ་གྱུར། དེའི་ནང་གི《བུ་མོ་ཐལ་རིས་མ》(灰姑娘)དང་།《གངས་དཀར་སྲས་མོ》(白雪公主)།《ཞྭ་མོ་དམར་ཆུང》(小红帽)རྣམས་ལ་ལྷག་པར་ཡང་འཛམ་བུ་གླིང་ཧྲིལ་པོ་ནས་དགའ་བསུ་ཐོབ། གཞན་ཧྥ་རན་སེའི་རྩོམ་པ་པོ་ཏུའུ་ཏི་ཡི་བརྩམས་སྒྲུང《མཇུག་མཐའི་སློབ་ཐུན་གཅིག》(最后一节课)དང་། ཧྥ་ལང་ཧྲི་ཡི《སྦྲང་མའི་སྲས་མོ》(蜜蜂公主)མོ་པོ་སང་གི《སེ་མོན་གྱི་ཨ་ཕ》(西蒙的爸爸)ལ་སོགས་སོ། །

༤. དུས་རབས་ཉི་ཤུ་པའི་བརྩམས་ཆོས།

དུས་རབས་ཉི་ཤུ་པ་ནི་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། རིག་གནས་ལ་སོགས་སྒོ་གང་ཐད་ནས་མྱུར་དུ་འཕེལ་རྒྱས་སུ་ཕྱིན་པའི་དུས་རབས་ཤིག་ཡིན་ལ། འཛམ་གླིང་བྱིས་པའི་རྩོམ་རིག་ལོ་རྒྱུས་སྟེང་དུས་རབས་བརྒལ་བའི་དཀྱོག་མཚམས་ཀྱི་སྐབས་ཤིག་ཡིན་ལ། སྔར་མེད་པའི་གསར་རྩོམ་གྱི་རྣམ་པ་ནི་རྣར་མི་འགྲོ་བའི་ཚོད་ཙམ་ཡིན། ཡུན་འདིའི་རིང་ལ་བྱིས་པའི་རྩོམ་རིག་ནི་རྒྱལ་ཁབ་མང་པོར་རང་ཚུགས་ཐུབ་པའི་རྩོམ་རིག་གི་ཡན་ལག་ཅིག་ཏུ་གྱུར་ཅིང་། མིང་གྲགས་དང་འཇོན་ཐང་གཉིས་ཆ་ནས་ཕུལ་དུ་བྱུང་བའི་རྩོམ་པ་པོ་མང་པོས་རང་རྟོགས་ཀྱིས་བྱིས་པའི་རྩོམ་རིག་གསར་རྩོམ་མཛད་པས། འཛམ་གླིང་གི་བླ་ན་མེད་ཅིང་ཤུགས་རྐྱེན་རྒྱ་ཆེར་ཁྱབ་པའི་བྱིས་པའི་རྩོམ་རིག་བརྩམས་ཆོས་འབོར་ཆེན་ཐོན། དཔེར་ན། དབྱིན་ཇིའི་རྩོམ་པ་པོ་པ་ལི་ཡི《པིས་ཏི་ཕཱན》(彼得•潘)ཨ་རིའི་རྩོམ་པ་པོ་ཧོས་ཐི་ཡི《ཞ་ལོ་ཡི་དྲ་རྒྱ》(夏洛的网)སུའེ་ཏེན་གྱི་རྩོམ་པ་པོ་ལིན་ཀི་ལོན་གྱི 《རྐང་འབོབ་རིང་པོ་ཕིས་ཕིས》 (长袜子皮皮)དབྱི་ཐ་ལིའི་རྩོམ་པ་པོ་ལོ་ཏ་ལིས་ཀྱི《སྒོག་རིལ་མགོའི་ཉེན་འཚོལ་རྒྱུས་བཤད》(洋葱头历险)འཇར་མན་གྱི་རྩོམ་པ་པོ་ཕུའུ་ལོས་སི་ལེ་ཡི《ཇག་རྒན་ཧོ་ཅིན་ཕུའུ་ལོ་ཚི》 (大盗霍金普罗兹)ནོར་ཝེ་ཡི་རྩོམ་པོ་ཨེ་ཀི་ནཱ་ཡི《 ཏི་ཁི་གྲོང་རྡལ་གྱི་གྲོང་མི་དང་ཇག་པ》(豆蔻镇的居民和强盗)སོགས་སོ། །

དུས་རབས་ཉི་ཤུ་པར་སླེབས་དུས་སྤྱི་ཚོགས་ནས་རྒྱ་ཁྱབ་ཏུ་མཐོང་ཆེན་དང་དོ་སྣང་བྱེད་པར་གྱུར། མི་རྣམས་ཀྱིས་ཟུར་མི་འདྲ་བ་ནས་བྱིས་པའི་རྩོམ་རིག་ལ་སེམས་ཁུར་བྱས། ཁྱིམ་བདག་གིས་བྱིས་པའི་རིག་སྟོབས་འཕེལ་རྒྱས་ལ་དོ་ཁུར་དང་། སློབ་གསོའི་བྱ་བ་བྱེད་མཁན་དག་གིས་ཀུན་སྤྱོད་གསོ་སྦྱོང་ལ་དོ་སྣང་། བྱིས་པའི་རྩོམ་རིག་མཁས་ཅན་གྱིས་མཛེས་དཔྱོད་རིག་པའི་ཆ་ནས་དེའི་སྒྱུ་རྩལ་གྱི་ཁྱད་རྟགས་འཚོལ་བ། ཆབ་སྲིད་པ་དང་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན་དག་གིས་བྱིས་པའི་རབས་ཀྱི་སྤུས་ཀ་མཐོར་འདེགས་བྱེད་པར་བརྩོན་པ། པར་སྐྲུན་པ་དང་དེབ་ཀྱི་བྱ་བ་བྱེད་མཁན། དཔེ་ཚོང་པ་དག་གིས་ཀྱང་རང་རང་སར་བྱིས་པའི་རྩོམ་རིག་ལ་སེམས་ཁུར་བྱས། ཟུར་མི་འདྲ་ནའང་ཀུན་གྱི་ལྟ་ཚུལ་གཅིག་མཚུངས་ཡིན་པ་ནི། ད་ལྟའི་བྱིས་པའི་རབས་འདི་ནི་མ་འོངས་པའི་བདག་པོ་ཡིན་པས། རྩོམ་རིག་གིས་ཁོ་ཚོ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་རྨ་ཤུལ་མི་འཇོག་ཅིང་། རྩོམ་རིག་གི་རྣམ་པ་སྤྱད་དེ་ཁོ་ཚོ་བདེ་ཐང་གི་ལམ་དུ་བཀྲི་རྒྱུ་དེ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་ལས་དབང་ལ་འབྲེལ་ཡོད་པ་དེའོ། །

ཧྥ་རན་སེའི་བྱིས་པའི་རྩོམ་རིག་ལས《རྒྱལ་སྲས་ཆུང་ཆུང》(小王子)འདི་ལ་བོད་འགྱུར་འགའ་ཡོད་དེ། དེ་ལས་སྒར་གསར་ཀིརྟི་སྐྱབས་ཀྱི་འགྱུར་དང་། སྙན་བཟང་གཡུང་དྲུང་ཚེ་རིང་གི་འགྱུར་གཉིས་འགྱུར་ལེགས་པོ་ཡོད། ལྗར་པན་གྱི་བྱིས་པའི་རྩོམ་རིག《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ》ཟེར་བ་འདི་ཉིད་ཁོ་བོས་བོད་ཡིག་ཏུ་བསྒྱུར་ཏེ་པར་བསྐྲུན་འགྲེམ་སྤེལ་བགྱིས་ཡོད།

གསུམ་པ། བོད་ཀྱི་བྱིས་པའི་རྩོམ་རིག

གནའ་བོའི་བོད་ཀྱི་བྱིས་པའི་རྩོམ་རིག་ནི་བུས་པ་ཆུང་ངུའི་ཚེའམ་སྐད་ཆ་བཤད་མི་ཤེས་པའི་ཚེ་ན། ལོ་ལོ་མ་ངུ་གཉིད་ལ་སྡོད་ཅེས་སོགས་མི་བསམ་ཤེས་ཚོས་ལེན་པའི་བྱིས་པའི་གཉིད་འགུག་གི་གླུ་དང་། དེ་བཞིན་ཁེད་ནི་ཆེད་དུ་བྱིས་པའི་རྩེད་འཇོའི་རྩོམ་རིག་ཅིག་ཡིན་པ་ལས་དར་མའི་མ་ཡིན་པར་འདོད། ད་དུང་ངག་སྦྱོང་རྩོམ་རིག་གི་སྐོར། བྱིས་གླུ་སོགས་ཡོད་ཅིང་། སྒྲུང་ཕལ་མོ་ཆེ་རྣམས་བྱིས་པའི་རྩོམ་རིག་ཡིན་པར་འདོད་ཅིང་། དམིགས་བསལ་ཞིག་ནི《མོ་སྟོན་ཕག་མགོ》དེ་རོ་སྒྲུང་ནང་གི་ཡིན་མོད། ཞི་བདེ་ཉི་མས་འཁྲབ་སྟོན་བྱས་པ་ལ་བརྟེན་ནས་བྱིས་པའི་སྒྲུང་དང་གློག་བརྙན་དུ་གྱུར་ཚར།

དེང་རབས་ལ་མཚོན་ན་བྱིས་པའི་རྩོམ་རིག་ལ་མཛད་རྗེས་ཆེ་བ་ནི་རིག་ལྡན་རྒྱ་མཚོ་ཡིན་ཏེ། ཁོས《བཀྲ་ཤིས་འཕྲུལ་གཡག་གི་གཏམ་རྒྱུད》དང་། 《ཙིག་ཕྲུག་གི་ཉིན་གཅིག》 《རི་བོང་བློ་ལྡན་གྱི་གཏམ་རྒྱུད་ཟློས་གར》ལ་སོགས་བྱིས་པའི་རྩོམ་རིག་བརྩམས་ཆོས་ཉི་ཤུ་ལྷག་བརྩམས་ཡོད་ཅིང་། དེའི་འཕྲོར་གླེང་འོས་པ་ནི་ཁ་བ་སྙིང་ལྕགས་ལགས་ཡིན། ཁོང་ལ་ཀློག་པ་པོ་དག་གིས་བོད་ཀྱི“ཨན་ཐུའུ་ཧྲིན”ཞེས་བསྔགས་བརྗོད་བྱེད་བཞིན་འདུག་མོད། ཡིད་ཕངས་པ་ནི་སྐུ་ན་ཆུང་ངུ་ནས་གཤེགས། ད་ལྟ་བོད་ཡིག་གི་བྱིས་རྩོམ་ལ་མང་ཤོས་ཕྱི་ཡིག་ལས་བསྒྱུར་བ་མང་ཞིང་བོད་རང་གི་རྩོམ་པ་པོས་བྲིས་པ་ལྟོས་བཅས་ཀྱིས་ཉུང་། ལྷག་པར་ཡང་གླེང་འོས་པ་ཞིག་ནི་སྒེར་ནས་བྱིས་པའི་རྩོམ་རིག་གི་དེབ་ལ་མ་དངུལ་བཏང་སྟེ་བསྒྱུར་བ་དང་པར་སྐྲུན་གྱི་ལས་ཀ་བྱེད་མཁན་ཡང་མང་པོ་འདུག་སྟེ། ཨ་ནུ་དཔེ་ཚོགས་ནི་དེའི་ནང་གཟེངས་སུ་ཐོན་པ་དང་བསྔགས་པར་འོས་པ་ཞིག་གོ །


དཔྱད་གཞིའི་ཡིག་ཆ།

[1] ཆབ་འགག་རྟ་མགྲིན། བོད་ཀྱི་རྩོམ་རིག་ལོ་རྒྱུས། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013

[2] བུ་བཞི་བསམ་པའི་དོན་གྲུབ། རྩོམ་རིག་གཞུང་ལུགས།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007

[3] གུར་མགོན་སྐྱབས། རྩོམ་རིག་གཞུང་ལུགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010

[4] 李慕如 儿童文学综论” 复文图书出版社 1983

[5] 王晓玉 王建华 主编 儿童文学通论[M]中国人民公安大学出版社 1989

[6] 周晓 少年小说论评[M]宁夏人民出版社 1990

[7] 金燕玉 茅盾的童心 [M] 南京出版社 1990

[8] 赵景深 童话学ABC [M]上海书店出版社 1990

[9] 韦苇 外国儿童文学发展史 [M]少年儿童出版社 2007

[10] 方卫平 中国儿童文学理论发展史[M]少年儿童出版社 2007


* གུར་མགོན་སྐྱབས། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1