ཉམས་གསོ། བདག་སྐྱོང་། ཞིབ་འཇུག—ཕོ་བྲང་པོ་ཏ་ལ“བརྟན་པོར་གནས་པའི”ཐབས་མཆོག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-09



        བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60སོང་རིང་། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག་གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་གཉིས་དང་། དོ་དམ་ཁྲུའུ་ཡི་ལས་དོན་མི་སྣའི་དུས་དང་རྣམ་པ་ཀུན་ཏུ་བདག་སྐྱོང་ཞིབ་ཚགས། དཔེ་རྙིང་རིག་དངོས་ཡོངས་བཤེར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་སོགས་བརྒྱུད། འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་ཡུན་རིང་བརྟན་པོར་གནས་པའི་འགན་ལེན་ཐུབ་ཡོད།

        སྤྱི་ལོའི་དུས་རབས་བདུན་པར་བསྐྲུན་པའི་ཕོ་བྲང་པོ་ཏ་ལ་ནི་ད་བར་བོད་དུ་ཉར་ཚགས་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕོ་བྲང་རྣམ་པའི་གནའ་བོའི་ཁང་པ་ཞིག་རེད། 1645ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ཕོ་བྲང་པོ་ཏ་ལ་བསྐྱར་སྐྲུན་བྱེད་རྒྱུའི་བཀའ་ཕབ་པས་ད་ཆའི་གཞི་ཁྱོན་རིམ་བཞིན་ཆགས་ཡོད།
        ལོ300ལྷག་ཙམ་གྱི་འགྱུར་ལྡོག་བརྒྱུད། གནའ་བོའི་ཕོ་བྲང་གི་བཟོ་སྐྲུན་བཀོད་པ་དེར་བར་སྐབས་ཤིག་རིང་ཉེན་ཁ་ཕྲད་ཡོད། གནས་ཚུལ་དེར་དམིགས་ནས། 1989ལོའི་ཟླ་བ་བཅུ་པར་ཕོ་བྲང་པོ་ཏ་ལར་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་ཐེངས་དང་པོ་ལག་ལེན་བསྟར་འགོ་ཚུགས་ཡོད།
        “ད་ཐེངས་ཀྱི་ཉམས་གསོའི་ལས་གྲྭར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་5300ལྷག་ཙམ་བཏང་བ་དང་ཆབས་ཅིག གསེར་དངུལ་སོགས་ཀྱི་རྒྱུ་ནོར་རྩ་ཆེན་བཏང་ནས་ཉམས་གསོའི་རྣམ་གྲངས་ཁག111ལག་བསྟར་བྱས་ཡོད། འདི་ནི་སྐབས་དེ་དུས་ཀྱི་ཀྲུང་གོའི་རིག་དངོས་ཉམས་གསོའི་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་ཅན་ཞིག་བཏོད་པ་ཞིག་རེད”ཅེས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འབྱོར་ལྡན་གྱིས་བརྗོད་པ་དང་། ཁོང་གིས“1994ལོར། ཉམས་གསོའི་ལས་གྲྭ་ཐེངས་དང་པོ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། ལོ་དེར་ཕོ་བྲང་པོ་ཏ་ལ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས《འཛམ་གླིང་གི་ཤུལ་བཞག་མིང་གཞུང》དུ་བཅུག་ཡོད”ཅེས་བརྗོད།
        2002ལོའི་ཟླ་བ་དྲུག་པར། ཕོ་བྲང་པོ་ཏ་ལར་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་ཐེངས་གཉིས་པ་ལག་ལེན་བསྟར་འགོ་ཚུགས་ཡོད། ཐེངས་འདིའི་ཉམས་གསོའི་ལས་གྲྭར་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་དུས་ཡུན་ལོ་བདུན་གྱི་རིང་། རྩིག་ཧྲག་བརྟན་གཏོང་ཉམས་གསོ་དང་ལྡེབས་རིས་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་བཟོ་སྐྲུན་གཙོ་བོ་ཁག29དང་དེ་བཞིན་ཞོར་གཏོགས་བཟོ་སྐྲུན་ཁག35ཉམས་གསོ་བྱས་ཡོད།
        གཞན་ཡང་། ཁྲིམས་ལུགས་ཅན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། བོད་ཀྱིས1997ལོར《ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་། 2009ལོའི་ཟླ་བ་དང་པོར《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་དོ་དམ་བྱ་ཐབས》བཟོ་བཅོས་བརྒྱབ་སྟེ་ཁྱབ་བསྒྲགས་བྱས་པ། 2015ལོར《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་སྲོལ་ཡིག》ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
        2018ལོའི་ཟླ་བ་བཅུ་གཅིག་པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི3100ལྷག་ཙམ་བཏང་ནས་ལག་བསྟར་བྱས་པའི་ཕོ་བྲང་པོ་ཏ་ལའི་གསེར་ཟངས་རྒྱ་ཕིབས་ཚང་མའི་ཉམས་གསོའི་ལས་གྲྭ་མིག་སྔར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
        “ཕོ་བྲང་པོ་ཏ་ལ་ལོ་ན་མཐོ་བའི་བགྲེས་སོང་ཞིག་དང་འདྲ་བས། ལྟ་སྐྱོང་ཞིབ་ཚགས་བྱེད་དགོས་ཀྱི་ཡོད”ཅེས་དོ་དམ་ཁྲུའི་ཉམས་གསོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས“དོ་དམ་ཁྲུའི་ཉམས་གསོ་ཁོའོ2003ལོར་དངོས་སུ་བཙུགས་པ་རེད། ད་ཆ་རིག་དངོས་སྲུང་སྐྱོང་ལས་གྲྭའི་ཨར་ལས་རིམ་པ་དང་པོའི་ཐོབ་ཐང་ཡོད་པའི་དཔུང་ཁག་དེ་མི65བར་མང་དུ་ཕྱིན་ཡོད། དེའི་ནང་བོད་ཀྱི་ས་ཕྱོགས་ཁག་གི་རྡོ་བཟོ་དང་། ཤིང་བཟོ། ཚོན། འཚེམ་བཟོ་སོགས་ཀྱི་སྲོལ་རྒྱུན་བཟོ་བོ55ལྷག་ཙམ་ཡོད”ཅེས་བརྗོད།
        “ད་ཆ། ཕོ་བྲང་པོ་ཏ་ལ་བརྟན་པོ་ཡོད། ཕོ་བྲང་པོ་ཏ་ལ་ནམ་ཡང་བརྟན་པོར་གནས་པ་ནི་ང་ཚོའི་རེ་བ་ཆེ་ཤོས་དེ་ཡིན”ཞེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྗོད།
        མིག་སྔར་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣ400ལྷག་ཙམ་གྱིས་དུས་དང་རྣམ་པ་ཀུན་ཏུ་གནའ་བོའི་ཕོ་བྲང་དེ་སྲུང་སྐྱོང་བྱེད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1