མདོ་དབུས་ཁམས་གསུམ་གྱི་གྱོན་ཆས།
ཟླ8པའི་ཚེས25ཉིན། བོད་ལྗོངས་དང་། ཡུན་ནན་བདེ་ཆེན་ཁུལ། ཀན་ལྷོ་ཁུལ། ཡུལ་ཤུལ་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། མཚོ་ནུབ་ཁུལ། མཚོ་ཤར་གྱི་དགོན་ལུང་རྫོང་སུམ་མདོ་ཡུལ་ཚོ། དེ་མིན་མཚོ་ལྷོའི་རྫོང་ཁག་ལྔ་བོ་ནས་ཡོང་བའི་རྒྱན་གོས་འཁྲབ་སྟོན་འཐུས་ཚབ་ཚོགས་པ་རྣམས་སྐབས་དང་པོའི་མཚོ་ལྷོའི་བོད་ཀྱི་རྒྱན་གོས་རིག་གནས་གནས་སྐོར་དུས་སྟོན་སྟེང་ལྷན་ཅིག་ཏུ་འཛོམས་ནས། གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཤམ་བྷ་ལའི་ཐང་ཆེན་དུ་བོད་ཀྱི་རྒྱན་གོས་འགྲེམ་སྟོན་བྱས་པ་རེད།
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གྱོན་ཆས།
མཚོ་ལྷོའི་བྲག་དཀར་རྫོང་གི་གྱོན་ཆས།
ཐེངས་འདིའི་རྒྱན་གོས་སྤྲོ་སྟོན་ནི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་མང་ཚོགས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་ཕུལ་བའི་ལེགས་སྐྱེས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་མི་རིགས་སོ་སོར་ཕུལ་བའི་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད། སྤྲོ་སྟོན་སྟེང་རིག་གནས་ཀྱི་མགོ་ཁུངས་གཅིག་ནས་བརྡོལ་བའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བོད་ཡུལ་ཆོལ་ཁ་གསུམ་གྱི་གྱོན་ཆས་ཀྱི་འཕེལ་རྒྱུན་གཅིག་ཏུ་སྦྲེལ་འདུག་པ་མངོན་པར་མཚོན་ཐོག ཡུལ་ཁ་སོ་སོས་ཡུལ་བབ་དང་བསྟུན་ནས་ཐུན་མོང་མ་ཡིན་པའི་ཆ་ལུགས་ཤིག་ཆགས་འདུག་པ་ཡོངས་སུ་མངོན། དེ་ལས་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་རིང་ཞིང་གཏིང་ཟབ་པའི་གྱོན་ཆས་རིག་གནས་གྱ་ནོམ་པ་རྟོགས་ཐུབ་ལ། དེར་མ་ཟད་རང་རེའི་ཕ་མེས་ཡང་མེས་རྣམས་ཀྱིས་ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོའི་ཁྲོད་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་རང་བྱུང་ཁོར་ཡུག་ལ་འཐབ་རྩོད་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཚོར་ཐུབ། ལྷག་པར་དུ་སྟབས་བདེ་ཞིང་གྲང་ངར་འགོག་ཐུབ་པ། སྤྱོད་འཐུས་ཆེ་བ་སོགས་བོད་ལྭའི་ཁྱད་ཆོས་དུ་མ་ལས་ཐོན་སྐྱེད་འཚོ་བའི་གོ་རིམ་དང་རང་བྱུང་ཁམས་དང་འབྲེལ་བ་སྣ་ཚོགས་བྱེད་པའི་ལོ་ཟླའི་གསབ་ནས་ཐོན་པའི་ཁོང་ཚོའི་བློ་གྲོས་ཀྱི་དྭངས་མ་དང་གསར་གཏོད་ཀྱི་ཉིང་བཅུད་ཁྱད་དུ་འཕགས་པ་དེ་རྟོགས་ཐུབ།
མཚོ་སྔོན་པོའི་མཚོ་སྐོར་གྱི་བོད་རིགས་བུད་མེད་ཀྱི་རྒྱན་ཆ།
མཚོ་ལྷོའི་འབྲོག་ཁུལ་གྱི་གྱོན་ཆས།
དེ་ལས་གཞན་ཐེངས་འདིའི་རྒྱན་གོས་སྤྲོ་སྟོན་སྟེང་ཉམས་དགའ་བའི་སྣང་ཚུལ་ཞིག་མངོན་པ་ནི། ལོ་ཟླའི་ཞུན་བརྡར་དང་སྣ་མང་རིག་གནས་ཀྱི་འདྲེས་འཛིང་ཁྲོད་བོད་ཀྱི་རྗེས་རབས་པ་རྣམས་ཀྱིས་རང་ནུས་ཅི་ལྕོགས་སྒོས་ཕ་མེས་ཡང་མེས་ཀྱིས་བསྐྲུན་པའི་རིན་ཐང་གཞས་ཡས་ཤིང་རྫོངས་སྟུག་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བཞིན་ཡོད་ཅིང་། བོད་ཀྱི་ཆ་ལུགས་དེ་སྤུས་དག་ཅིང་རྒྱན་མང་པོས་སྤྲས་མེད་པ་དང་། དེང་གི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མཐུན་པ་བཅས་དེ་བོད་ཀྱི་གྱོན་ཆས་རིག་གནས་ཀྱི་གཙོ་རྒྱུག་ཏུ་གྲུབ་འདུག་པའི་ཁར། བོད་ཀྱི་རྒྱན་གོས་རིག་གནས་དེ་བོད་དམངས་ཀྱི་སྤྱི་ཚོགས་འཚོ་བའི་ཁོང་གསེབ་རེ་རེ་དང་བསམ་བློ་འདུ་ཤེས་ཀྱི་བུ་ག་རེ་རེར་འཐིམ་འདུག་ལ། བོད་ཀྱི་རྒྱན་གོས་རིག་གནས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་པའི་སྣང་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་མངོན་འོང་། མདོར་ན། མི་རིགས་སོ་སོའི་གྱོན་ཆས་ནི་མི་རིགས་དེའི་རིག་གནས་མཚོན་བྱེད་ཀྱི་དན་རྟགས་ཤིག་ཏུ་གྱུར་འདུག་པ་སྟེ། དེ་ནི་མི་རིགས་སོ་སོའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་ཟེགས་མ་རེ་རེ་ལས་ཐོན་པའི་རིག་གནས་ཀྱི་ཉིང་བཅུད་ཡིན་ཞིང་། དེ་ལས་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བསམ་པའི་འཁྱེར་སོ་དང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བཅངས་པའི་བསམ་བློའི་ལྟ་སྟངས། དེ་མིན་རིག་གནས་ཀྱི་འདུ་ཤེས་སོགས་མངོན་པར་མཚོན་ནུས་པས། རིག་གནས་ཀྱི་ཐོབ་ཐང་དང་བདག་དབང་སྲུང་སྐྱོང་བྱེད་པའི་ཁུངས་མ་ཡང་དག་ཅིག་ཀྱང་ཡིན་པ་རེད། དེ་ཡང་ང་ཚོས་དོ་སྣང་བྱེད་འོས་པ་ཞིག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆ་ལུགས་དེ་དུས་རབས་ཀྱི་འཕོ་འགྱུར་དང་རིག་གནས་ཀྱི་འབྲེལ་འདྲིས་སོགས་ཀྱི་རྒྱུ་རྐྱེན་ལ་ལྟོས་ནས་རྣམ་པའི་ཐད་ནས་འགྱུར་ལྡོག་ངེས་ཅན་ཞིག་འབྱུང་ངེས་པས། ང་ཚོས་རང་ཉིད་ཀྱི་གྱོན་ཆས་རིག་གནས་དེ་སྔོན་མའི་སྲོལ་ལུགས་གཞི་རྩ་རུ་བཟུང་ཐོག དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་ཤིག་ཏུ་བསྐྱོད་པར་སྐུལ་འདེད་དང་རང་མི་རིགས་ཀྱི་གྱོན་ཆས་རིག་གནས་དེ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ཀུན་གྱི་འགན་འཁྲི་ཞིག་ཏུ་ལགས་སོ། །
མདོ་སྨད་ཀྱི་བོད་རིགས་བུད་མེད་ཀྱི་རྒྱན་ཆ།
མདོ་སྨད་ཀྱི་གྱོན་ཆས།