༄༅། །བསང་མཆོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-11



   བསང་མཆོད་ནི་བོད་ཀྱི་ལྷ་གསོལ་ཆོ་གའི་ནང་གོ་གནས་གལ་ཆེན་ཟིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ།དེ་ཡང་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་ལ་བསང་དུད་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་སྟེ། ཐོག་མར་བོན་ལུགས་ནས་བྱུང་ཞིང་རིམ་བཞིན་བོད་ཁུལ་གྱི་གྲུབ་མཐའ་རིས་མེད་ལ་ཁྱབ་ཅིང་སིམ་སྟེ་མི་རིགས་ཀྱི་རྒྱུན་སྲོལ་ཞིག་ཏུ་གྱུར་འདུག་པ་ནི་ཀུན་ལ་གསལ་ཞིང་། དེའི་རྫས་གཙོ་བོ་ཤུག་པ་དང་སྤ་མ། བ་ལུ། མཁན་པ་སོགས་དྲི་མ་རྩི་ཤིང་གི་རིགས་ཡིན་ལ། རབ་ཡིན་ན་ཙན་དན་དཀར་དམར་དང་། ཨ་ག་རུ། གུར་གུམ། སྤང་སྤོས་སོགས་ཀྱང་བསྲེ། བསང་རྩམ་ལ་གཙོ་བོ་རྩམ་ཕྱེ་དང་མར། ཤེད་རྩི་སོགས་བསྲེས་ཏེ་སྤྱོད་ཅིང་། རབ་ཡིན་ན་དཀར་གསུམ་མངར་གསུམ་དང་། སྨན་ཕྱེ་སོགས་བསྡེབས་ཏེ་བསང་མེ་རུ་འདེབས་ལ། ད་དུང་ཇ་ཕུད་ཆང་ཕུད་དང་། གྲིབ་སེལ་གྱི་ཆབ་ཀྱང་འདེབས་པར་བྱེད། དེ་ལྟ་བུའི་གསང་གཏོང་གི་ཆོ་ག་སྤྱི་ལ་བསང་མཆོད་ཟེར་མོད། ཡང་སྐབས་རེར་བསང་གཏོང་བའི་དུས་སུ་རྒན་གཞོན་བར་མའི་སྐྱེ་བོ་སུ་ཡིན་ཡང་། མགོ་བླ་མ་སངས་རྒྱས་བྱང་སེམས་ནས། མཇུག་ས་བདག་གནས་བདག་བར་གྱི་ལྷ་ཚོགས་ཀུན་ལ་བསྟོད་པའི་ངག་གི་མཆོད་ཅིང་། མི་ལ་ན་ཚ་དང་། ཕྱུག་ལ་གོད་ཁ། ཚེ་ལ་བར་ཆད་སོགས་འབྱུང་བའི་རྐྱེན་དང་ངན་གྱི་རིགས་ཐམས་ཅད་བཟློག་པར་སྐུལ་བའི་ངག་གི་ཕྲེང་བ་དེ་ལ་ཕལ་སྐད་དུ་སྐོའུ་བ་སྟེ་ཡིག་སྐད་དུ་སྐུལ་བའང་ཡང་བསང་མཆོད་ཟེར་བ་ཡིན། བསང་མཆོད་དེ་ཡང་སྡེ་བ་རེ་རེ་ན་བསང་མཆོད་རེ་དང་། མི་རེའི་ངག་ན་སྐོའུ་བ་རེ་ཡོད་མོད། འདིར་ཚིག་གི་སྦྱོར་བ་དང་དོན་གྱི་གནད་འདུས་བའི་ཁྱད་ཆོས་ལ་དམིགས་ནས། དྲང་སྲོང་སེམས་དཔའ་ཆེན་པོ་རྗེ་ངག་དབང་ཆོས་ལྡན་གྱི་ཞལ་སྔ་ནས་སྐུ་ཡི་འཁྲུངས་ཡུལ་ཧ་ར་བ་ངྷི༔སྡེ་གཞུང་ནས་ཆེད་དུ་བསྐུལ་བ་ལྟར་མཛད་ཅིང་། སྔར་རེ་ལུག་གི་གསོལ་ཁ་མང་པོ་ལོ་རེ་རེར་བསྟར་ཆགས་སུ་གཏོང་བའི་རྒྱུན་བཅད་དེ་དཀར་ཕྱོགས་ཀྱི་སྡེ་དཔོན་ཆེན་པོར་མངའ་གསོལ། ལྷ་བ་ཁོག་ཞུགས་སུ་ཕབ་སྟེ་བཀའ་དང་དམ་ཚིག་ལ་བསྒོས་པ་བཅས་ཀྱི་རྣམ་ཐར་དང་ལྡན་པའི་བསང་མཆོད་དེ་དཔེར་བཀོད་པ་གཤམ་གསལ་ལྟར་རོ།

རཾ་ཡཾ་ཁཾ། ཨོཾ་ཨཱ་༔ཧཱུཾ། ལན་གསུམ་བརྗོད། ཨེེ་གསོལ་ལོ་མཆོད་དོ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ། རྒྱུད་སྡེ་བཞི་ཡི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའ། ཉན་རང་འཕགས་པའི་དགེ་འདུན། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། ཨེེ་སྲིད་པ་ཆགས་པའི་ལྷ་དགུ། ས་བདག་མ་ཡི་ལྷ་མོ། བོད་སྐྱོང་བསྟན་མ་བཅུ་གཉིས། སྟོང་གསུམ་ཡུལ་ལྷ་གཞི་བདག སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་ཞི་ལྷ་དཀར་བོ་ལྷའི་སྡེར་གཏོགས། དབང་ལྷ་དམར་པོ་བཙན་གྱི་སྡེར་གཏོགས། དྲག་ལྷ་ནག་པོ་བདུད་ཀྱི་སྡེར་གཏོགས། གང་འདོད་དངོས་གྲུབ་སྩོལ་བ་ཀླུ་ཡི་སྡེར་གཏོགས། སྣ་ཚོགས་འཕྲིན་ལས་སྒྲུབ་པ་གཟའ་ཡི་སྡེར་གཏོགས། དགྲ་ཤ་ཟས་སུ་ཟ་བ་སྲིན་པོའི་སྡེར་གཏོགས། དགྲ་ལ་སྨྱོ་འབོག་གཏོང་བ་རྒྱལ་བོའི་སྡེར་གཏོགས།དགྲ་ཁྲག་སྐོམ་དུ་འཐུང་བ་མ་མོའི་སྡེར་གཏོགས་སོགས་སྣང་སྲིད་ཀྱི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་རྣམས་དང་། ཨེེ་མདོ་ཁམས་སྨད་ཀྱི་གངས་རི་ཆེན་པོ་ལ་གནས་པའི་ས་བཅུའི་དབང་ཕྱུག་རྨ་རྒྱལ་སྦོམ་ར། ཡུམ་ཆེན་གོང་སྨན་ལྷ་རི། སྲས་དང་སྲས་མོ་སྤུན་དགུ། ཕྱོགས་བཞིའི་གཉན་ཆེན་སྡེ་བཞི། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། རྨ་རིགས་སྟོང་དང་ལྔ་བརྒྱ། ཨེེ་ཉི་མ་ཤར་ཕྱོགས་ནས་བཞུགས་པའི་དྲེགས་པའི་སྡེ་དཔོན་ཆེན་པོ། གཉན་ཆེན་སྔོ་ལ་གཡུ་རྩེ། ཡུམ་ཆེན་མ་མ་ལུ་གུ། སྲས་མཆོག་མཐོ་རི་རྒྱལ་བོ། བཀྲ་ཤིས་ལྷ་བྲག་དཀར་པོ། གྲོགས་བྱེད་མགོ་དཀར་མགོ་སྔོན། སྡོད་གྲོགས་ཟལ་དཀར་གཉན་པོ། མཐུ་དཔུང་སྤོས་རི་ཟླུམ་པོ། དར་འཛིན་སྐྱེས་རི་མཐོན་པོ། དམག་དཔོན་གཉན་བརྗིད་དགོང་སྔོན། དམག་མི་གཉན་དམག་སྐྱ་བརྒྱ་སོགས་འཁོར་ཚོགས་ས་ཡ་འབུམ་སྡེ་དང་བཅས་པ་རྣམས་དང་། ཨེེ་དགེ་བཅུའི་ལང་ཚོ་རྒྱན་དུ་འཛིན་པའི་རེབ་གོང་གསེར་མོ་ལྗོངས་ཀྱི་དགུ་ཉི་སྲིབ་ཕུ་མདོ་བར་གསུམ་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་གནས་བདག་གཏེར་བདག། ཡུལ་བདག་གྲོགས་བདག་སོགས་སྤྱི་དང་ཁྱད་པར་དུ་ས་བརྒྱད་པ་ཐོབ་པའི་ཨ་མྱེས་བྱ་ཁྱུང་། གྲགས་དཀར་སྤུན་གསུམ། རྫ་དམར་སྤུན་གསུམ། སྟག་ལུང་གྱོ་མོ། སྨན་རི་མཐའ་སྨིག བྲག་དཀར་རྟ་འགྱིངས། ལྷ་རི་མཚོ་རྒན། ཨ་མྱེས་ཡེ་ཐོག ཨ་མ་གོད་མོ། རི་ལུང་བཅུ་གཉིས། པུ་ཧྲན་བཅུ་གཉིས། གྱ་སྟེང་བཅུ་གཉིས། རླུང་རྟ་སྡེ་བཞི། དགྲ་ལྷ་བཅུ་གསུམ། ཨེེ་ཡང་སྒོས་སུ་རེབ་གོང་སྨད་ཀྱི་ཡུལ་ལྗོངས། རྒྱ་བོད་གཉིས་ཀྱི་མཚམས། དགུ་ཆུ་སྔོན་མོའི་གཡས་ཟུར། རྫ་རི་སྨུག་པོའི་ནང་ཤེད་ན་རིན་ཆེན་སྣ་ལྔ་ལས་གྲུབ་པའི་པའི་ཕོ་བྲང་གི་དབུས་སུ། གདན་ཁྲི་ཕུན་སུམ་ཚོགས་པ་ལ་བཞུགས་སྟབས་སུ་ཆོ་འཕྲུལ་སྣ་ཚོགས་ཀྱིས་རོལ་བ། མཐུ་རྩལ་ཐོག་ལས་ཆེ་བ་། རྫུ་འཕྲུལ་གློག་ལས་མྱུར་བ། ཉེས་ཅན་ཁྲིམས་ལ་འདེབས་པ། སྡིག་ཅན་ཆད་པས་གཅོད་པ། བསྟེན་ན་སྙིང་ཉེ་བ། བཀུར་ན་ལས་ཉེ་བ། རྦད་ན་མཐུ་ཆེ་བ། བདེན་རྫུན་ལེགས་ཉེས་ཀྱི་ཤན་འབྱེད་པའི་དམག་དཔོན་རྡོ་རྗེ་དགྲ་འཇོམས། ཨེེ་ས་གཞི་མ་དལ་ན་བཞུགས་པའི་སྐྱེས་ལྷ་གཉན་པོ་དཔང་ཡེ་རི་ལང་། ལྷ་གསོན་པོ། ཐུགས་ཀ་དྲོད་པོ། ཕ་མྱེས་སྔ་མའི་རིང་ནས་བསྟེན་ཅིང་བསྒྲུབས་པའི་སྲུང་མ་དྲག་རྩལ་ཅན། རིགས་སུ་བསྐྲུན་པའི་སྲས་དང་སྲས་མོ། བཀའ་བཞིན་སྒྲུབ་པའི་བཀའ་བློན་ཡང་བློན། དགྲ་སྡེ་འཇོམས་པའི་ཕྱི་ཡི་དམག་དཔོན། དམག་སྣ་འདྲེན་པའི་རུ་འཛིན་དར་འཛིན། བང་མཛོད་སྐྱོང་བའི་ནང་གི་མཛོད་བདག གསོལ་ཁ་བ་དང་ཇ་འདྲེན་ཆང་འདྲེན། ཕྱག་བདར་བ་དང་རྟ་འཛིན་མཛོད་འཛིན། ཕོ་ཉ་ལས་མཁན་བྲན་དང་མངག་གཞུག་སྤྲུལ་བ་ཡང་སྤྲུལ་གྱི་དམག་ཚོགས། གནམ་ས་བར་སྣང་གི་ཁྱོན་ངག་བ་ཁྱེར་རྣམས་ལ་སྟག་གཟིག་དོམ་དྲེད་ཀྱི་སྤྱིན་གཟིགས། མདའ་ཚོན་གོ་ཁྲབ་ཀྱི་རྟེན་རྫས། སྒྲ་སྙན་རྔམ་བརྗིད་ཀྱི་རོལ་མོ། སྲབ་འཇམ་ལྷ་རྫས་ཀྱི་སྙན་ཤལ། གསེར་ལོ་འབར་བའི་སྟག་པ། གཡུ་ལོ་འབར་བའི་ཤུག་པ། དངུ་ལོ་འབར་བའི་བ་ལུ། དམ་རྫས་བརྒྱན་གྱི་གཏོར་མ། དཀར་གསུམ་འོ་མའི་རྒྱ་མཚོ། མངར་གསུམ་ཟས་ཀྱི་སྙིང་བོ། བཅུད་ལྡན་ཤ་ཡི་བཟའ་བ། ཇ་ཆང་ཁྲག་གི་བཏུང་བ། དྲི་ཞིམ་བསངས་ཀྱི་མཆོད་པ། བཟང་དྲུག་སྨན་གྱི་རིལ་བུ་དང་བཅས་སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་གྱིས་བརླབས་པ་གུས་པས་ཕུལ་ཏེ། འཕྲིན་ལས་གཉན་པོ་གཉེར་དུ་གཏད་པ་ནི། ལུང་དང་རྟོགས་པའི་བདག་ཉིད་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག བཤད་དང་སྒྲུབ་པའི་སྲོལ་འཛིན་དགེ་འདུན་གྱི་འདུས་སྡེ་སྐྱོངས་ཤིག ཏིང་འཛིན་རིགས་སྔགས་འཆང་བའི་རྣམ་འབྱོར་བའི་འཕྲིན་ལས་སྒྲུབས་ཤིག མཁའ་མཉམ་སེམས་ཅན་ཡོངས་ཀྱི་འཕྲལ་ཡུན་གྱི་བདེ་སྐྱིད་སྤེལ་ཅིག ཁྱད་པར་དུ་སྡེ་གཞི་མི་རིསག་འདི་ལ་སྡང་བར་བྱེད་པའི་གཟུགས་ཅན་གྱི་དགྲ་བོ། གནོད་པར་བྱེད་པའི་གཟུགས་མེད་ཀྱི་བགེགས་ཚོགས། བར་དུ་གཅོད་པའི་ཕྱི་ནང་གི་འགལ་རྐྱེན། ཆེ་སྲི་ཆུང་སྲིད། ནད་རིམས་གདོན་བགེགས། བྱད་ཕུད་རྦོད་གཏོང་། དགྲ་ཇག་ཆོམ་རྐུན་གླེང་ལོག། ཤ་འགེལ། མི་ཁྲ་བྲ་མཆུ། ཐུབ་ཚོད་འགྲན་སེམས། དགྲ་སྣ་གྱོད་སྣ་སོགས་མི་འདོད་པའི་འགལ་རྐྱེན་ཐམས་ཅད་དྲག་པོའི་ལས་ཀྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ལ། མཐུན་པའི་རྐྱེན་དུ་གྱུར་བའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ། ཁ་རྗེས་དབང་ཐང་། ལོངས་སྤྱོད་རིགས་རྒྱུད་སོགས་རྒྱས་པའི་གྲོགས་དན་མཛོད་ཅིག། ཨེེ་སྙན་པའི་དར་ཕྱོར། གྲགས་པའི་དུང་བུས། འདོད་པའི་དོན་སྒྲུབས། བཅོལ་བའི་ལས་སྒྲུབས། རང་གི་བུ་རྟའི་ཁ་འཛིན་མཛོད་ལ་རླུང་རྟ་ཡར་ལ་སྐྱེད་ཅིག ཉམས་པ་སོས། ཆད་པ་འཐུད། འགྱེལ་པ་ལོངས། མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ཕར་འགྲོའི་སྐྱེལ་མ་མཛོད། ཚུར་འོང་གི་བསུ་མ་མཛོད། ཉིན་གྱི་བྱ་ར་མཛོད། མཚན་གྱི་མེལ་ཚེ་མཛོད། མདོར་ན་དཔལ་ལྡན་བླ་མའི་བཀའ་ལས་མི་འདའ་བར་བདག་ཅག་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། ཞི་རྒྱས་དབང་དྲག་གི་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་སྒྲུབ་པའི་འཕྲིན་ལས་ཀྱི་སྡོངས་གྲོགས་རྒྱ་ཆེན་པོ་མཛོད་ཅིག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1