༄༅།། བོད་ཀྱི་དམངས་ཁྲོད་བསང་མཆོད་གྱེར་ཚིག་གི་རྩོམ་རིག་རང་བཞིན་སྐོར་རགས་ཙམ་གླེང་བ།

པད་མ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག རྩོ སྤེལ་དུས། 04-11


པད་མ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་བསང་མཆོད་གྱེར་ཚིག་གི་བྱུང་བ་དང་དེའི་ཁྱད་ནུས། བསང་མཆོད་རྩོམ་རིག་གི་རྩོམ་ལུས་དང་རྒྱན་བཅས་ཀྱི་སྐོར་དཔེ་མཚོན་དང་སྦྲགས་ནས་ངོ་སྤྲོད་བྱས་པ་མ་ཟད། བསང་མཆོད་རྩོམ་རིག་གི་རྒྱན་ཚིག་དང་རྒྱ་གར་ནས་དར་བའི་སྙན་གཞུང་《མེ་ལོང་མ་》ཡི་དབར་གཤིབ་བསྡུར་བྱས་ནས་གནའ་བོའི་བོད་ཀྱི་དམངས་ཁྲོད་དུ་དར་བའི་བསང་མཆོད་རྩོམ་རིག་གི་རང་སྐྱ་འཕེར་བའི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་ལ་དབྱེ་ཞིབ་བྱསཡོད།
[བརྡ་ཆད་གཙོ་བོ།]  བསང་མཆོད།  གྱེར་ཚིག   ཚིགས་བཅད།   རྒྱན་ཚིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)01 -030-16  
           སྤྱིར་དམངས་རྩོམ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་གཤིན་སར་རྐང་ཚུགས་པ་ཞིག་ཡིན། དེས་ཐད་ཀར་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་དངོས་ཡོད་དག་ཚུར་སྣང་བྱེད་པ་མ་ཟད། མི་དམངས་ཀྱིས་འཚོ་བར་འཛིན་པའི་རྣམ་འགྱུར་དང་བསམ་བློ་བརྩེ་དུང་དང་རེ་བ་སོགས་ཀྱང་ཐད་ཀར་མཚོན་པ་ཡིན་དེ། དཔེར་ན། སྐབས་བབ་ཀྱི་བསང་མཆོད་གྱེར་ཚིག་ཀྱང་རང་བྱུང་ཁམས་ཀྱི་ལྷ་དེ་དག་ལ་གསོལ་འདེབས་དང་མཆོད་བསྟོད་བྱས་ནས་རང་བྱུང་གི་སྟོབས་ཤུགས་ལས་རྒྱལ་འདོད་ཀྱི་རེ་བ་དྲག་པོ་ལས་བྱུང་བ་ཞིག་ཡིན་ལ། དེའི་རྣམ་པའང་ངག་ཐོག་གི་སྒྲུང་དང་གླུ་ལ་སོགས་ཡོད། བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་ལྷ་གསོལ་བསང་མཆོད་ཀྱི་གྱེར་ཚིག་གི་རྩོམ་ལུས་རྣམ་པ་དེ་ཡང་བོད་རང་ས་ནས་དར་བའི་རིག་གནས་སྣང་ཚུལ་ཞིག་ཡིན་ཞིང་། དེ་ནི་བོད་ཀྱི་གནའ་རབས་རྩོམ་རིག་ལས་ཆེས་སྔ་བའི་རྩོམ་ལུས་ཤིག་གམ་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའང་བསྙོན་དུ་མེད། རྩོམ་ལུས་དེས་རྩོམ་ལུས་གཞན་དག་ལྟར་རང་རྐྱ་ཐུབ་པའི་སྒོ་ནས་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་འཚོ་བ་གསལ་པོར་མཚོན་ཐུབ་པ་དང་། རྩོམ་སྟངས་ལ་བཅད་ལྷུག་སྤེལ་མ་གསུམ་སྤྱད་ཅིང་། སྙན་ངག་གི་རྒྱན་སྣ་ཚོགས་ཀྱིས་སྤུད་པ་ཞིག་ཡིན་པ་སོགས་དགེ་མཚན་མི་ཉུང་བ་ལྡན་ཡོད་ཀྱང་བོད་ཀྱི་རྩོམ་རིག་ཁྲོད་དེས་ཟིན་པའི་གོ་གནས་ལ་གདེང་འཇོག་བྱས་པ་ནི་རི་བོང་གི་རྭའི་དཔེ་ཟླར་སོང་བས། ཡིད་ཕངས་པ་ཞིག་ཡིན་འདུག དེས་ན་དམངས་ཁྲོད་རྩོམ་རིག་གི་ཞིང་སར་འབུས་པའི་བསང་མཆོད་རྩོམ་རིག་ལ་ངོ་མཚར་ཆེ་བའི་ཁྱད་ཆོས་དང་གཏིང་ཟབ་པའི་ནང་དོན་ལྡན་པས། འདིར་བསང་མཆོད་རྩོམ་རིག་གི་ལུས་དང་རྒྱན་སོགས་ལ་《མེ་ལོང་མ་》ཡི་ལུགས་དང་ཞིབ་བསྡུར་གྱིས་བསང་མཆོད་རྩོམ་རིག་གི་རང་རྐྱ་འཕེར་བའི་ཐུན་མིན་གྱི་རྩོམ་སྟངས་ལ་རང་ནུས་ཀྱིས་དབྱེ་ཞིབ་རགས་ཙམ་བྱེད་པར་འདོད།   དང་པོ།  བསང་མཆོད་རྩོམ་རིག་གི་བྱུང་བ་དང་ཁྱད་ཆོས་བརྗོད་པ།   
གཅིག བསང་མཆོད་རྩོམ་རིག་གི་བྱུང་བ་བརྗོད་པ།   
           དམངས་ཁྲོད་བསང་མཆོད་རྩོམ་རིག་གི་རྣམ་པ་དེའང་མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་སྐབས་དང་ཡང་ན་རྗེས་ཀྱི་ཡི་གེ་གསར་གཏོད་བྱས་མེད་པའི་དུས་རབས་ནང་བྱུང་བ་ཞིག་ཡིན། གདོད་མའི་བྱིས་བློའི་དུས་ཀྱི་མིའི་རིགས་ལ་མཚོན་ན་རང་བྱུང་ཁམས་ལ་ངོས་འཛིན་བྱེད་རྒྱུ་ནི་དེ་ལྟའི་གཏིང་ཟབ་མིན་པས། རང་བྱུང་ཁམས་ཀྱི་འགྱུར་ལྡོག་སྣ་ཚོགས་ཀྱིས་ཁོ་ཚོར་ཡ་མཚན་གྱི་སྣང་བ་སྣ་ཚོགས་སྟེར་ཡོད། ཁ་གསོ་ཐབས་ཙམ་གྱི་གདོད་མའི་འཚོ་བའི་ཁྲོད་དུ་ཁོ་ཚོས་འབྲེལ་འདྲིས་བྱེད་ས་གཙོ་བོ་ཞིག་ནི་རང་བྱུང་ཁམས་ཀྱི་གཅན་གཟན་རི་དྭགས་སྣ་ཚོགས་ཡིན་ཕྱིན། དེ་རིགས་ཀྱིས་ཁོ་ཆོའི་སྲོག་ལ་ཉེན་ཁ་བཟོས་ནའང་མིའི་རིགས་ཀྱི་འཚོ་བའི་ཐད་ལ་ཕན་པ་ཆེན་པོ་བསྐྲུན་ཡོད། འཛམ་གླིང་གི་ས་ཆ་སོ་སོའི་བྲག་བརྐོས་རི་མོ་ལས་མཐོང་བ་ལྟར་ན། རི་དྭགས་ནི་ཡ་ཐོག་མིས་ཐད་ཀར་ཞིབ་འབྲི་དང་གསར་གཏོད་བྱེད་པའི་བརྗོད་བྱར་གྱུར་ཡོད། ཡ་ཐོག་མིའི་རིགས་ལ་མཚོན་ན་དངོས་པོ་ཐམས་ཅད་ལ་རྣམ་ཤེས་ཡོད་པས།  ཁོ་ཚོས་རང་ཉིད་ཀྱི་འཚོ་བའི་ཁྲོད་དངོས་པོ་དེ་དག་དང་འབྲེལ་བ་ཡོང་དུས་དེ་དག་ནི་རྣམ་ཤེས་ཤིག་གིས་ཁ་ལོ་བསྒྱུར་བར་འདོད་པས། རིམ་བཞིན་དེ་དག་ལྷ་རུ་བཀུར་བ་དང་། དེ་དག་ལ་དད་པའི་འདུ་ཤེས་ཤིག་སྐྱེས་པ་ལས་གདོད་མའི་ཆོས་ལུགས་བྱུང་བ་དང་སྦྲགས་གདོད་མའི་རུས་རྒྱུད་ཀྱི་དད་མཆོད་སྣང་ཚུལ་དེ་ཐོན་པ་རེད། དེ་ལྟར་བོད་རང་ལ་མཚོན་ནའང་གཡག་མགོ་དང་ལུག་མགོ་སོགས་ཁྱིམ་དུ་བཤམས་པའམ་འགེལ་བ་དང་། ཡུལ་ལྷ་གཞི་བདག་སུ་སྤྱད་ཀི་དང་ཁྱི་སོགས་བསྟེན་སྲོལ་ཆགས་པ་དེས་གདོད་མའི་མི་རྣམས་ཀྱི་རྔོན་པའི་འཚོ་བ་དེ་མཚོན་པ་མ་ཟད། གདོད་མའི་མིའི་རིགས་ཀྱི་སྒྱུ་རྩལ་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད།  
           དེ་ཡང་གདོད་མའི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་སྤྱི་ལྟར་“བོད་ཀྱི་སྤྱི་ཚོགས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་དང་འདྲ་བར་དུས་ཡུན་ཤིན་ཏུ་རིང་བའི་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་དེ་བརྒྱུད་མྱོང་བ་རེད། ལོ་རྒྱུས་ཀྱི་དུས་སྐབས་ཤིན་ཏུ་རིང་པོ་དེའི་ནང་དུ། རང་རེའི་མེས་པོ་རྣམས་ཀྱིས་ཟས་སུ་རྩི་ཏོག་ཤིང་ཏོག་ལ་སོགས་པའི་མ་རྨོས་པའི་ལོ་ཏོག་ཟ་བ་དང་།  གོས་སུ་ཤིང་ལོ་དང་རི་དྭགས་ཀྱི་པགས་པ་སོགས་གྱོན་པ་ཡིན་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ཆུ་ཚད་ཧ་ཅང་དམའ་བར་མ་ཟད། རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་སྣང་ཚུལ་དེ་དག་གི་ཧ་མ་གོ་བར། འཇིགས་སྣང་དང་བཅས་པའི་དད་པ་སྐྱེས་པར་བརྟེན། ལྷ་ཀླུ་གཉན་བཙན་གྱི་རིགས་མང་པོ་འཕྲོ་རིམ་འཕྲོར་ཐོན་ཏེ། ལྷ་དེ་དག་ལ་གསོལ་བ་འདེབས་པ་དང་མཆོད་བསྟོད་བྱས་ནས། དེ་དག་གིས་རང་ཉིད་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་པའི་སྨོན་འདུན་དང་ཡིད་ཆེས་སྐྱེས་པར་བརྟེན། གདོད་མའི་རྨོངས་དད་ཀྱི་ཆོས་ལུགས་བྱུང་བ་རེད། གདོད་མའི་རྨོངས་དད་ཀྱི་ཆོས་ལུགས་དེ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་འཛིན་པའི་ལྟ་བ་ཞིག་ཡིན་པ་དང་། ལྟ་བ་དེའི་རྨང་གཞིའི་ཐོག་ནས་རང་གི་རྒྱལ་ཕམ་གྱི་ཉམས་མྱོང་དང་བསླབ་བྱ་རྣམས་དང་འབྲེལ་ཏེ་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་འགྲེལ་བཤད་བརྒྱབ་སྟབས་གདོད་མའི་རྩོམ་རིག་བྱུང་བ་རེད་”①ཅེས་གསུངས་པ་ལྟར།  དམངས་ཁྲོད་ཀྱི་བསང་མཆོད་རྩོམ་རིག་གི་རྣམ་པ་དེའང་གདོད་མའི་དུས་ནས་བྱུང་བ་ཞིག་ཡིན་པ་རིག་པས་གྲུབ་ལ། རྒྱ་ནག་གི་མཁས་པ་ལུའུ་ཞུན་གྱིས་‘ཧང་ཡོ་ཧང་ཡོ་’ ཞེས་པ་དེ་རྩོམ་རིག་གི་ཐོག་མའམ་འབྱུང་ཁུངས་སུ་འདོད་པ་ལྟར་བྱས་ན། བོད་གནའ་རབས་ཀྱི་ལྷ་གསོལ་བསང་འབོད་ཀྱི་གདངས”ཀི་ཀི་བསྭོ་བསྭོ” ལྟ་བུའང་བོད་ཀྱི་རྩོམ་རིག་གི་ཐོག་མར་བཞག་ན་མི་ཆོག་པ་མེད་དོ། དེ་བཞིན་ཧན་རྒྱལ་རབས་ཀྱི་སྐབས་སུ་བྲིས་པའི་《མའོ་ཧྲའི་གླེང་གཞི་》ཡི་ནང་དུ། “སྙན་ངག་ཅེས་པ་ནི། བློ་ཡི་ཁྱབ་ཕྱོགས་ཤིག་སྟེ།  སེམས་ལ་ངེས་པ་ནི་བློ་ཡིན་ལ། དེ་དག་ལས་འཁྲོལ་བ་ནི་སྙན་ངག་གོ   དེ་ཡང་སེམས་གཡོས་པ་ལས་ངག་གྲུབ་པ་དང་། ངག་གིས་བརྡ་ཇི་བཞིན་དུ་མ་འཕྲོད་པས་སྨེ་ངག་ཐོན་ཞིང་། སྨེ་ངག་གིས་ཀྱང་བརྡ་མ་འཕྲོད་པས་གླུ་བྱུང་བ་དང་། གླུ་ཡིས་ཀྱང་མ་ནུས་པས་སྟངས་སྟབས་བྱུང་བའོ་”ཞེས་གསུངས་ཡོད་ལ། ཏུན་ཧོང་ཡིག་ཚང་དུ་བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོད་དུ་མགུར་བྱུང་ཚུལ་བཀོད་ཡོད་པ་དང་ཆབས་ཅིག་གླུ་བྱུང་བའི་དུས་ཚད་ནི་ཤིན་ཏུ་སྔ་བར་བཤད་ཡོད་པས། བོད་ཀྱི་བསང་མཆོད་གྱེར་ཚིག་གི་གདངས་སམ་འབྲུ། ཡང་ན་རྩོམ་རིག་གི་རྣམ་པ་ཅན་དེ་ལ་ཤིན་ཏུ་རིང་བའི་ལོ་རྒྱུས་མངའ་བ་ནི་རིག་པས་གྲུབ་བོ།   
           དམངས་ཁྲོད་དུ་ངག་ཐོག་ནས་བརྒྱུད་པའི་སྔོན་བྱོན་མེས་པོ་རྣམས་ཀྱི་འཚོ་བ་དང་འདུ་ཤེས་དག་ཚུར་སྣང་བྱེད་པའི་ཆེས་གནའ་རབས་ཀྱི་ངག་ཐོག་གི་སྒྲུང་དང་གླུ་ལ་སོགས་ཡོད་པ་མ་ཟད། བསང་མཆོད་རྩོམ་རིག་ཀྱང་གདོད་མའི་དུས་སུ་བྱུང་བའི་《སྲིད་པ་ཆགས་གླུ་》དང་《ཨ་ཆག་ལ་ཆག་དགུ་》《ཨ་མཚར་ལ་མཚར་དགུ་》སོགས་དང་འདྲ་བར་བོད་ཀྱི་མེས་པོ་ཚོས་ཐུན་མོང་གིས་བརྩམས་པའི་ངག་ཐོག་གི་སྙན་ངག་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་ལ། བསང་མཆོད་རྩོམ་རིག་ནི་བོད་ཀྱི་གདོད་མ་དང་ད་ལྟའི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་གདོད་མའི་མི་རྣམས་ཀྱི་འདུ་ཤེས་དང་འཚོ་བའི་རྣམ་པ་སོགས་མཚོན་པར་བྱས་ཡོད།   
གཉིས། བསང་མཆོད་རྩོམ་རིག་གི་ཁྱད་ཆོས་བརྗོད་པ།   
༡  བརྗོད་བྱའི་དོན་གྱི་ཁྱད་ཆོས།   
           དམངས་ཁྲོད་བསང་མཆོད་རྩོམ་རིག་ཀྱང་རྩོམ་ལུས་གཞན་དང་འདྲ་བར་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་ཞིང་ས་ལས་འཁྲུངས་པ་ཞིག་ཡིན་ལ། དེ་ནི་དམངས་ཁྲོད་རྩོམ་རིག་གི་མཚོ་མོ་ལས་འཁྲུངས་པའི་གཟི་འོད་འཚེར་ཞིང་རྣམ་པར་བཀྲ་བའི་སྙན་རྩོམ་གྱི་མུ་ཏིག་ཅིག་གོ དེའི་རྩོམ་སྟངས་ལ་བཅད་ལྷུག་སྤེལ་མ་གསུམ་ཡོད་ཅིང་ནང་དོན་ཕུན་སུམ་ཚོགས་པའི་ངག་ཐོག་རྩོམ་རིག་གི་རིགས་ཤིག་ཡིན་སྟབས། དེར་རྩོམ་རིག་གི་རྩ་བའི་རང་བཞིན་ཏེ། སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་འཚོ་བར་ངོས་འཛིན་དང་འཚོ་བ་མཚོན་པའི་ཁྱད་རྟགས་རྣམས་ལྡན་པ་མ་ཟད། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད། ང་ཚོས་དེ་དག་གི་བརྗོད་བྱ་གཞིར་བཟུང་ནས་བལྟས་ན། དེ་ལས་དུས་སྐབས་མི་འདྲ་བའི་སྤྱི་ཚོགས་ཀྱི་གནས་བབ་དང་། ཆོས་ལུགས། ལོ་རྒྱུས། ཡུལ་སྲོལ། རོལ་རྩེད་སོགས་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་མཚོན་པ་མ་ཟད། དེ་ལ་རང་ཅག་རྗེས་རབས་པ་རྣམས་ཀྱིས་སྔར་གྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་དང་རྟོག་དཔྱོད་བྱེད་པར་རིན་ཐང་ཆེན་པོ་མཆིས་སོ།
 (༡)  གདོད་མའི་རང་བཞིན་ལྡན་པ།   
           གོང་སྨྲས་བཞིན་བོད་ཀྱི་སྤྱི་ཆོགས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་དང་འདྲ་བར་དུས་ཡུན་རིང་པོའི་གདོད་མའི་སྤྱི་ཆོགས་ཀྱི་འཕེལ་རིམ་དེ་བརྒྱུད་མྱོང་བས། དང་ཐོག་རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་སྣང་ཚུལ་དེ་དག་མ་ཤེས་པར་འཇིགས་སྣང་དང་འགྲོགས་ཏེ་དད་པ་སྐྱེས་པར་བརྟེན། སྲིད་པ་ཆགས་པའི་ལྷ་དགུ་ལ་སོགས་ལྷ་ཀླུ་གཉན་བཙན་གྱི་རིགས་མང་པོ་ཐོན་པ་དེ་དག་མཐའ་མར་གདོད་མའི་མི་རྣམས་ཀྱིས་མཆོད་བསྟོད་བྱེད་ས་ཞིག་ཏུ་གྱུར་ནས་མཆོད་ཚིག་དང་བསྟོད་ཚིག་མང་པོ་བྱུང་བ་ལས་བསང་མཆོད་རྩོམ་རིག་གི་རྣམ་པ་འདི་བྱུང་བ་རེད།  དཔེར་ན། 《རྒྱུགས་བརྔན་ལྷ་བསང་》ལས། “བསང་གི་རྒྱུ་བྱུང་གང་ནས་བྱུང་། །བསང་གི་རྒྱུ་བྱུང་གནམ་ནས་བྱུང་། །ཕ་གནམ་ལ་འབྲུག་ཆེན་ལྡར་མ་ལྡིམ །མ་ས་ལ་གློག་ཆེན་གྱ་མ་གྱུ །བུ་རྟ་རྒོད་གངས་ཀྱི་ཐིག་མ་ཡིན། །རྒྱ་མཚོ་ཆུ་ཡི་ལྦུ་བ་ཡིན། །མ་ཕམ་གཡུ་མཚོའི་ཁ་ཤག་ཡིན། །བཟང་དྲུག་སྨན་གྱི་ནུས་པ་ཡིན། །དྲི་ཞིམ་སྤོས་ཀྱི་ངད་པ་ཡིན། །ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད། །ཤིང་བདུད་རྩི་ཅན་གྱི་དུད་པ་དང་། །གསེར་ལོ་འབར་བའི་སྟག་པ་དང་། །གཡུ་ལོ་འབར་བའི་ཤུག་པ་དང་། །དུང་ལོ་འབར་བའི་བ་ལུ་དང་། །མཁན་པ་སྤོས་དཀར་ཨ་ཀ་རུ། །ཤིང་བདུད་རྩི་ཅན་གྱི་དུད་པ་དང་། །ཕྱེ་མར་ཟས་ཕུད་གསེར་སྐྱེམས་ཀྱིས། །ལྷ་འདྲེ་ཐམས་ཅད་བསངས་པའི་ཕྱིར། །”②ཞེས་བྱུང་བ་ལྟར། དེས་བྱིས་བློ་ཅན་གྱི་གདོད་མའི་མི་རྣམས་ཀྱི་འདུ་ཤེས་དང་། བསམ་བློ་དད་མོས་སོགས་མངོན་པར་མཚོན་ཡོད་དེ། གདོད་མའི་མིས་ཡོད་ཚད་གནམ་ནས་བྱུང་བར་འདོད་པའི་བསམ་བློའི་ཁྲོད་གནམ་ལ་དད་པ་བྱས་པ་དང་། བྱ་དངོས་ཡོད་དོ་ཅོག་ལ་རྣམ་ཤེས་སམ་བླ་ཞིག་གནས་ཏེ་འཚོ་བའི་ཁ་ལོ་བསྒྱུར་བར་འདོད་པས། རི་བཤད་དམ་གནས་བཤད་སོགས་བྱུང་བ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་དེའི་ནང་དོན་ལ་གནའ་ཉམས་དོད་པོ་སྟེ་གདོད་མའི་རང་བཞིན་ལྡན་ཞེས་བརྗོད་པ་ཡིན་ནོ།    
(༢)  ལོ་རྒྱུས་རང་བཞིན་ལྡན་པ།   
           དེ་ཡང་བསང་གི་རྫས་བྱུང་ཚུལ་ལ། སྔར་ལྷ་མོ་གནམ་ཕྱི་གུང་རྒྱལ་གྱིས་དུག་སེལ་ཕྱིར་“ལྷ་རྒོད་བསང་ཤིང་སྐྱེ་བར་ཤོག་”ཅེས་བརྗོད་བཞིན་ཁ་ནས་བསིལ་ཆབ་དེ་གནམ་ནས་ས་སྟེང་དུ་གཏོར་བས་རྫས་དེ་དག་སྐྱེས་པར་བཤད་པ་དང་། ཡང་《རྒྱགས་བརྔན་ལྷ་བསང་》ལས། “དང་པོ་བརྔན་གྱི་འབྱུང་ཁུངས་ནི། །འཛམ་བུ་གླིང་གི་བོད་ཡུལ་དབུས། །བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །བསམ་ཡས་གཙུག་ལག་བཞེངས་བའི་དུས། །ས་བདག་ཀླུ་གཉན་ཁྲོས་གྱུར་ནས། །ལྷ་ཁང་ཉིན་བརྩེགས་མཚན་མོ་བསྒྱེལ། །རི་རྡོ་ཐམས་ཅད་ཀླུངས་སུ་ཕབ། །ཀླུངས་རྡོ་ཐམས་ཅད་རི་ལ་བསྐྱལ། །རྩི་ཤིང་ཐམས་ཅད་མེ་ལ་བསྲེགས། །ནད་དང་གནོད་པ་སྣ་ཚོགས་བྱུང་། །རྒྱལ་བའི་ལྷ་ཁང་གཤོལ་ལ་ཐུག །དེ་ཚེ་རྒྱལ་བློན་བཀའ་བགྲོས་མཛད། །སློབ་དཔོན་པདྨ་སྤྱན་དྲངས་ནས། །བྲག་དམར་དཔལ་གྱི་བསམ་ཡས་སུ །སློབ་དཔོན་པད་མ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས། །ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ།  །ལྷ་དང་སྲུང་མ་ཐམས་ཅད་དང་། །ས་བདག་ལྷ་ཀླུ་ ཐམས་ཅད་བརྔན། །  དེ་ཡིས་བསམ་ཡས་ཆོས་འཁོར་གྲུབ། །”③ཅེས་བྱུང་བས། དེས་ཐད་ཀར་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་དངོས་ཡོད་ཚུར་སྣང་བྱས་ཡོད་པ་མ་ཟད། མི་དམངས་ཀྱི་འཚོ་བར་འཛིན་པའི་འདུ་ཤེས་དང་བསམ་བློ་དད་མོས་དང་རེ་བ་སོགས་ཀྱང་མཚོན་ཡོད་ལ། གནའ་བོའི་བོད་མིའི་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ནང་བྱུང་བའི་གནས་ཚུལ་དངོས་ཀྱི་ཆ་ཞིག་ཀྱང་མཚོན་ཡོད་པས་དེར་ལོ་རྒྱུས་ཀྱི་རང་བཞིན་ཆེས་ཆེར་ལྡན་ཡོད།   
(༣) ཡུལ་སྲོལ་གོམས་གཤིས་ཀྱི་རང་བཞིན་ལྡན་པ།   
           བསང་མཆོད་རྩོམ་རིག་གམ་བསང་མཆོད་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་ཐག་ཅིག་ཡིན་པས། དེ་ནི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་གསལ་པོར་སྟོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་ཞེས་བཤད་ཆོག དེ་ཡང་གདོད་མའི་མི་རྣམས་ཀྱིས་ལྷ་ལ་འདུན་མ་བཅོལ་ཞིང་མོས་པ་བརྟན་པོས་བསང་མཆོད་བཏང་ཞིང་གུས་འདུད་བྱས་པ་སོགས་ཀྱི་ཆོ་ག་བྱུང་བ་དེ་ཉིད་རིམ་གྱིས་གོམས་སྲོལ་ཞིག་ཏུ་གྱུར་པ་ནི་ལོ་རྒྱུས་དངོས་ལས་རྟོགས་ཐུབ་པ་ཡིན། སྔར་རུས་རྒྱུད་ཚོ་པ་སོ་སོའི་ཁྲོད་དུའང་རང་རང་གི་བརྟེན་སའི་རིའམ་གནས་ག་གེ་མོ་ཞིག་ལ་ཡིད་རྟོན་བྱས་ཏེ། དཔའ་བོ་གཡུལ་དུ་ཞུགས་པ་དང་། ཕོ་གསར་ཇག་ལ་ཆས་པ། མོ་གསར་བག་མར་རྫོང་བ། ལོ་གསར་དང་དུས་ཆེན་ལ་སོགས་པའི་སྐབས་སུ་ཐོག་མར་ལྷ་མཆོད་ཀྱི་འཕྲིན་ལས་བཅོལ་ཞིང་བསང་འབོད་མཆོད་བསྟོད་བྱས་ནས་རང་གི་ལས་དོན་ལེགས་གྲུབ་ཡོང་བར་སྨོན་པ་དང་། བསང་མཆོད་བྱེད་སའི་གཞིའམ་ཡུལ་སོ་སོའི་ནུས་མཐུའམ། རྣམ་པ། ཆ་བྱད།  གནས་ཡུལ་མི་འདྲ་བའི་ཆ་ནས་མཆོད་བསྟོད་ཀྱི་ཚིག་དོན་ཡང་ལྷ་ཀླུ་གཉན་བཙན་སོ་སོའི་ཚུལ་དང་མཐུན་པར་མཛད་ཅིང་། རང་གི་ལས་དོན་ནམ་དམིགས་ཡུལ་མི་འདྲ་བས་གྲོགས་སུ་རེ་བའི་ཡུལ་ལྷ་གཞི་བདག་ལ་སོགས་པར་བསང་མཆོད་བྱེད་པའི་ཆོ་གའི་གྱེར་ཚིག་ཀྱང་མི་འདྲ་བ་ཡོད་པ་ནི་དཔེར་ན། 《ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད་》ཅེས་པ་ལས།“ ཀྱེ།  དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ། །ཕྲག་གོང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་དགེ་བཤེས་མང་པོར་སྤྲུལ། །མཆོད་ནི་བཤོས་བུ་གཙང་མས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །དམག་དཔུང་བཀྱེ་ལ་དགྲ་དཔུང་ཐུལ། །ཞང་ལྷ་ཕ་ལྦང་སྤྱན་འདྲེན་ནོ། །མཆན་ཁུངས་གཡོན་ནས་གཤེགས་སུ་གསོལ། །སྤྲུལ་ནི་ཞང་བློན་མང་པོར་སྤྲུལ། །མཆོད་ནི་གསང་ལུགས་གཙང་མས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །འགལ་རྐྱེན་སྤོང་ལ་མཐུན་རྐྱེན་བསྒྲུབ་ཏུ་གསོལ། །སྲོག་ལྷ་འཇིན་པའི་སྤྱན་འདྲེན་ནོ། །སྙིང་གའི་གནས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མི་དཀར་མང་པོར་སྤྲུལ། །མཆོད་ནི་ར་སྐྱེས་ཁམས་པ་འདི་ཡིས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །སྲོག་གི་བར་ཆད་སྲུང་དུ་གསོལ། །མོ་ལྷ་འབྱུང་མོ་སྤྱན་འདྲེན་ནོ། །མཆན་ཁུངས་གཡས་ནས་གཤེགས་སུ་གསོལ། །སྤྲུལ་ནི་མ་སྲུ་མང་པོར་སྤྲུལ། །མཆོད་ནི་འབྲང་རྒྱས་ལྡེམ་པས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །ཟས་ནོར་ཆར་པ་དབབ་ཏུ་གསོལ། །ཡུལ་ལྷ་མགོན་བུ་སྤྱན་འདྲེན་ནོ། །སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ། །སྤྲུལ་ནི་གྲོགས་པོ་མང་པོར་སྤྲུལ། །གསང་གཡག་དཀར་པོ་འདི་ཡིས་མཆོད། །དེ་རིང་བདག་གི་གྲོགས་ལ་བྱོན། །ཡིད་ལ་བསམ་པ་ཐམས་ཅད་སྒྲུབ་ཏུ་གསོལ། །”④ཞེས་གྱེར་ཚིག་གི་ནང་དོན་གཙོ་བོ་ནི་སྐག་དང་བར་ཆད་སེལ་ཞིང་ཕ་རོལ་དགྲ་སྡེའི་དཔུང་ཚོགས་ལས་རྣམ་པར་རྒྱལ་ནས་བྱ་བ་ཁག་བདེ་བླག་ངང་འགྲུབ་ཕྱིར་ལྷ་ཀླུ་གཉན་བཙན་རྣམས་གྲོགས་སུ་བཀུག་པ་དེ་ཡིན། དེ་ཡང་ཕོ་གསར་ཇག་ལ་འགྲོ་སྐབས། ཉིན་འགའི་སྔོན་ནས་བཟུང་རང་གི་བུད་མེད་དང་ལུས་འབྲེལ་མི་བྱེད་པར་མགོ་ཡི་ལྷ་ལྔ་གཙང་མར་བྱས་ཏེ་ཕྱིར་འགྲོ་བའི་སྲོལ་ཡོད་པ་དང་། མོ་གསར་བག་མར་རྫོང་དུས་རྗེས་ཀྱི་བྱ་བ་ཅི་བྱས་ལྷུན་གྱིས་འགྲུབ་ཕྱིར་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་བསྟོད་དང་གཡང་འབོད་བྱེད་པ་ལྟ་བུ་དང་། ལོ་གསར་དང་དུས་ཆེན་གྱི་སྐབས་སུ་ཆེ་ས་ཡུལ་ཁམས་སྤྱི་དང་ཆུང་ས་རང་ཉིད་ལ་ལོ་རྗེས་མའི་ནང་ཆར་ཆུ་དུས་སུ་བབ་ནས་ལོ་ལེགས་སྨིན་པ། ཕྱུགས་ལ་གོད་ཁ་མེད་ཅིང་འཕེལ་ཁ་རྒྱས་པ་ལ་སོགས་ཡོང་ཕྱིར་ལྷ་ཀླུ་གཞི་བདག་རྣམས་མཚན་གྱི་མལ་ཚེ་དང་ཉིན་གྱི་བྱ་ར་ལྟ་བུའི་སྡོང་གྲོགས་དང་མགོན་སྐྱབས་ཡོང་བར་སྨོན་པའི་བསང་མཆོད་བྱེད་པ་བཅས། དེ་དག་ལས་མི་རིགས་ཤིག་གི་བསམ་བློའི་འདུ་ཤེས་དང་དད་མོས། ཡུལ་གོམས་གཤིས་ལུགས་སོགས་ངོ་མཚར་ཆེ་བའི་གནས་མི་ཉུང་བ་ཞིག་ངེས་ཤེས་རྙེད་ཐུབ་པས། དེ་ནི་བོད་ཀྱི་གོམས་སྲོལ་སྣ་ཚོགས་སྟོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག་གོ   
༢ རྗོད་བྱེད་ཚིག་གི་ཁྱད་ཆོས།    
(༡)  བརྗོད་པ་བདེ་ཞིང་གོ་སླ་བ།   
           བསང་མཆོད་རྩོམ་རིག་དེའང་མི་དམངས་མང་ཚོགས་ཀྱི་ངག་ཐོག་གི་སྐད་ཆ་(ཁ་སྐད་)ལས་ཐད་ཀར་བྱུང་བ་ཞིག་ཡིན་སྟབས། བསང་མཆོད་ཀྱི་རྗོད་བྱེད་ཚིག་སྤྱི་ལ་བལྟས་ན། སྦྱོར་མི་བདེ་བའམ་གོ་དཀའ་བའི་མངོན་བརྗོད་དང་བརྡ་རྙིང་གིས་བཅིངས་མེད་ལ། སྐྱེས་ཕོ་མོ་སུ་ཡིན་ཡང་ཤེས་ཡོན་ཆུ་ཚད་མཐོ་དམའ་ལ་མ་བལྟོས་པར་ངག་ཐོག་ནས་ཤར་ཤར་དུ་གྱེར་བདེ་བ་དང་གསར་རྩོམ་བྱེད་ཐུབ་པ་མ་ཟད། བཀླགས་མ་ཐག་ཏུ་བརྗོད་བྱའི་དོན་རྣམས་བློ་ལ་ངལ་བ་མེད་པར་ངེས་ཐུབ་པ་ཞིག་སྟེ། དཔེར་ན། “ཤུགས་བསང་ལོ། སྟག་བསང་ལོ། འབྲུ་ཤུག་སྔོན་མོས་བདུག་ན་མ་སངས་ནི་མེད་ནི། རྫ་ཆུ་བསིལ་མས་བཀྲུས་ན་མ་དག་ནི་མེད་ནི། མ་དག་པ་ཐམས་ཅད་དག་པར་གྱུར་ཅིག མ་བསང་བ་ཐམས་ཅད་བསང་བར་གྱུར་ཅིག ཨོ་མ་ཧིམ། མཆོད་བླ་མ་ཡི་དམ་སངས་རྒྱས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ནོར་ལྷ་གཏེར་བདག དགྲ་ལྷའི་འོད་ཟེར་དཀར་པོ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དགུང་གི་ཉི་ཟླ་སྐར་གསུམ། བྱང་གི་སྐར་མ་ཨ་བསྟན་ནམ་མཁའ་ན་བཞུགས་ནི། ཨ་མྱེས་གོང་རྒྱལ་མ་སངས་རྒྱས་ཀྱི་བསྟན་པ་སྲུང་ནི། ་་་་་་རྨ་ཉིན་སྲིབ་ན་བཞུགས་ནི། ས་བཅུ་པ་ཐོབ་པའི་སངས་རྒྱས་ཨ་མྱེས་རྨ་ཆེན། རྒྱ་བོད་གཉིས་ཀྱི་ས་མཚམས་ན་བཞུགས་ནི། བོད་ཞྭ་དཀར་ཅན་གྱི་མགོན་སྐྱབས་ན་བཞུགས་ནི། རྒྱ་ཧོ་དུ་(ཁ་ཆེ་)ཅན་གྱི་གཉའ་གནོན་ན་བཞུགས་ནི་”⑤ཞེས་བྱུང་བའི་ཚིག་རྣམས་ནི་སྙན་ཞིང་གོ་བདེ་བ་དང་། སྡེབ་སྦྱོར་ལེགས་པ་མ་ཟད། ཕལ་སྐད་སྤྱིར་བཏང་བའི་རྨང་གཞིའི་ཐོག་སྒྱུ་རྩལ་གྱི་ཉམས་འགྱུར་ཐོན་པར་བྱས་པ་ཞིག་རེད།  རྩོམ་ལུས་ཀྱི་ཆ་ནས་ཀྱང་བཅད་པ་གཙོར་བྱས་སྤེལ་མ་དང་ལྷུག་པ་ཅི་རིགས་སུ་ངེས་པ་དང་། ཚིགས་བཅད་དག་ཀྱང་ཚེག་བར་མང་ཉུང་། གཅོད་མཚམས། ཚིག་རྐང་རིང་ཐུང་དང་། ཤོ་ལོ་ཀའི་གྲངས་སོགས་སྙན་གཞུང་ལྟར་ཚད་བཀག་མེད་པར་ཅི་རིགས་སུ་སྤྱད་ཡོད། ཡང་“ཁྲམ་པ་སྟོང་གི་བླ་རི ཕྱོགས་བཅུ་ཨ་མྱེས་གཉན་ཆེན། ངའི་རྟ་སྒའི་སྔ་རི་བལྟ་ས། དགྲ་ལྷའི་གོང་འོག་བརྩི་ས། སྲོག་དམར་རོའི་བཅོལ་དམ་བྱེད་ས། སྲོག་བདག་གི་རྒྱལ་པོ་ཡུལ་ལྷ་ཨ་མྱེས་དོམ་མགོ ཡུལ་ལྷ་ཨ་མྱེས་སྟག་མགོ ཡུལ་ལྷ་ཨ་མྱེས་དྲེད་མགོ སྟག་མགོ་དྲེད་མགོ་སྤུན་གསུམ་པོ། བསང་ཁ་གསོལ་ཁ་མཆོད་ཁ་བཀུར་ཁ་བཞེས་པ་འདྲེན་པ་བྱས་ན་”⑥ཞེས་པ་ལྟ་བུར་སྣ་མང་རང་བཞིན་ཅན་གྱི་ངག་ཐོག་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་། རྗོད་བྱེད་ཀྱི་ཚིག་རྣམས་བབ་ཆགས་ཤིང་ཁ་གསལ་བ། རྩོམ་རྒྱུད་འཇམ་ཞིང་ལྷོད་པ། གསོན་ཉམས་ལྡན་པ་སོགས་དམངས་ཁྲོད་ངག་རྩོམ་གྱི་ཐུན་མོང་གི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།   
(༢) གྲངས་འདྲེན་རང་བཞིན་མང་བ།   
           དེ་ཡང་དམངས་ཁྲོད་བསང་མཆོད་ཀྱི་རྩོམ་རིག་ནང་ངག་རྒྱུན་རྩོམ་རིག་གཞན་དག་ནང་མཐོང་དཀོན་པའི་གྲངས་འདྲེན་མང་པོ་བཀོད་འདུག་སྟེ། དཔེར་ན། 《བློན་པོ་གསེར་ཆེན་སོགས་ཀྱི་བསང་མཆོད་》ལས། “མཆོད་རཾ་ཡཾ་ཁཾ་ཨོཾ་ཨཱ་ཧཱ་ཧཱཾ༔ མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག སྲུང་མ་མ་ཅིག་དཔལ་ལྡན་ལྷ་མོ། སྔགས་པ་གྲྭ་ཚང་བརྟེན་རྟེན་པའི་མཱ་བཟའ་རྡོར་གསུམ། མགོ་ཡི་ལྷ་ལྔ། རླུང་རྟ་བདེ་བཞི། བྱང་མི་འགྱུར་སྐར་མ་ཨ་བརྟན་རྒྱལ་པོ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ས་བཅུ་པ་ཐོབ་པའི་སངས་རྒྱས་ཨ་མྱེས་རྨ་རྒྱལ། རྨ་རིགས་སུམ་བརྒྱ་དྲུག་ཅུ། རྨ་འཁོར་སྟོང་དང་ལྔ་བརྒྱ། གོར་བདག་གི་རྒྱལ་པོ་ཨ་མྱེས་གཉན་ཆེན། གཉན་ཆེན་ཐང་ལྷ་ཡབ་གཞི། གཉན་འཁོར་སུམ་རྒྱ་དྲུག་ཅུ་”⑦ཞེས་བྱུང་བ་ལྟ་བུ་དང་། 《ལྷ་བསང་རྣམ་དག་ཆོས་སྐུ་》 ལས།  “བལ་བོན་གཉིས་ཀྱི་མཚམས་ཤེད་ནས། །ཇོ་མོ་ཚེ་རིང་མཆེད་ལྔ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རང་རང་སོ་སོའི་གནས་མཆོག་ནས། །འཛམ་གླིང་བསྟན་མ་བཅུ་གཉིས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །པེ་ཧར་གཟའ་མཆོག་རྡོར་ལེགས་སོགས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ལྷ་རྒྱལ་རྨ་ཆེན་སྦོམ་ར་དང་། །ཇོ་བོ་སྒྱོགས་ཆེན་གདོང་ར་དང་། །ལྷ་ཆེན་འོ་དེ་གུང་རྒྱལ་དང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །སྲིད་པ་ཆགས་པའི་ལྷ་དགུ་དང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཁྱད་པར་གཉན་ཆེན་ཐང་ལྷ་དང་། །གཉན་འཁོར་སུམ་རྒྱ་དྲུག་ཅུ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །”⑧ཞེས་བྱུང་བ་ལྟ་བུ་དང་། ཡང་《བསང་མཆོད་》ལས། “ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་རྫས་བརྒྱད། །ཕྱི་ནང་གསང་བའི་མཆོད་གཏོར་སྤྱན་གཟིགས་སོགས། ། དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །”⑨ཞེས་བྱུང་བ་ལྟ་བུ་སོགས་བསང་མཆོད་བྱེད་ཡུལ་གྱི་ཆ་ནས་གྲངས་འདྲེན་བཀོད་པ་དང་མཆོད་བྱའི་བསང་རྫས་ཀྱི་ཆ་ནས་གྲངས་འདྲེན་བཀོད་པ་སོགས་ཤིན་ཏུ་མང་ངོ་། ངག་རྩོམ་བསང་མཆོད་དེའི་རིགས་དར་ཁྱབ་དང་བརྒྱུད་བསྒྲགས་ཀྱི་དུས་ཡུན་རིང་མོའི་ནང་། ཤེས་རིག་ལྡན་པའི་བོད་མི་ཚོས་དངོས་པོའམ་ཆོས་གང་དེའི་ཁྱད་ཆོས་ཡོན་ཏན་སོགས་འཚོ་བ་དངོས་ལས་ཐོབ་པའི་གལ་ཆེའི་ཉམས་མྱོང་རྣམས་བློ་ལ་འཛིན་བདེ་བ། ངག་ནས་འཆད་བདེ་བའི་ཆེད་ཕྱོགས་བསྡོམས་བྱས་པ་ལས་རིམ་བཞིན་རྣམ་གྲངས་སུ་གྲུབ་ཡོད་པ་དེ་ལ་དམངས་ཁྲོད་རྩོམ་རིག་སྤྱིའི་ཁྱད་ཆོས་རང་བཞིན་ལྡན་ལ། གཞན་རྩོམ་ལུས་ཁག་གཅིག་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་དུ་མ་ལྡན་ནོ།   
(༣) དཔེ་དོན་འབྲེལ་ཆགས་པ།   
           གྱེར་ཚིག་ནང་ཕྱི་རོལ་ཡུལ་གྱི་ཉི་ཟླ་སྐར་གསུམ་དང་། རླུང་སྤྲིན་ཆར་གསུམ། མཚོ་དང་མཚེའུ།  རི་དང་ནགས་ཚལ། གནམ་ལ་འཕུར་དགུ་དང་ས་ལ་འཛུལ་དགུ་སོགས་དཔེར་བླངས་ཏེ་ཐོག་མཐའ་བར་གསུམ་དུ་བརྗོད་ལས་འདས་པའི་དཔེ་གསོན་ཉམས་ཅན་དང་ཁྱད་མཚར་ཅན་མང་པོས་བརྒྱན་ཞིང་། རྗོད་བྱེད་ཚིག་སྙན་མོ་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་གོ་བདེ་བར་བསྟན་པས་བརྗོད་བྱ་རྗོད་བྱེད་ཀྱི་དཔེ་དོན་འབྲེལ་ཆགས་པ་བྱུང་བ་དཔེར་ན། “རང་མགོར་ཉི་མ་སེར་རོ་ཤར་དགོ།  དགྲ་མགོར་མུན་པ་ནག་པོ་འཁྱུག་དགོ་”ལྟ་བུ་དང་། “ང་ནག་པོ་དགྲ་ཕྱོགས་ལ་བསྐོར་ནས་ཉིན་མར །སྟག་མོ་ནགས་ནས་མཆོང་འདྲ་ཡིན་དགོ །དཀར་པོ་དགེ་ཕྱོགས་ལ་བསྐོར་ནས་ཉིན་མར། །བླ་མ་ཁྲི་ཐོག་ནས་བཞུགས་འདྲ་ཡིན་དགོ །”ཞེས་དང་། “ཐོག་འདྲ་བའི་བཙན་འདྲོགས་ཡོད་དགོ །གློག་འདྲ་བའི་མྱུར་མགྱོགས་ཡོད་དགོ །འབྲུག་འདྲ་བའི་ངར་སྒྲ་ཡོད་དགོ །འབྲུག་ཆུང་གྲགས་གྲགས་བྱེད་དགོ །ཐོག་རྒོད་རྒྱག་རྒྱག་བྱེད་དགོ །  གློག་དམར་འཁྱུག་འཁྱུག་བྱེད་དགོ །”ཞེས་པ་ལྟ་བུ་ཉི་མ་དང་མུན་པ། སྟག་མོ། ཐོག་འབྲུག་གློག་གསུམ་ལ་སོགས་པ་དཔེར་བླངས་ཏེ་བརྗོད་བྱའི་དོན་གསལ་བར་བྱས་ཡོད། རྩོམ་ཉམས་འདི་ལྟ་བུ་ནི་བསང་མཆོད་དུ་ཤིན་ཏུ་མང་པོ་མཆིས། བསང་མཆོད་ཀྱི་ནང་དུ་ད་དུང་ཡུལ་ལྷ་གཞི་བདག་རྣམས་གནས་སའི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ལ་བསྟོད་པའི་ཆ་མི་ཉུང་བ་ཞིག་མཆིས་པ་དཔེར་ན། “ཕ་ཡུལ་གཡང་ལྡན་ཕྱུག་མོ་ན། །འབབ་ཆུ་གཡུ་འབྲུག་འཁྱུག་འདྲ་ཡོད་ནི། །ནགས་རི་སྤོས་དམར་འབུལ་འདྲ་ཡོད་ནི། །ཁུ་བྱུག་གསུང་སྙན་སྒྲོག་སའི་ས་ཆ །  བྱ་ཚོགས་སྐད་སྙན་འགྱུར་སའི་གནས་མཆོག །འབའ་འབུ་བྱ་བྱིའུ་འཁོར་སའི་གནས། །ལུག་དཀར་པོ་སྤྲིན་དཀར་འདྲ་བའི་གནས། །རྟ་ཕོ་ཆེན་རྐྱང་དང་འདྲ་བའི་གནས། །ཟོག་ཁྱུ་འབྲོང་ཁྱུ་འདྲ་བའི་གནས། །”ཞེས་པ་ལྟ་བུ་བསང་མཆོད་ཀྱི་དམིགས་ཡུལ་ལམ་རེ་བ་བརྗོད་པ་དང་སྦྲགས་ཡུལ་ལྷ་གཞི་བདག་དག་གི་གནས་སའི་ཁོར་ཡུག་ལ་བསྟོད་པ་འབུལ་བ་སོགས་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་དོན་དག་དཔེའི་སྒོ་ནས་བསྟན་པས། དམངས་ཁྲོད་ངག་རྩོམ་གྱི་ཁྱད་ཆོས་མངོན་པར་གསལ་ཞིང་དཔེ་དོན་འབྲེལ་ཆགས་པ་སོགས་བོད་ཀྱི་རྩོམ་རིག་རྣལ་མའི་སྒྱུ་རྩལ་གྱི་ཉམས་འགྱུར་ཞིག་ཀུན་ནས་ཐོན་ཡོད་པས་ཡིད་འགུག་གི་ནུས་པ་ཆེན་པོ་ལྡན་ནོ།    
(༤) རྒྱན་ཕུན་སུམ་ཚོགས་པ།  
           བོད་ཀྱི་དམངས་ཁྲོད་བསང་མཆོད་རྩོམ་རིག་ལ་སྙན་གཞུང་དུ་བསྟན་པ་ལྟ་བུའི་རྒྱ་ཆེ་ཞིང་གྲངས་མང་བའི་རྒྱན་མེད་ལ་ཡོད་པ་རྣམས་ནི་《སྙན་ངག་མེ་ལོང་མ་》ཡི་རྒྱན་དང་མཐུན་པ་ཙམ་ཡིན་མོད། དམངས་ཁྲོད་བསང་མཆོད་གྱེར་ཚིག་ལ་རང་ཉིད་ཀྱི་ལུས་མཛེས་པར་བྱེད་པའི་ཐུན་མིན་གྱི་རྒྱན་དུ་མ་ཞིག་མཆིས་ཏེ། གཤམ་དུ་རྒྱན་འགའ་ཞིག་དཔེ་མཚོན་ཙམ་དུ་འགོད་པར་བྱ་སྟེ། དཔེར་ན། “དགུང་ཨ་སྔོན་བཞིན་དུ་ཤིག་བསང་ལེ། །ས་དོག་མོ་བཞིན་དུ་བསང་བསང་ལེ། །”ཞེས་དང་། “ནམ་ཡར་ལངས་ཀྱི་ཇ་བུར་མཆོད་ས། །མུན་ཐིབ་སྒྲིབ་ཀྱི་བཅོལ་དམ་བྱེད་ས། །འབྲུ་ཤུག་སྔོན་མོས་བདུག་ན་མ་བསང་ནི་མེད་ནི། །རྫ་ཆུ་བསིལ་མས་བཀྲུས་ན་མ་དག་ནི་མེད་ནི། །མ་སངས་བ་ཐམས་ཅད་བསང་བར་གྱུར་ཅིག །མ་དག་པ་ཐམས་ཅད་དག་པར་གྱུར་ཅིག །”ཅེས་པ་ལྟ་བུ་ནི་ཤིས་བརྗོད་ཀྱི་རྒྱན་དང་། “ལྷ་རྒོད་བདུད་འདུལ་ཏེ། །སྤྲུལ་པ་ཁུངས་སུ་སྤྲུལ། །ཁམས་གསུམ་ཟིལ་གྱིས་མནན། །རྩལ་ཆེན་སེང་གེར་སྤྲུལ། །རྩལ་གསུམ་ལུས་ལ་རྫོགས། །དཔའ་རྔམ་སྟག་ཏུ་སྤྲུལ། རིས་བཀྲ་ཤུལ་ཏུ་ཚང་། །ཁོལ་མོ་འབྲོང་དུ་སྤྲུལ། །རུ་ཟེར་དཔལ་དུ་འཕྲོ། །བདུད་ཁམས་དབང་དུ་བསྡུས། །”⑩ཞེས་པ་ལྟ་བུ་ནི་ཚིག་བསྐོར་བའི་རྒྱན་དང་།ཡང་《ལྷ་བསང་རྣམ་དག་ཆོས་སྐུ་》ལས། “རི་རྒྱལ་ཀུན་གྱི་གཙོ་ན་བཞུགས་ནི། །རི་ཡི་རྒྱལ་པོ་རི་རབ་ཡིན་ནི། །གསེར་ཏོག་སྐར་མ་ཨ་བསྟན་ཡིན་ནི། །དགུང་ཉི་ཟླ་གཉིས་ཀས་གཡས་བསྐོར་རྒྱབ་ནི། །”ཞེས་པ་ལྟ་བུ་ནི་སྔགས་པའི་དཔེ་དང་།ཡང་། “མདུན་གྱི་ནམ་མཁའ་པད་སྡོང་ཡངས་བའི་སྟེང་། །སེང་ཁྲི་པདྨ་ཉི་ཟླའི་གདན་ཁྲི་ལ། །ཡིད་འཕྲོག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པ་ས་དང་བར་སྣང་བཀང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ། །”(11)ཞེས་པ་ལྟ་བུ་ནི་གཟུགས་རྒྱན་ལྟ་བུ་དང་། ཡང་《བསང་མཆོད་བཀྲ་ཤིས་འཁྱིལ་བ་》ལས། “གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས། །གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསང་། །གཡུ་ཡི་མདོག་ཅན་གནམ་སྔོན་ཞུན་མ་དག །འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསང་། །རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི། །ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསང་། །མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི །ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསང་། །བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་། ཙནྡད་དཀར་དམར་ཨ་ག་རུ་ཡིས་བསང་། །བདུད་རྩི་ཅན་གྱི་ལྗོན་པའི་ཤིང་གི་ཚོགས། །ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསང་། །”⑿ཞེས་པ་ལྟ་བུ་ནི་སྒྲ་རྒྱན་གྱི་ཁོངས་སུ་གཏོགས་པ། གཞན་ཡང་། “ངའི་རྟ་སྒའི་སྔ་རི་བལྟ་ས། །དགྲ་ལྷའི་གོང་འོག་བརྩི་ས། །སྲོག་དམར་པོའི་བཅོལ་དམ་བྱེད་ས། །བསམ་ཐོག་ལ་རྟ་རྒྱུག་དགོ །འདོད་ཐོག་ལ་ཆར་པ་འབབ་དགོ །ཨབ་དྲུག་ཚོ་པ་བཅུ་གཉིས་པོ། །བརྒྱ་ལུག་འཚོ་འཚོ་བྱེད་དགོ །སྟོང་ལུག་བསྐོར་བསྐོར་བྱེད་དགོ །”ཞེས་པ་ལྟ་བུ་མང་དུ་ཡོད་མོད།  གོང་དུ་བཀོད་པའི་རྒྱན་དེ་དག་ནི་དཔེ་མཚོན་ཙམ་དུ་ཟད།  མདོར་ན། བསང་མཆོད་གང་ཡིན་ཡང་ཚིག་ཉུང་ཞིང་དོན་བསྡུས་པ་ཤ་སྟག་ཡིན་ལ་ཚིག་རྒྱན་དང་མངོན་བརྗོད་ཀྱིས་མ་བཅིངས་པར་སྐབས་སུ་བབ་པའི་བརྗོད་འདོད་ཀྱི་དོན་རྣམས་ཡུལ་དུས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་དཔེ་གཅིག་གམ་དུ་མས་བསྟན་པ་དང་། བསྡུས་ཤིང་གབ་པ་ལ་སོགས་པའི་མཚོན་ཐབས་མང་པོ་སྤྱད་ནས་ཐོལ་བྱུང་དུ་བརྩམས་པ་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པའི་རྩོམ་རིག་གི་རྣམ་པ་ལྡན་ཡོད།   
གཉིས་པ།  བསང་མཆོད་རྩོམ་རིག་གི་ལུས་དང་རྒྱན་སོགས་བཤད་པ།   
གཅིག བསང་མཆོད་རྩོམ་རིག་གི་ལུས་ཀྱི་སྐོར།   
           འདིར་བསང་མཆོད་རྩོམ་རིག་གི་ལུས་ཞེས་པའང་སྙན་ངག་གཞུང་གི་ལུགས་ལྟར་སྨྲ་བ་པོས་བརྗོད་པར་འདོད་པའི་དངོས་པོ་གང་དང་གང་ཡིན་པའི་དོན་དེ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བའི་ཚིག་སྦྱོར་ལ་གོ་སྟེ། དཔེར་ན། གང་མཛེས་པར་བྱ་བའི་གཞི་སྐྱེས་བུ་རང་གི་ལུས་དང་འདྲ་བ་ཞིག་གོ དེ་ཡང་བསང་མཆོད་རྩོམ་རིག་གི་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་ལས་རྐང་པར་བཅད་པའི་ལུས་གཙོ་བོ་ཡིན་ཞིང་། དེ་ངག་ལ་གྱེར་བདེ་བའི་ཕྱིར་རྐང་པར་བཅད་པའི་ལུས་ལའང་ཚེག་བར་དོ་མཉམ་པ་དང་མི་མཉམ་པའི་དབྱེ་བ་ཡོད། ཤོ་ལོ་ཀའི་བགོ་སྟངས་ཀྱི་ཆ་ནས་བཤད་ནའང་ཚིག་རྐང་གསུམ་ཅན་དང་བཞི་ཅན། ལྔ་ཅན། ཡང་ན་ལྔ་ལས་མང་བ་མཆིས་ལ། ཚེག་བར་མང་ཉུང་གི་ཆ་ནས་ཉུང་ཤས་ལ་ཚེག་བར་བཞི་ཅན་དང་མང་ཤོས་ལ་བཅོ་ལྔ་ལྷག་ཡོད་མོད། སྤྱིར་བཏང་དུ་ཚེག་བར་དྲུག་ཅན་དང་། བདུན་ཅན། བརྒྱད་ཅན། དགུ་ཅན་ཤས་ཆེ་བར་སྣང་། གཤམ་དུ་དེ་དག་དཔེར་བརྗོད་དང་བཅས་འཆད་པར་བྱ།   
༡   ཚེག་བར་དོ་མཉམ་པའི་བསང་མཆོད་ཚིགས་བཅད་ཀྱི་ལུས།   
           དེ་ཡང་ཚེག་བར་དོ་མཉམ་པ་ཞེས་པ་ནི་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་དུ་ཚིག་རྐང་རེ་རེའི་ཚེག་བར་ལ་མང་ཉུང་མེད་པར་དོ་མཉམ་པ་ལ་ཟེར་བ་ཡིན། ཚེག་བར་ལྔ་ཅན་གྱི་ལུས་ནི། 《གེ་ཁོད་ཁོ་ཕྲོམ་དམར་ཚན་》ལས། “རིགས་ཀྱི་ལྷ་བདར་རོ། །ཁུངས་ཀྱི་སྨྲང་གྱེར་རོ། །སྲིད་པའི་རྔ་བརྡུང་ངོ་། །”ཞེས་དང་། “གསུང་ལ་བྱིན་ཕབ་ཅིག །སེམས་ལ་ངར་ཐོབ་ཅིག །སྲ་བའི་གོ་གྱོན་ཅིག །རྣོ་བའི་མཚོན་ཐོགས་ཤིག །”⒀ཅེས་པ་ལྟ་བུ་དང་། 《མཚོ་རྒན་མ་ཁྲི་གཤོག་རྒྱལ་མོ་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་བཅས་གནས་བདག་གི་བསང་མཆོད་བཞུགས་སོ་》ལས། “ཕོ་ལྷ་དགྲ་ལྷ་མཆོད། ཟས་ལྷ་གྲོགས་ལྷ་མཆོད། །མགོ་ཡི་ལྷ་ལྔ་མཆོད། །རླུང་རྟ་སྡེ་བརྒྱད་མཆོད། །སྐྱོབ་པའི་ལྷ་དགུ་མཆོད། །ཡུལ་ལྷ་གཞི་བདག་མཆོད། །”⒁ཅེས་པ་ལྟ་བུ་དང་། ཚེག་བར་དྲུག་ཅན་གྱི་ལུས་ནི། དམངས་ཁྲོད་ནས་འཆོལ་བསྡུ་བྱས་པའི་བསང་མཆོད་ལས “ཁ་ལས་རླུང་རྟ་དར་དགོ །ཁ་བརྒྱའི་བང་རྟ་དར་དགོ །དགྲ་ལྷའི་བུ་རྟ་དར་དགོ །”ཞེས་དང་། ཡང་ན། 《མཚོ་རྒན་མ་ཁྲི་གཤོག་རྒྱལ་མོ་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་བཅས་གནས་བདག་གི་བསང་མཆོད་བཞུགས་སོ་》ལས། “དུས་གསུམ་ནད་ཀྱི་སྨིན་པ། །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། །རྣལ་འབྱོར་ཀུན་གྱི་དགྲ་ལྷ། །དབུས་ཀྱི་དེ་བ་མགོན་པོ། །ཕྱི་ནང་གཉིས་ཀྱི་ཚོགས་བདག །”⒂ཅེས་པ་ལྟ་བུ་དང་། ཚེག་བར་བདུན་ཅན་གྱི་ལུས་ནི། 《གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་》ལས། “སྐུ་ནི་རི་རྒྱལ་ལྷུན་པོ་འདྲ། །གསུང་ནི་འགགས་མེད་ཆོས་སྒྲ་སྒྲོག །ཐུགས་ནི་གསལ་སྟོང་ཆོས་ཀྱི་སྐུ། །ཡོན་ཏན་རྒྱལ་བ་ཉིད་དང་མཉམ། །”⒃ཞེས་པ་དང་།《མནོལ་བསང་བཞུགས་སོ་》ལས། “མི་གཙང་ཟས་ཤིང་གྱོན་པ་བསང་། །ཐམས་ཅད་མ་ལུས་བསང་གྱུར་ཅིག །སྐུ་གསུང་ཐུགས་དང་འགལ་བགྱིས་བསང་། །དམ་གྲིབ་འཁོན་གྲིབ་བཙོག་གྲིབ་དང་། ། བཤན་ གྲིབ་ ཡུག་ གྲིབ་ བག་ གྲིབ་བསང་། །”⒄ཞེས་པ་ལྟ་བུ་དང་། ཚེག་བར་བརྒྱད་ཅན་གྱི་ལུས་ནི། 《བསང་མཆོད་བཀྲ་ཤིས་འཁྱིལ་བ་》ལས། “རྗེ་ཡི་མགུར་ལྷ་འབངས་ཀྱི་སྲོག་ལྷ་དང་། །སྲིད་པ་ཆགས་པའི་ལྷ་ཆེན་དགུ་ལ་སོགས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སྐྱོང་བྱེད་པའི། །གཞི་བདག་སྲུང་མ་མཐུ་ཆེན་མ་ལུས་བསངས། །”ཞེས་པ་དང་། 《མགར་བཟའ་ཆོས་སྒྲོན་གྱི་དགྲ་ལྷའི་མཆོད་པ་》ལས། “རྨོག་དཀར་མོའི་ནང་ནས་ཞལ་མདངས་རྒྱས། །ལྷ་དཀར་ཕྱོགས་དབུ་འཕང་མཐོ་བར་ཤོག །ཁྲབ་དཀར་མོ་གདེང་བརྒྱད་གསེར་ཤམ་ཅན། །རྒྱབ་གོས་དར་འོད་ཕུང་ཆེམས་སེ་ཆེམས། །ཁྲབ་བྱང་ཕུད་སིལ་སྒྲ་ཉི་ལི་ལི །དཔའ་ཅོང་སེ་ཝེར་མའི་དམག་དཔུང་འཁྲིགས། །”⒅ཞེས་པ་ལྟ་བུ་དང་། ཚེག་བར་དགུ་ཅན་གྱི་ལུས་ནི་《ཁྱད་གཏེར་གྱི་དགྲ་ལྷ་དབང་བསྟོད་གཞན་ཕན་རོལ་བ་》ལས། “ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་དང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །”⒆ཞེས་པ་ལྟ་བུ་སོགས་ཤོ་ལོ་ཀའི་བགོ་སྟངས་ཀྱི་ཆ་ནས་《མེ་ལོང་མ་》ལྟར་ཚིག་རྐང་ཚང་དགོས་པའི་བཀག་རྒྱ་མེད་པར་ཚིག་རྐང་སྣ་ཚོགས་སྤྱད་པས་རང་དབང་ཆེ་བ་དང་། ཚིགས་བཅད་རྐང་པའི་ཆ་ཡ་སྡེབ་སྟངས་ཀྱི་ཆ་ནས་སྙན་གཞུང་ལྟར་ཆ་ཡ་དོ་མཉམ་པར་བསྡེབས་པ་སོགས་ཀྱི་ཁྱད་ཆོས་ལྡན་ལ། གཞན་ད་དུང་ཚེག་བར་བཅུ་ཅན་དང་བཅུ་གཅིག་ཅན་སོགས་མང་པོ་ཞིག་འདུག་མོད། འདིར་རེ་རེ་བཞིན་ཞིབ་ཏུ་འགོད་པའི་ངལ་བ་མ་བྱས་སོ།   
༢  ཚེག་བར་དོ་མི་མཉམ་པའི་བསང་མཆོད་ཚིགས་བཅད་ཀྱི་ལུས།   
           ཚེག་བར་དོ་མི་མཉམ་པའི་ཚིགས་བཅད་ཀྱི་ལུས་ཞེས་པར་སྤྱིར་རྣམ་པ་མང་ཡང་། མདོར་བསྡུས་ན། དེ་ནི་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ཚིག་རྐང་རེ་རེའི་ཚེག་བར་གྲངས་མང་ཉུང་སྣ་ཚོགས་བྱུང་བ་ཞིག་ལ་བྱ། ཚིགས་བཅད་ཀྱི་ལུས་དེ་འདྲ་བ་སྙན་གཞུང་《མེ་ལོང་མ་》བོད་དུ་མ་དར་གོང་གི་དམངས་ཁྲོད་ངག་རྩོམ་ནང་དུ་སྤྱོད་སྲོལ་མཆིས་མོད། སྙན་གཞུང་《མེ་ལོང་མ་》ལས་དེ་རིགས་སྙན་ངག་གི་སྐྱོན་བཅུའི་ཁོངས་སུ་བགྲངས་པས། 《མེ་ལོང་མ་》བོད་དུ་དར་རྗེས་ཀྱི་བརྩམས་ཆོས་ཕལ་མོ་ཆེའི་ནང་སྔར་གྱི་རྩོམ་ལུས་དེ་འདྲ་སྤྱད་པ་ཧ་ཅང་ཉུང་ཉུང་ཡིན། ཡིན་ཡང་རྗེས་ཀྱི་དམངས་ཁྲོད་བསང་མཆོད་ཀྱི་ཚིགས་བཅད་རྩོམ་ལུས་ནང་ད་དུང་ཡང་རྐང་པ་དོ་མི་མཉམ་པ་སྣ་ཚོགས་ཚིགས་བཅད་གཅིག་ཏུ་འཇོག་པའི་སྲོལ་རྒྱུན་འཛིན་བྱས་པ་ཅུང་མང་སྟེ། དཔེར་ན། ཚེག་བར་མང་ཉུང་མི་འདྲ་བ་རིགས་གཉིས་བསྲེས་པ་དཔེར་ན། 《གསོལ་མཆོད་འཕྲིན་ལས་མྱུར་གྲུབ་》ལས། “དགྲ་བྱུང་ན་བྱ་ཐོངས་ཤིག །དུག་འོངས་ན་སྨན་ཐོངས་ཤིག །བྲག་ལམ་མེད་ལ་ལམ་གྱིས་ཤིག །ཆུ་ཟམ་མེད་ལ་ཟམ་ཚུགས་ཤིག །”ཅེས་པ་ལྟ་བུ་དང་། “བྱིང་ན་སློངས་ཤིག །བརྗེད་ན་བསྐུལ་ཅིག །བྲོས་པའི་རི་བོ་གྱིས་ཤིག །གབ་པའི་ནགས་ཚལ་གྱིས་ཤིག །བརྟེན་པའི་མཁར་རྫོང་གྱིས་ཤིག །”⒇ཅེས་པ་ལྟ་བུ་དང་། ཚེག་བར་མང་ཉུང་མི་འདྲ་བ་རིགས་གསུམ་བསྲེས་པ་དཔེར་ན། 《གསོལ་མཆོད་འཕྲིན་ལས་མྱུར་གྲུབ་》ལས། “བཟང་དང་ལ་ཁར་སྤྲོད་ཅིག །ངན་དང་ལུང་ཁུང་ནས་བསྣོལ་ཅིག །མི་ཁ་དང་ཁ་སྨྲས་མ་གཏོང་ཤིག །རྐྱེན་ངན་དང་བར་གཅོད་མ་གཏོང་ཤིག །”(21)ཅེས་པ་དང་།“སྲོག་རྩའི་དཀྱུས་ཀྱི་སྲུང་འཁོར་བྱེད་དགོ །བྲང་ཁའི་དཀྱུས་ཀྱི་མེ་ལོང་བྱེད་དགོ །བོས་ནས་ཉིན་ཁར་ཐོན་དགོ །ཐོན་འདང་གི་དཀྱུས་ཀྱི་མེ་ལོང་བྱེད་དགོ །”ཞེས་པ་ལྟ་བུ་ནང་གསེས་ཀྱི་དབྱེ་བ་མང་དུ་འདུག་པ་དང་། གཞན་ད་དུང་“ཧོ།  སྟོད་མངའ་རིས་སྐོར་གསུམ།  བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་ན་འཁོད་པའི་ཡབ་འོ་དེ་གུང་རྒྱལ་དང་སྲས་ཡར་ཀླུང་ཤམ་པོ་གཙོར་མཛད་པའི་སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ། ལྷ་མོ་བཀྲ་ཤིས་ཚེ་རིང་མཆེད་     ལྔ། བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་རྣམས་ལ་འབུལ་ལོ། བསང་ངོ་། མཆོད་དོ། དགྱེས་བཞིན་བཞེས་པར་གསོལ་ལོ་”(22)ཞེས་པ་ལྟ་བུ་བསང་མཆོད་གྱེར་ཚིག་གི་ལུས་ལ་ཚིག་ལྷུག་གི་རྣམ་པ་ཅན་ཡང་མཐོང་རྒྱུ་འདུག་གོ   
གཉིས། བསང་མཆོད་རྩོམ་རིག་གི་རྒྱན་གྱི་སྐོར།   
           《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ལས། “སྙན་ངག་མཛེས་པར་བྱེད་པ་ཡི །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །”(23)ཅེས་པ་ལྟར་བསང་མཆོད་རྩོམ་རིག་གི་རྒྱན་ཞེས་པའང་སྙན་གཞུང་གི་ལུགས་ལྟར་ཡིན་མོད། བསང་མཆོད་ལ་སྙན་གཞུང་གི་རྒྱན་སྦྱོར་སྟངས་ལྟར་རྒྱན་ཐམས་ཅད་སྦྱར་ན་དམངས་ཁྲོད་ངག་རྩོམ་སྤྱི་དང་། སྒོས་སུ་བསང་མཆོད་རྩོམ་རིག་རང་གི་ཁྱད་ཆོས་མངོན་པར་མཚོན་མི་ནུས་པས། 《མེ་ལོང་མ་》ཡི་ལུགས་དང་མཐུན་པའི་རྒྱན་ཁ་ཤས་ཤིག་དང་། བསང་མཆོད་རང་གི་ཐུན་མིན་གྱི་རྒྱན་འགའ་དཔེར་དྲངས་ནས་འཆད་པར་བྱ།   
༡  སྒྲ་རྒྱན་གྱིས་མཛེས་པར་སྤྲས་པ།  
           དེ་ཡང་《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ལས། “བརྗོད་བྱའི་དོན་ཁྱད་འཕགས་དང་རྗོད་བྱེད་ཀྱི་ཚིག་ཉམས་ཕུན་སུམ་ཚོགས་པ་སྟེ། གཉིས་ཀ་ལ་ཉམས་དང་ལྡན་པའི་སྟེང་ནས་ཡི་གེའི་ཚོགས་པ་བསྐོར་བའི་ཟུང་ལྡན་གྱི་སྦྱོར་བས་ཀློག་པའི་ཚེནའང་། ཉན་པ་པོའི་རྣར་སྙན་པའི་སྒྲ་གདངས་འབྱིན་པས་སྒྲ་རྒྱན་ཞེས་བྱ་བ་”(24)ཞེས་པ་ལྟར། སྒྲ་སྦྱོར་ཚུལ་གྱི་ཉམས་མི་འདྲ་བ་སྣ་ཚོགས་པ་དཔེ་ལ་བརྟེན་ནས་བརྗོད་བྱའི་དོན་གྱི་གཟུགས་བརྙན་གསོན་ཉམས་ལྡན་པ་དང་། མངོན་སུམ་གསོན་རྗེན་དུ་མཚོན་པར་བྱེད་པ་ནི་སྤྱིར་སྙན་ངག་གི་ཁྱད་ཆོས་ཡིན་པས། བསང་མཆོད་ལས་ཐོན་པའི་རྒྱན་ཁ་ཤས་ཀྱང་དེ་ལས་མ་འདས་སོ། དཔེར་ན། 《ཡུལ་ལྷ་རྭ་རྫོང་གི་བསང་མཆོད་བཀྲ་ཤིས་དཔལ་འབར་》ལས། “དགྱེས་བའི་སྤྱན་གཟིགས་ནམ་མཁའི་ཁྱོན་གང་ཞིང་། །དགྱེས་བའི་མཆོད་གཏོར་བསམ་གྱིས་མི་ཁྱབ་པ། །དགྱེས་བའི་ལྷ་བསང་བར་སྣང་གང་བ་འདི། །དགྱེས་བར་བཞེས་ལ་བསམ་དོན་མྱུར་འགྲུབ་མཛོད། །”(25)ཅེས་པ་ལྟ་བུ་རྐང་པ་བཞི་ཀའི་ཐོག་མ་ཆོད་པ་དང་། 《བསང་རྣམ་དག་མ་》ལས། “རྒྱལ་སྲིད་རིན་ཆེན་བདུན་གྱིས་མཆོད། ། བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད། །སྲ་ཞིང་བརྟན་པའི་གོ་ཆས་མཆོད། །རྣོ་ཞིང་ངར་བའི་མཚོན་ཆས་མཆོད། །”(26)ཅེས་པ་ལྟ་བུ་རྐང་པ་བཞི་ཀའི་མཐའ་མ་ཆོད་པ་དང་། 《བསང་མཆོད་བཀྲ་ཤིས་འཁྱིལ་བ་》ལས། “ཕན་དང་བདེ་བའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་འགྲོ་བའི་བདེ་སྐྱིད་ཀུན། །ཀུན་ནས་འཕེལ་ཞིང་རྒྱས་པ་དབྱར་གྱི་ཆུ། །ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པར་མཛོད། །”ལྟ་བུ་མཐའ་ཐོག་སྦྱར་བའི་ཟུང་ལྡན་དང་། ཡང་། “དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། །”ལྟ་བུ་རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པའི་ཟུང་ལྡན་དང་།  ཡང་།“ཡངས་བའི་ས་ཆེན་ཆེན་པོའི་མདུན་ས་ན། །ཆོས་བཞིན་སྐྱོང་མཛད་མཛད་བཟང་དཔའ་བརྟུལ་ཅན། །ས་སྤྱོད་མི་དབང་དབང་ཕྱུག་བརྒྱད་མངའ་བའི། །སྐུ་ཚེ་ཆབ་སྲིད་སྲིད་མཐར་རྒྱས་པར་མཛོད། །”ཅེས་པ་ལྟ་བུ་རྐང་པ་བཞི་ཀའི་བར་ན་ཡོད་པའི་ཟུང་ལྡན་དང་། ཡང་། “རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་བ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །”(27)ཅེས་པ་ལྟ་བུ་ཚིག་རྐང་གཅིག་བཟླས་པ་དང་།“ཤེལ་ཚིག་དེ་ནི་ཁྲ་བོ་བརྒྱ །ཟ་མ་དེ་ནི་འབྲི་མོ་བརྒྱ །ངུར་སྐད་དེ་ནི་ཆེམས་སེ་ཆེམས། །འབུལ་ལོ་ས་བདག་རྣམས་ལ་འབུལ། །བསྔོའོ་ཀླུ་དང་གཉན་ལ་བསྔོ། །ཤེལ་ཚིག་དེ་ནི་བཀྲ་བ་རྣམས། །ཤེལ་ཆུང་དེ་ནི་རི་བཀྲ་བརྒྱ། །འགྱུར་སྐད་དེ་ནི་བངས་སེ་བངས། །འབུལ་ལོ་ས་བདག་རྣམས་ལ་འབུལ། །བསྔོའོ་ཀླུ་དང་གཉན་ལ་བསྔོ། །”(28)ཞེས་པ་ལྟ་བུ་ཚིག་རྐང་གཉིས་བཟླས་པ་སོགས། དེ་ལྟ་བུ་སྙན་གཞུང་གི་སྒྲ་རྒྱན་ལས་བར་ཆོད་པའི་ཟུང་ལྡན་དང་མཐའ་ཐོག་སྦྱར་བའི་ཟུང་ལྡན་ལྟར་བཀོད་པ་མང་ལ་《མེ་ལོང་མ་》ཡི་ལུགས་དང་ཡང་ཡོངས་སུ་མཐུན་པར་སྣང་། གཞན་བསང་མཆོད་ལས་མང་དུ་བྱུང་བའི་ཚིགས་བཅད་རྐང་པ་ལན་མང་བཟླས་པ་དེ་རྣམས་ནི་རྣམ་པའི་ཆ་ནས་སྙན་གཞུང་གི་ཀུན་ཏུ་ཟུང་ལྡན་དང་ཆ་འདྲ་མོད།  དོན་གྱི་ཆ་ནས་དེ་གཉིས་ཕན་ཚུན་སོ་སོར་སྣང་། སྙན་གཞུང་ལས། “ཚིགས་བཅད་རྐང་པ་ལན་གཉིས་སུ། །བཟླས་པ་ཀུན་ཏུ་ཟུང་ལྡན་ནོ། །”ཞེས་གསུངས་པ་ལྟར་“ཚིག་རྐང་གཅིག་ལན་གཉིས་སུ་བཟླས་པས་དོན་མི་འདྲ་བ་གཉིས་སྟོན་རྒྱུ་ཡོད་”(29)ཅེས་ཚིག་རྐང་གཉིས་བཟླས་པའི་རྗོད་བྱེད་ཀྱི་ཚིག་འདྲ་ཡང་བརྗོད་བྱའི་དོན་ཐ་དད་དུ་སྟོན་པ་དང་། བསང་མཆོད་ལས་བྱུང་བའི་ཚིགས་བཅད་བཟླས་པ་ལ་བརྗོད་བྱ་རྗོད་བྱེད་ཀྱི་ཚིག་དང་དོན་གཅིག་ལས་སོ་སོར་གོ་རྒྱུ་མེད་པས་དེ་གཉིས་ལ་ཁྱད་པར་ཡོད། དེ་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས། “བོད་སྐད་ལ་དེ་ལྟར་ཚིགས་བཅད་ཀྱི་ཚིག་རྐང་ལན་གཉིས་སུ་བཟླས་ནས་དོན་སོ་སོ་བ་ཞིག་སྟོན་པ་ནི་ཧ་ཅང་དཀའ་བར་སྣང་བས། དེའི་ཕྱིར་ཚིགས་བཅད་ཀྱི་ཚིག་རྐང་ལན་གཉིས་སུ་བཟླས་པ་འདི་ལ། མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པའི་བཤད་སྲོལ་ལྟར་བྱས་ན་མ་གཏོགས་དེ་ཙམ་དགོས་པ་ཆེ་བ་མི་སྣང་”⑩ཞེས་གསུངས། དེའི་ཐོག་ནས་བསང་མཆོད་ཀྱི་ཚིགས་བཅད་བཟླས་པ་དེ་སྙན་གཞུང་གི་ཀུན་ཏུ་ཟུང་ལྡན་དུ་བྱས་ཀྱང་མི་ཆོག་པ་མེད་ལ། བོད་རང་གི་ཚིག་རྒྱན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གམ་《མེ་ལོང་མ་》ཡི་གཞུང་དང་མི་མཐུན་པའི་དམངས་ཁྲོད་རྩོམ་རིག་སྤྱིའི་དམིགས་བསལ་གྱི་ཚིག་ཉམས་སྦྱོར་སྟངས་ཤིག་ཡིན་པར་བཤད་ཀྱང་མི་འཐད་པ་མེད་པར་སྣང་ངོ་། གཞན་ད་དུང་རྒྱན་ཁ་ཤས་ཤིག་ཀྱང་འདུག་སྟེ། དཔེར་ན། 《གནས་ཆེན་ཁ་བ་དཀར་པོའི་བསང་མཆོད་》ལས། “ཞལ་ནི་ཟླ་བ་རྒྱས་པ་འདྲ། །སྤྱན་ནི་ཉི་ཟླ་ཤར་བ་འདྲ། །སྐུ་ནི་རི་རྒྱལ་ལྷུན་པོ་འདྲ། །གསུང་ནི་འགག་མེད་ཆོས་སྒྲ་སྒྲོག །”(31)ཅེས་པ་ལྟ་བུ་དཔེ་རྒྱན་ལས་ཆོས་དཔེ་ལྟ་བུ་དང་། 《བསང་མཆོད་བཀྲ་ཤིས་འཁྱིལ་བ་》 ལས།  “དག་པའི་མཁའ་དབྱིངས་འཇའ་ཟེར་འཁྲུགས་པའི་ཀློང་། །ཡིད་བཞིན་འོ་མཚོར་འཁྱིལ་དབུས་པད་སྡོང་རྩེར། །ཉི་ཟླའི་གདན་སྟེང་དུས་གསུམ་རྒྱལ་བའི་གཙོ། །པདྨ་འབྱུང་གནས་ཁྲོ་ཆགས་ཞི་བའི་ཉམས། །”(32)ཞེས་པ་ལྟ་བུ་གཟུགས་ཅན་རྒྱན་དང་། ད་དུང་གསལ་བྱེད་ཀྱི་རྒྱན་དང་།བསྐོར་བའི་རྒྱན། བསྡུས་པའི་རྒྱན། ཕུལ་བྱུང་གི་རྒྱན། རབ་རྟོག་གི་རྒྱན་སོགས་སྙན་གཞུང་ལྟར་བྱུང་བ་མང་དུ་ཡོད་ལ།《གེ་སར་རྒྱལ་པོའི་བསང་མཆོད་》ལས། “ན་ཆུང་ཟླ་འོད་གཟི་མདངས་ཅན། །དར་གོས་མུ་ཏིག་རྒྱན་མཛེས་ཅན། །མདའ་དར་མེ་ལོང་ཐོགས་པ་དང་། །ཆིབས་སུ་བྱ་རྒོད་དཀར་མོ་བཅིབས། །”ཞེས་པ་ལྟ་བུ་སྒེག་པའི་ཉམས་དང་། ཡང་དེ་ལས། “སྐྱར་བུ་ཁྲག་འཛག་འཇིགས་པའི་གཟུགས། །དམར་ནག་རྒྱུ་མའི་ཕྲེང་བ་ཅན། །ཁྲག་གི་རལ་བ་ཤ་ར་མ །དུག་གི་ན་བུན་ཐུ་ལུ་ལུ །ཐོག་སེར་གློག་འཁྱུག་གྱི་ལི་ཡི །ལྕགས་ཀྱི་སེན་མོ་དགྲ་ལ་གདངས། །”(33)ཞེས་པ་ལྟ་བུ་འཇིགས་རུང་གི་ཉམས་སོགས་ཉམས་ལྡན་གྱི་རྒྱན་དག་ནི་བསང་མཆོད་རྩོམ་རིག་གི་རྒྱན་གཙོ་བོ་ཞིག་ཡིན་པས། བསང་མཆོད་ཀྱི་མགོ་མཇུག་བར་གསུམ་དུ་མཇེས་པར་སྤྲས་ཡོད་མོད། འདིར་དེ་དག་རེ་རེ་བཞིན་ཞིབ་ཏུ་འགོད་པར་ཚིག་ཉོག་ལ་དོགས་ནས་བཞག་པའོ།
   ༢  བསང་མཆོད་རང་གི་རྒྱན་ཁ་ཤས།   
           དཔེར་ན། 《གེ་སར་རྒྱལ་པོའི་བསང་མཆོད་》ལས།“ལྷ་ཀི་ཀི་བསྭོ་བསྭོ་བསྭོ །ཀི་ཀི་ལྷ་ཡི་འབོད་སྒྲ་ཡིན། །བསྭོ་བསྭོ་ལྷ་ཡི་བསུ་བ་ཡིན། །ཀི་བསྭོ་དཔའ་བོའི་སྡོང་གྲོགས་མཛོད། །”(34)ཅེས་དང་། ཡང་ན། 《ཁྱད་གཏེར་གྱི་དགྲ་ལྷ་དབང་བསྟོད་གཞན་ཕན་རོལ་བ་》ལས། “ཀྱེ་ལན་གསུམ་བརྗོད་པ་ལས། །གོ་མཚོན་རྣམས་ལ་འོད་ཅིག་ཕྱུང་། །བསྭོ་བསྭོ་ལན་གསུམ་བརྗོད་པ་ལས། །ཐམས་ཅད་དཔའ་བོའི་ངར་དང་ལྡན། །ཧ་ཧ་ལན་གསུམ་བརྗོད་པ་ལས། །དགྲ་ཁམས་ཐམས་ཅད་ཆམ་ལ་ཕོབ། །”(35)ཅེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་དང་སྦྱར་བའི་རྒྱན་ལྟ་བུ་དང་། ཡང་། 《གེ་སར་རྒྱལ་པོའི་བསང་མཆོད་》 ལས།  “དགྲ་ལྷའི་ཁྲ་ཚང་འབར་བ་ནས། །སྲིད་པའི་དགྲ་ལྷ་མཆེད་དགུ་ནི། །དཔའ་སྟོན་དམག་དཔོན་དེ་དང་གཅིག །མཐུ་ཆེན་དགྲ་འདུལ་དེ་དང་གཉིས། །སྣང་གྲགས་འབྲུག་འདུལ་དེ་དང་གསུམ། །དྲག་རྩལ་ཐོག་འབེབས་དེ་དང་བཞི །སྐྱེས་པའི་སྲོག་འདོན་དེ་དང་ལྔ། །སྡང་བའི་སྲོག་གཅོད་དེ་དང་དྲུག །སྐྱེས་བུ་རང་ཆས་དེ་དང་བདུན། །བྱ་ཁྲ་དཀར་པོ་དེ་དང་བརྒྱད། །དགྲ་སྨན་གཤོག་དཀར་དེ་དང་དགུ །”(36)ཞེས་པ་ལྟ་བུ་ནི་གྲངས་ལ་སྦྱར་བའི་རྒྱན་དང་། ཡང་《གེ་སར་རྒྱལ་པོའི་བསང་མཆོད་》ལས། “དཔལ་འོད་གཟི་མདངས་ཁྱུགས་སེ་ཁྱུག །འཛུམ་པའི་གད་མོ་ཡ་ལ་ལ། །ཕྱག་མདའ་གཡུ་འོད་ལམ་སེ་ལམ། །དར་དཀར་གུམ་ཕུབ་ཀྱི་ལི་ལི །”ཞེས་དང་། “ཁྲག་མཚོ་རྦ་རླབས་ཀྱི་ལི་ལི། །ཐོག་རྒོད་དྲག་པོ་ཤ་ར་ར །བཙན་དམར་རྟ་རྒྱུག་འུ་རུ་རུ །བདུད་དམག་སོ་སྒྲ་དི་རི་རི། །”(37)ལྟ་བུ་དང་། ཡང་། 《བསང་མཆོད་བཀྲ་ཤིས་འཁྱིལ་བ་》ལས།“སྐུ་མཚན་དཔེ་འཛུམ་འོད་མེ་རེ་རེ། །གསུང་ཚངས་པའི་དབྱངས་སྙན་དི་རི་རི། །ཐུགས་གསལ་སྟོང་འཛིན་མེད་ཧྲིགས་སེ་ཧྲིག །ལྷ་ཞི་ཁྲོའི་འགྱིང་བག་ཤིགས་སེ་ཤིག །ཡབ་དཔའ་བོའི་གར་སྟབས་ཁྲབས་སེ་ཁྲབ། །མ་དཔའ་མོའི་གླུ་ལེན་ཤར་ར་ར། །འགྱིང་ཕོ་ཉའི་བྲོ་བརྡུངས་ཆེམས་སེ་ཆེམ། །མདངས་འཇའ་མཚོན་འོད་ལྔ་ཁྱུགས་སེ་ཁྱུག །”(38)ཅེས་པ་ལྟ་བུ་ནི་སྙན་གཞུང་གི་རྒྱན་ནང་མཐོང་དཀོན་པས། དེ་ནི་བོད་སྔ་མོའི་ངག་རྩོམ་གྱི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་རྒྱུན་འཛིན་བྱས་པ་ཞིག་དང་། དེས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གར་སྟེགས་སྟེང་གནས་བབ་གལ་ཆེན་ཞིག་བཟུང་ཡོད་པ་མཐོང་ཐུབ་བོ།   
མཇུག་བསྡུའི་གཏམ།  
           མི་ལོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་རང་རྒྱལ་གྱི་རྒྱ་མི་རིགས་དང་། ཨེ་ཇིབ་དང་གནའ་བོའི་རྒྱ་གར་སོགས་འཛམ་གླིང་གི་མི་རིགས་མང་པོ་ཞིག་ལ་གླུ་གར་སྙན་ཚིག་དང་བསྟོད་སྨོན། ལྷ་སྒྲུང་སོགས་ཀྱི་རྩོམ་རིག་དར་ཡོད་པ་དེ་བཞིན་དུ་རང་རེའི་བོད་མི་རིགས་ལའང་སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་གྱི་བོན་དར་བའི་དུས་རབས་སུ་གླུ་དང་། སྒྲུང་། ལྡེའུ།  ཆོ་གའི་གྱེར་ཚིག་སོགས་གནའ་རབས་རྩོམ་རིག་གི་རྣམ་པ་དུ་མ་དར་མྱོང་ཞིང་། སྒྱུ་རྩལ་རྩོམ་རིག་གི་རིགས་སུ་གཏོགས་པ་དེ་དག་དར་ནས་ད་བར་མི་ལོ་སྟོང་ཕྲག་དུ་མ་སོང་ཡོད་པ་བོན་གྱི་རིག་གནས་ལོ་རྒྱུས་དག་ལས་ཤེས་ཐུབ། ལྷག་པར་དུ་གནའ་བོའི་བསང་མཆོད་ཆོ་གའི་གྱེར་ཚིག་གི་ནང་དོན་དང་རྣམ་པ་གཉིས་ཀས་ཕྱིས་བྱུང་བོད་ཀྱི་རྩོམ་རིག་ལ་ཤན་ཤུགས་ཟབ་མོ་ཐེབས་ཡོད་པ་ནི་《ཏུན་ཧོང་གཏེར་ཡིག་》ཁྲོད་ཀྱི་བོད་རྒྱལ་གཉའ་ཁྲི་བཙན་པོ་དང་། གྲི་གུམ་བཙན་པོ་སོགས་ཀྱི་བྱུང་བ་བརྗོད་པ་དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་《མི་ལ་རས་པའི་རྣམ་མགུར་》སོགས་ལས་ཤེས་ཐུབ་པ་ཡིན། བསང་མཆོད་ཆོ་གའི་གྱེར་ཚིག་རྣམས་ལས་“སྔོན་གྱི་ཆོ་རབས་བཤད་པའི་”སྐོར་ནི་བོད་ཀྱི་དོན་བརྗོད་སྙན་ངག་གི་ཐོག་མའི་རྣམ་པ་དང་། བོད་ཀྱི་ལྷ་སྒྲུང་གི་བརྗོད་བྱའི་འབྱུང་ཁུངས་གལ་ཆེ་ཞིག་ཡིན་པ་དེ་ལ་《གཏམ་རྒྱུད་གསེར་གྱི་ཐང་མ་》ལས། “བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་སྟེ་”(39)ཞེས་གསུངས་པ་ལྟར།   དེ་ནི་ལེགས་སྦྱར་རྩོམ་རིག་གི་ཤན་མ་ཞུགས་པའི་བོད་རང་གི་ས་ནས་དར་བའི་གནའ་རྩོམ་དངོས་ཡིན་ཞིང་། གནའ་བོའི་བོད་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ཤེས་རྟོགས་བྱས་པ་དང་། རང་བྱུང་ཁམས་ལ་བསྟུན་པ་དང་བསྒྱུར་བཀོད་བྱས་པའི་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་གྱི་ཁྲོད་ནས་ཐུན་མོང་གིས་གསར་རྩོམ་བྱས་པའི་འབྲས་བུ་ཞིག་ཡིན་པས་ན། དེ་ནི་བོད་ཀྱི་གནའ་བོའི་ཤེས་རིག་ལ་དཔྱད་པ་གཏོང་སྐབས་ཤིན་ཏུ་ནས་མཁོ་བའི་རིན་ཐང་ལྡན་པའི་དཔྱད་གཞི་ཡིན་ནོ། །
ལུང་འདྲེན་དཔྱད་ཡིག
           ①མཁས་དབང་དོན་གྲུབ་རྒྱལ་གྱི་《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་》ཤོག་ངོས་༥ནས་༧བར་གསལ། ༡༩༨༥ལོ།  མི་རིགས་དཔར་སྐྲུན་ཁང་།
           ②③④⑦⑧⑨⑾⑿⒁⒂⒄⒆⒇(21)(22)(25)(26)(27)(28)(32)(35)《བསང་མཆོད་ཕྱོགས་བསྒྲིགས་》བསོད་ནམས་འབུམ་གྱིས་ཕྱོགས་བསྒྲིགས་བྱས།  ཤོག་ངོས་༡༥༧དང་༡༥༥དང་༧༠、༡༤、༡༩、༣༣、༡༦、༡༢༥、༢༤༩、༢༤༤、༣༥、༡༠༦、༡༧༣、༡༨༤、༢༢༩、༢༤༣、༢༣༡、༦༢、༡༢༤、༡༡༢ལ་གསལ། མི་རིགས་དཔེ་སྐྲུན་ཁང་།
           ⑤⑥དམངས་ཁྲོད་རྩོམ་པ་པོ་སངས་རྒྱས་སྐྱབས་ཀྱིས་བསྡུས་པའི་《བསང་མཆོད་ཕྱོགས་བསྡུས་》༢༠༠༧ལོའི་ཟླ་དང་པོར་ཀན་ལྷོ་ནས། 
           ⑩⒀《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》༢༠༠༢ལོའི་དུས་དེབ་གཉིས་པའི་ཤོག་ངོས་༡༩ལ་གསལ།
           (16)(31)《གནས་མཆོག་ཁ་བ་དཀར་པོའི་བསང་མཆོད་དང་གནས་ཡིག་》༢༠༠༦ལོའི་ཟླ་༡༠པར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་གྲངས་༢、༢ལ་གསལ།
           (18)(33)(34)(36)(37)《གླིང་གེ་སར་སྒྲུང་གི་ཚིག་རྒྱན་ནོར་བུའི་བང་མཛོད་》༡༩༩༦ལོའི་ཟླ་༤པ། ཤོག་ངོས་༣༥、༡༧、༣༡༥、༢༡༦、༣༡༨ལ་གསལ། མི་རིགས་དཔེ་སྐྲུན་ཁང་།
           (23)(24)ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་》ཤོག་ངོས་༡༨༩དང་༥༣༧ལ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
           (29)(30)དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》ཤོག་ངོས་༤༨༩ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
           (38)《བསང་མཆོད་བཀྲ་ཤིས་འཁྱིལ་བ་》༡༩༩༣ལོའི་ཟླ༩པ། ཤོག་ངོས་༥ལ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
           (39)《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》པོད་དང་པོ། ༡༩༩༤ལོའི་ཤོག་ངོས་༨༨ལ་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1