༄༅།། སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་དེའི་ཐ་སྙད་འགའི་འགྲེལ་ཚུལ་ལ་དཔྱད་པ།

ཁྱུང་པོ་བསོད་ནམས་སྟོབས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 04-12


ཁྱུང་པོ་བསོད་ནམས་སྟོབས་རྒྱལ།
          [ནང་དོན་གནད་བསྡུས།] ཏུན་ཧོང་ནས་ཐོན་པའིP. T. 1287དུ་བཙན་པོའི་ལོ་རྒྱུས་ཀྱི་བྱུང་བ་དང་ལོ་རྒྱུས་དེ་དང་འབྲེལ་བའི་མགུར་གྱི་ཚན་པ་འགའ་ཡོད་ལ། མགུར་དེ་དག་གིས་བཙན་པོའི་ལོ་རྒྱུས་ཀྱི་ནང་དོན་གཏིང་ཇེ་ཟབ་དང་ཁ་ཇེ་གསལ་དུ་གཏོང་བར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། དཔྱད་རྩོམ་འདིར་སྤུ་དེ་གུང་རྒྱལ་གྱིས་བླངས་པར་གྲགས་པའི་མགུར་དེ་གཞིར་བཟུང་སྟེ། མགུར་དེའི་ཚིག་གི་གཅོད་མཚམས་རང་ཐ་སྙད་རེ་རེའི་འགྲེལ་ཚུལ། དོན་ཇི་ལྟར་སྟོན་ཚུལ། མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་རྣམ་དཔྱོད་པ་སྔོན་མའི་དཔྱད་འབྲས་ཀྱི་རྨང་གཞིའི་ཐོག་ཏུ་རང་གི་ལྟ་ཚུལ་གླེང་ཡོད།
          [བརྡ་ཆད་གཙོ་བོ།] གྲི་གུམ་བཙན་པོ། མགུར། ཚིག་གི་གཅོད་མཚམས།  དོན་གྱི་འགྲེལ་པ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2014)01 -018 -12  
          སྤུ་དེ་གུང་རྒྱལ་གྱིས་བླངས་པར་གྲགས་པའི་“འ་བ་ཉི་ཉེ་བ་ཉིད་”ཅེས་པའི་མགུར་ནི་ཏུན་ཧོང་གཏེར་ཡིག་ལས་ཐོན་པའི་བཙན་པོའི་བྱུང་རབས་ལས། གྲི་གུམ་བཙན་པོའི་ལོ་རྒྱུས་བཤད་སྐབས་སུ་འཁོད་ཅིང་། སྤུ་དེ་གུང་རྒྱལ་གྱིས་ཡབ་གྲི་གུམ་བཙན་པོའི་དགྲ་ཤ་བླངས་ཏེ་ལོ་ངམ་གྱི་འཁོར་འབངས་དང་བཅས་པ་ཆབ་སྲིད་ཀྱི་མངའ་འོག་ཏུ་བཅུག་པ་དང་། མཁར་མྱང་རོ་ཤམ་པོ་ཕབ་སྟེ། འགྲེང་མགོ་ནག་བཙོན་དུ་བཅུག   དུད་རྔོག་ཆགས་ལྷས་སུ་བཀུག་ནས་ཕོ་བྲང་ཕྱིང་བ་སྟག་རྩེ་རུ་ཕྱིར་ལོག་པའི་ལམ་བར་བ་ཆོས་གུང་དང་སྟེ། དེང་གི་ཡུལ་གུང་ཐང་དུ་གཤེགས་སྐབས་མགུར་འདི་བླངས་པ་ཡིན་འདུག   
          “འ་བ་ཉི་ཉེ་བ་ཉིད་”ཅེས་པའི་མགུར་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་རུ་འཁོད་པའི་མགུར་ཐོག་མ་དེ་ཡིན་པར་བརྩི་ཆོག་ལ། བོད་ཀྱི་མགུར་བྱུང་བའི་ལོ་རྒྱུས་དེ་མགུར་ཚིག་དེ་ལས་འགོ་ཚུགས་པ་ཡིན་ཞེས་བཤད་ནའང་མི་ཆོག་རྒྱུ་གང་ཡང་མེད།  མགུར་དེར་ཡིག་འབྲུ་སོ་བཞི་མ་གཏོགས་མེད་ཀྱང་། དེས་རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་ཚེ་ཧྲིལ་པོའི་མཛད་པ་འཕྲིན་ལས་དང་སྤུ་དེ་གུང་རྒྱལ་གྱི་སྐུ་ཚེའི་སྟོད་དུ་ལོ་ངམ་ནས་དགྲ་ཤ་བླངས་པའི་ལོ་རྒྱུས་མཚོན་ནུས་པ་མ་ཟད། དུས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་རིག་གནས་ཀྱི་རྣམ་པའང་ཐར་ཐོར་མཚོན་ནུས། དེའི་ཕྱིར།  གནད་བསྡུས་ཤིང་ཁྱབ་རྒྱ་ཆེ་བའི་མགུར་དེའི་དོན་གོ་བར་སྔོན་དུ་གྲི་གུམ་བཙན་པོ་དང་འབྲེལ་བའི་སྤྱི་ཚོགས་དེ་དང་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེའོ།     
          དང་པོ། རྒྱལ་པོ་གྲི་གུམ་བཙན་པོའི་འཁྲུངས་རབས་སྐོར་རོབ་ཙམ་གླེང་བ།   
          དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལས་གྲི་གུམ་བཙན་པོའི་མཚན་ཇི་ལྟར་ཐོགས་ཚུལ་དང་། ལོ་ངམ་རྟ་རྫི་དང་འཐབ་པའི་བརྒྱུད་རིམ། ཐབས་ཇི་ལྟར་སྤྱད་ནས་བཀྲོངས་ཚུལ། རྟིང་མར་བློན་པོ་རུ་ལས་སྐྱེས་ཀྱི་ཐབས་ཇུས་ལ་བརྟེན་ནས་ལོ་ངམ་ཕམ་པར་བྱས་ནས་མཁར་མྱང་རོ་ཤམ་པོ་ཕབ་པ་དང་། བཙན་པོའི་སྤུར་གདན་དྲངས་ནས་བང་སོ་བཞེངས་ཚུལ། སྲས་ཤ་ཁྲི་བོད་བཙན་པོའི་ཁྲི་ལ་བཀོད་པ་སོགས་ཅུང་ཆ་ཚང་བའི་ལོ་རྒྱུས་ཡིག་ཚང་ཞིག་ཕྱི་རབས་པའི་མིག་གི་དགའ་སྟོན་དུ་བཤམས་པ་དེས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་རྣལ་མ་ཞིག་དང་སྤྱི་ཚོགས་དེ་དང་འབྲེལ་བའི་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱ་རྒྱུར་རམ་འདེགས་བྱེད་ཐུབ།  
          དེ་ཡང་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “ཕྱི་ལོར་ཐེལ་མོའི་རྒྱལ་པོའི་སྲས་སུ་འཁྲུངས་པ་ནི་སྐྲ་རྩ་དམར།  མིག་ཟླུམ་པ། ལག་མཐིལ་ན་སྨེ་བ་ནག་པོ་ཡོད་པ།  ཁ་ནས་གསོད་གཅོད་ཅེས་སྨྲ་བ། སྡིག་ལ་མོས་ཤིང་མཚོན་ཆ་ལ་དད་པ་”①ཞེས་བྲག་ཞིག་ལ་བདུད་མོ་ཞིག་གནས་པ་དེས་སྲིབས་ཁྲི་བཙན་པོའི་སྲས་འཁྲུངས་ཚད་བཟས་པས། རྒྱལ་པོའི་བཀའ་བཞིན་སྤེའི་བོན་པོས་བདུད་མོ་འདུལ་སྐབས་སྐད་ངན་ཕྱུང་སྟེ། རང་གི་བུ་འདི་རྒྱལ་པོའི་སྲས་སུ་ཕུལ་བ་ལས་འོས་མེད་ཅེས་ཞུས་པ་བཞིན་གྲི་གུམ་བཙན་པོ་ནི་བདུད་མོའི་སྲས་ཀྱི་“ཡང་སྲིད་”དུ་འདོད། ཡ་མཚན་པའི་གཏམ་རྒྱུད་དེར་ལོ་རྒྱུས་དངོས་ཀྱི་བདེན་དཔང་ཞིག་ཡོད་པ་བརྗོད་དཀའ་ཡང་།  གཏམ་རྒྱུད་དེ་ནི་གྲི་གུམ་བཙན་པོར་བློ་ལོག་པའི་སྐུ་གཤེན་དང་བོད་བཙན་པོའི་རྒྱལ་རབས་ལ་ཕྲག་དོག་བྱེད་མཁན་གྱི་རྒྱལ་ཕྲན་དག་གིས་གྲི་གུམ་བཙན་པོར་དམིགས་སུ་གཏད་ནས་ངན་འཚང་འདོན་ཆེད་དུ་བཟོས་པའི་སྒྲུང་གཏམ་ཞིག་ཡིན་པ་ནི།  བོད་ཀྱི་ལོ་རྒྱུས་ཐོག་འུ་དུམ་བཙན་པོའི་དབུ་ལ་རྭ་ཅོ་ཡོད་ཚུལ་དང་དེའི་སྐྱེ་བ་སྔོན་མ་གླང་གི་ལུས་རྟེན་ཡིན་ཚུལ། སྲོང་བཙན་གྱི་དབུ་ལ་འོད་དཔག་མེད་ཀྱི་སྐུ་འཁྲུངས་ཚུལ། དེ་ཡང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་བརྗོད་པ་ལྟར་ལགས། དེ་ལྟ་བུ་ཆོས་ལུགས་པས་སེམས་ཀྱི་དགའ་སྡང་ལས་སྒྲོ་འདོགས་དང་སྐུར་འདེབས་བྱེད་རྒྱུར་དགའ་བ་ནི་བོད་ཀྱི་གནའ་ནས་ད་ལྟའི་བར་དུ་མཁྲེགས་སུ་འཇིན་པའི་ལུགས་སྲོལ་ལྟ་བུ་ཡིན། དེ་བཞིན་གྲི་གུམ་བཙན་པོ་བདུད་མོའི་བུའི་སྐྱེ་བ་ཡིན་པ་དང་། དེ་འཁྲུངས་སྐབས་ལྟས་ངན་པའི་རྟགས་དུ་མ་མངའ་བ་སོགས་འཇིག་རྟེན་པའི་སྣང་ཡུལ་དུ་ཤོང་དཀའ་བའི་གཏམ་རྒྱུད་བྱུང་བ་ནི་གྲི་གུམ་བཙན་པོས་བོན་ཆོས་བསྣུབས་པས་ཕྱི་རབས་བོན་གྱི་རྗེས་འཇུག་པ་དག་སེམས་གནག་སྟེ་འཕྱ་སྨོད་ཀྱི་ཚུལ་དུ་བཟོས་པའི་རྐྱེན་ལས་ཡིན་ལ། དེ་ལས་སྐབས་དེའི་རྒྱལ་བློན་དབར་དང་ཆོས་ལུགས་དབར་གྱི་འགལ་བ་ཛ་དྲག་ཆེ་ཚུལ་རྟོགས་ཐུབ།   
          གྲི་གུམ་བཙན་པོ་ནི་བསམ་བློ་དང་སྙིང་སྟོབས་གང་གི་ཆ་ནའང་། རིགས་སྟོབས་ཆེ་ཞིང་མཁྱེན་རྒྱ་ཡངས་པའི་བཙན་པོ་ཞིག་ཡིན་པ་དང་། ཁོང་ནི་བོད་ཡུལ་ལ་གནའ་བོ་ནས་དར་ཞིང་རྐང་གཞི་ཚུགས་པའི་བོན་ཆོས་དང་དེའི་རྗེས་འཇུག་པ་རྣམས་ལ་སྐྱོན་འཛུགས་མཁན་གྱི་བཙན་པོ་ཐོག་མ་དེ་ཡིན་པ་མ་ཟད།  རང་གི་སྟོབས་ཤུགས་དང་ཧྲག་དམག་ལ་བརྟེན་ནས་མཐའ་མཚམས་ཀྱི་རྒྱལ་ཕྲན་འབངས་སུ་འགུག་མཁན་དེ་ཡང་ཡིན།  གྲི་གུམ་བཙན་པོའི་སྐབས་སུ་བོད་ཀྱི་སྤྱི་ཚོགས་ཡོངས་ལ་སྔར་ན་མེད་པའི་བསྒྱུར་བཅོས་བྱས་ཡོད་ལ། ཕྱི་རོལ་གྱི་རིག་གནས་ནང་འདྲེན་བྱས་པས་བཟོ་དང་ལག་ཤེས་སོགས་ཆེས་ཆེར་དར་ཡོད། འོན་ཀྱང་གྲི་གུམ་བཙན་པོ་ཉིད་རང་གི་མདུན་ལམ་དང་རང་གི་ཆོས་ལུགས་ཁོ་ན་དོན་གཉེར་བྱེད་མཁན་གྱི་བོན་གཤེན་དང་རྒྱལ་ཕྲན་འགའི་དགྲ་ཟླར་འགྱུར་བར་བརྟེན། མཐའ་མར་གདུག་རྩུབ་ཅན་གྱིས་བཙན་པོའི་སྐུ་སྲོག་བཀྲོངས་སོ།   
          གཉིས་པ། གྲི་གུམ་བཙན་པོ་བཀྲོངས་པའི་རྒྱུ་རྐྱེན་སྐོར།   
          བོན་གྱི་ལོ་རྒྱུས་རྙིང་པ་དག་ཏུ་བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་ཡན་དུ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ།  སྐད་རིགས་བསྒྱུར་བའི་ལོ་པཎ་རེ།   བྱས་ཐབས་གསུང་རབ་རེ་རེ་བཞག་ཅེས་བྱུང་བ་ལྟར་རྒྱལ་པོ་ཉིད་དང་འབྲེལ་བ་བླ་ལྷག་ཆེ་བའི་བློ་ཇུས་འདོན་མཁན་འགའ་ཡོད་པ་དང་། དེ་དག་ལས་སྐུ་གཤེན་ནི་རྒྱལ་པོའི་ཚེ་དང་དབང་ཐང་། ལས་དང་བསོད་ནམས་ཀྱི་ཁ་ལོ་སྒྱུར་མཁན་ཡིན་ཕྱིར་དབང་དང་ཁ་སྟབས་ཆེན་པོ་ཡོད།   
          དེ་ལྟར་སྐུ་གཤེན་ནི་ཐད་ཀར་རྒྱལ་པོའི་སྐུ་ཚེ་སྲུང་མཁན་ལྟ་བུ་ཞིག་ཡིན་པས་རྒྱལ་པོའི་ཕོ་བྲང་ནང་དུ་གོ་གནས་མཐོ་བ་དང་། རྒྱལ་པོ་རེ་ལ་ངེས་པར་སྐར་བཅོས་བྱེད་མཁན་གྱི་སྐུ་གཤེན་རེ་ཡོད་དེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དུ་བོད་བཙན་པོའི་རུས་ཁུངས་བརྗོད་སྐབས། “བློན་པོ་ལྷོ་དང་རྔེགས། ཆེན་པོ་མཚེ་གཅོ།  ཕྱག་ཚང་ཤ་སྤུག །”②ཅེས་བྱུང་བའི་ཆེན་པོ་མཚེ་གཅོ་གཉིས་ནི་གཉའ་ཁྲི་བཙན་པོའི་སྐུ་གཤེན་ནམ་སྐུ་བོན་ཡིན་ཏེ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》 ལས།  “རྒྱལ་པོ་དེས་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས། སྐུ་སྲུང་གི་གཤེན་ནི་མཚེ་མི་དམུ་རྒྱལ་དང་གཅོའུ་ཕྱག་དཀར་གཉིས་སོ་”③ཞེས་པས་རྟོགས་ཐུབ་པ་མ་ཟད། བཙན་པོ་རིམ་བྱོན་གྱི་སྐུ་གཤེན་གྱི་མིང་དང་བཅས་པ་གསལ་པོར་བྲིས་ཡོད་ལ། ལྷག་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་གཤེན་སྤེ་ནེ་གུ་དང་སྙེ་ཤོད་ཀྲམ་ཞེས་བྱུང་བར་གཞིགས་ན། གཉའ་ཁྲི་ནས་ཁྲི་སྲོང་ལྡེ་བཙན་བར་དུ་བཙན་པོ་རིམ་བྱོན་ལ་སྐུ་སྲུང་གི་སྐུ་གཤེན་རེ་ཡོད་པ་རྟོགས་ཐུབ། དེ་བཞིན་གཤེན་པོས་ཚིག་གསུམ་མ་གསུངས་གོང་དུ་རྒྱལ་པོས་བཀའ་དང་བློན་པོས་གྲོས་བྱེད་པའི་དབང་ཆ་མེད་པ་དང་། གཤེན་པོས་གླུ་ཐེངས་གསུམ་མ་བླངས་བའི་གོང་དུ་རྒྱལ་བློན་གྱིས་གླུ་བྲོ་ལ་རོལ་མི་ཆོག་ལུགས་ལོ་རྒྱུས་རྙིང་པ་དག་ལས་མཐོང་ཐུབ། དེ་ལྟར་རྒྱལ་བློན་དག་གི་གོང་རོལ་ན་སྐུ་གཤེན་གྱི་བཙན་ཤེད་དང་། ཁ་སྟབས་ཇེ་ཆེར་སོང་བས་གྲི་གུམ་བཙན་པོས་སྐུ་ཚེའི་སྟོད་དུ་བཙན་པོ་སྔོན་མ་དག་གི་ལུགས་བཞིན་བོན་ལ་དད་ཅིང་གསས་ཁང་ས་ལེ་བྱེའུ་ཚང་བཞེངས་པ་དང་། སྐུ་སྲུང་སྐུ་གཤེན་གཅོའུ་ཆོམས་དཀར་ལ་བརྟེན་ནས་བཙན་པོའི་རྒྱལ་རབས་ཀྱི་མཛད་འཕྲིན་བསྐྱངས་ཡོད། རུས་གཅོའུ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐུ་རིང་ནས་བརྒྱུད་པའི་སྐུ་གཤེན་ཞིག་ཡིན་ལ། གནམ་གྱི་ཁྲི་བདུན་གྱི་རིང་ལ་སྐུ་གཤེན་གྱི་བདག་ཐོབ་ཆེན་མོ་དེ་རུས་གཅོའུ་དང་མཚེ་གཉིས་ཀྱིས་བཟུང་ཞིང་། དེ་ལས་ཀྱང་གཙོ་བོར་གཅོའུས་བདག་ཏུ་བཟུང་བར་མངོན་པ་ནི་དཔེར་ན། གཅོའུ་ཕྱག་དཀར། གཅོའུ་ལན་ཚ།  གཅོའུ་འོད་དཀར།  གཅོའུ་ཞལ་དཀར་སོགས་ནི་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོའི་སྐུ་རིང་དུ་འདོན་ཆོ་ག་དང་རིམ་གྲོ་ཕྱག་ལེན་གཉེར་མཁན་ཡིན་པ་མ་ཟད། བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ཀྱི་ལས་དབང་ལ་དབང་ཆེན་པོ་ཡོད་པ་ལྟ་བུའོ།   
          ལོ་རྒྱུས་ཡིག་ཆ་མང་པོའི་ནང་དུ་གྲི་གུམ་བཙན་པོ་བཀྲོངས་དོན་ནི་བོན་བསྟན་བསྣུབས་པས་ལན་ཞེས་ཐོག་མའི་མཚན་འདོགས་ཚུལ་ནས་མཐའ་མ་སྐུ་གྲོངས་པའི་བར་དུ་བདེན་པ་དོན་གྱིས་ར་སྤྲོད་དཀའ་བའི་གཏམ་རྒྱུད་རབ་དང་རིམ་པ་ཞིག་ཕྱི་རབས་པའི་མིག་མདུན་དུ་བཤམས་ཡོད་ཀྱང་། འུ་ཅག་གིས་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་ནང་འཁོད་པའི་གྲི་གུམ་བཙན་པོའི་ལོ་རྒྱུས་དག་ལ་དལ་གྱིས་དཔྱད་ཅིང་ཞིབ་ཀྱིས་འཇུག་སྐབས། གྲི་གུམ་བཙན་པོ་ནི་བོན་བསྟན་ལ་ཞེ་ནས་མི་དགའ་བར་བོན་བསྟན་དྲུངས་ནས་སྣུབ་མཁན་ཞིག་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རྙེད་པར་དཀའ་ཞིང་། ཁྱད་པར་《ལེགས་བཤད་རིན་ཆེན་གཏེར་མཛོད་》སོགས་བོན་གྱི་ཡིག་ཆ་དག་ནང་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པའི་སྒྲུབ་བྱེད་ཅིག་རྙེད་དུ་མེད། དེ་ལས་ལྡོག་སྟེ་གྲི་གུམ་བཙན་པོའང་སྔོན་གྱི་བཙན་པོ་རིམ་བྱོན་བཞིན་བོན་ཆོས་སྤེལ་ཞིང་བོན་ལ་དད་གུས་ཅན་གྱི་བཙན་པོ་ཞིག་ཡིན་པ་ནི་སྒྲུབ་བྱེད་དུ་མའི་སྒོ་ནས་ར་སྤྲོད་བྱ་ཐུབ་སྟེ། ལོ་རྒྱུས་སྨྲ་བའི་དབང་པོ་དཔའ་བོ་གཙུག་ལག་ཕྲེང་བས། “དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ལྦ་ཏ་ཞེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ །ཤིང་ལ་འབྲེང་འདྲ་རྡོ་ལ་ལྷུ་གཟུག་འདྲལ། །རྟག་དུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །”④ཅེས་རྫུ་འཕྲུལ་དང་མངོན་ཤེས་བླ་ན་མཐོ་བའི་མུ་སྟེགས་བོན་པོ་འ་ཞ་ཞེས་པ་སྤྱི་བོར་བཀུར་ཞིང་མཆོད་པ་བྱེད་ཚུལ་གསུངས་པ་དང་།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “དེའི་ཚེ་སྟོད་ལ་སྐུ་གཤེན་གཅོའུ་ཆོམས་དཀར།   གསས་མཁར་ས་ལེ་བྱེའུ་ཚང་བཞེངས་”⑤ཞེས་གྲི་གུམ་བཙན་པོས་སྔོན་གྱི་ལུགས་བཞིན་བོན་གཤེན་མཆོད་ཅིང་། རང་ཉིད་ཀྱི་ལས་ཀྱི་དར་རྒུད་དང་མཛད་འཕྲིན་གྱི་ལས་རླུང་སོགས་གཅོའུ་ཆོམས་དཀར་ལ་བཅོལ་བ་མ་ཟད། གཡུང་དྲུང་བོན་གྱི་གསས་ཁང་ས་ལེ་བྱེའུ་ཚང་བཞེངས་པ་སོགས་ལས་གྲི་གུམ་བཙན་པོ་ནི་བོན་བསྟན་ལ་སྡང་མཁན་ཞིག་མིན་པ་རྟོགས་ཐུབ།   
          རང་གི་ཆབ་སྲིད་དང་རྒྱལ་རབས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་འཕྲད་པའི་གེགས་དང་བར་ཆད་ཀྱི་ཆ་རྣམས་སེལ་བར་བྱེད་པ་ནི་ཆབ་སྲིད་པ་ཞིག་ལ་མཚོན་ན་གལ་པོ་ཆེའི་དོན་ཞིག་ལགས་ཤིང་། གློ་བ་རིངས་མཁན་དག་ལ་མཐའ་གཅིག་ཏུ་རྒོལ་བར་བརྩོན་པ་ནི་ཆབ་སྲིད་པ་ཞིག་གི་འགན་འཁྲི་ཡིན་པ་རེད། གྲི་གུམ་བཙན་པོ་སྐྱེ་མ་ཐག་ནས་ལུས་ལ་གྲི་རྟགས་བཅུ་གསུམ་ཡོད་པ་དང་། དཔྲལ་བར་ཁྲག་གི་སྨེ་བ་ཡོད་པ་སོགས་ལས་ཁོང་ནི་མི་བུ་སྤྱིར་བཏང་བ་ཞིག་མིན་པར་གསལ་ཞིང་། གྲི་གུམ་བཙན་པོ་ནས་བཟུང་དུར་སྲོལ་དང་ཆོས་ལུགས། བཟོ་ལས་ལག་རྩལ། རྒྱལ་རབས་དར་སྤེལ། ཆབ་སྲིད་སྒྲིག་གཞི་སོགས་གང་ནས་བལྟས་ཀྱང་བོད་ཀྱི་ལོ་རྒྱུས་དེ་དཀྱོག་མཚམས་ཆེན་མོ་ཞིག་ཏུ་སླེབས་པར་མངོན་པས། དཀྱོག་མཚམས་དེ་ནི་གྲི་གུམ་བཙན་པོའི་མཐར་ཐུག་གི་བསམ་བློའི་དགོངས་སྙིང་ཡིན་པ་རེད། དོན་དངོས་ཐོག་བོད་ཀྱི་ལོ་རྒྱུས་དེ་གྲི་གུམ་བཙན་པོའི་རིང་ནས་བཟུང་ད་གཟོད་ལྷ་སྒྲུང་ནས་མིའི་གཏམ་རྒྱུད་དང་ལྷ་རབས་ནས་རྒྱལ་རབས་ཀྱི་བྱུང་བ་བརྗོད་པའི་ཕྱོགས་སུ་འཕེལ་རྒྱས་སོང་བ་ཞིག་ཡིན་པས། བཙན་པོ་དེས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེས་ན་གྲི་གུམ་བཙན་པོས་“ཡུལ་འདིར་ང་ཡི་རྒྱལ་སྲིད་དང་།  ཁྱོད་ཀྱི་བོན་གཉིས་མི་ཤོང་”ཟེར་བའི་“ཁྱོད་ཀྱི་བོན་”ཞེས་པ་དེ་བོན་གྱི་ཆོས་ལུགས་པ་སྤྱི་ལ་གོ་ན་མི་འགྲིག་སྟེ། དེ་ནི་བཙན་པོ་རང་ཉིད་ཀྱིས་བརྟེན་པའི་བོན་གཤེན་ཕུད་པའི་སྐབས་དེའི་བཙན་པོའི་ཆབ་སྲིད་ལ་ཐེ་གཏོགས་བྱས་དང་བྱེད་བཞིན་པའི་བོན་པོ་གཞན་རྣམས་ལ་གོ་བ་ཡིན། བཙན་པོས་བོན་བསྟན་དར་ཆེ་ན་བོན་གྱི་བདག་པོ་སྐུ་གཤེན་དག་གི་ཁ་སྟབས་ཆེར་སོང་ནས་མཐར་བོད་བཙན་པོའི་རྒྱལ་རབས་ཀྱི་ཁ་ལོ་བསྒྱུར་བར་དོགས་ནས་བོད་བཙན་པོའི་ཆབ་སྲིད་ཀྱི་སྐལ་བ་ཡུན་དུ་བརྟན་ཕྱིར།  ད་གཟོད་ཡུལ་ཕྱོགས་འགའི་བོན་བསྟན་བསྣུབས་པ་དང་བོན་གཤེན་འགའ་ཞིག་ཕྱོགས་མཐར་སྤྱུགས་པར་མཛད་པ་ལས་བོན་བསྟན་ཡོངས་རྫོགས་མེད་པར་བཟོས་གནང་མེད་དོ།   
          འོ་ན། གྲི་གུམ་བཙན་པོ་བཀྲོངས་པའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ་ཞེ་ན། གོང་དུ་ཞུས་པ་བཞིན་གྲི་གུམ་བཙན་པོ་ནི་བཅོས་བསྒྱུར་པ་ཞིག་ཡིན་ཕྱིར།  དུས་ཡུན་རིང་པོའི་ལོ་རྒྱུས་ཁྲོད་དུ་གནས་པའི་རིག་གནས་རྙིང་པ་དང་། ལྟ་བ་རྙིང་པ་དག་འཛིན་མཁན་རྣམས་ཁོང་ལ་མི་དགའ་བར་གྱུར་ཞིང་། ལྷག་པར་དུ་བཅོས་བསྒྱུར་གྱི་བརྒྱུད་རིམ་ཆེན་མོའི་ཁྲོད་བོན་པོ་དང་བོན་གཤེན་ཁག་གཅིག་མི་དགའ་བར་གྱུར་ནས།  གྲི་གུམ་བཙན་པོ་ལ་གློ་ལོག་ནས་ཚུར་རྒོལ་གྱི་སྟ་གོན་བྱས་ཡོད། འོན་ཀྱང་བཙན་པོས་སྔར་བཞིན་མིག་རྒྱང་རིང་དུ་བསྲིངས་ནས་བཅོས་བསྒྱུར་གྱི་མཛད་པ་མཚམས་འཇོག་གནང་མེད། ལོ་རྒྱུས་དེབ་ཐེར་མང་པོ་ཞིག་ཏུ་ལོ་ངམ་རྟ་རྫིས་བཙན་པོ་བཀྲོངས་དོན་ནི། ལོ་ངམ་ནི་བཙན་པོར་རྒོལ་མཁན་གྱི་བོན་གྱི་ཚབ་བྱེད་མི་སྣ་ཞིག་ཡིན་ཚུལ་གླེང་བ་དང་། གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པར་བོན་པོ་རྣམས་མ་རངས་ནས་བཙན་པོ་བཀྲོངས་སོ་ཞེས་བོན་བསྣུབས་པ་དེ་ཉིད་བཙན་པོ་བཀྲོངས་པའི་རྒྱུ་རྐྱེན་ཡིན་ཚུལ་བརྗོད་ཀྱང་། ཕྲན་གྱིས་བསམས་ན་དེ་དག་ལས་ལྷག་པའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི། ལོ་ངམ་རྟ་རྫི་ནི་རྟ་རྫི་ཙམ་མ་ཡིན་པར་རྒྱལ་ཕྲན་ཞིག་གི་དཔོན་པོ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་ཏུ་རྒྱལ་ཕྲན་དང་རྒྱལ་བློན་ཁག་གི་མིང་བགྲངས་སྐབས། “ཡུལ་མྱང་རོ་འི་ཤམ་པོ་ན། རྗེ་ལོ་ངམ་བྱི་བྲོམ་ཚ། བློན་པོ་ངབ་མྱི་དང་བྲེ་གཉིས་”⑥ཞེས་(སྐབས་འདིའི་རྗེ་ལོ་ངམ་ཞེས་པ་དེ་ནི་གྲི་གུམ་བཙན་པོའི་སྐབས་ཀྱི་ལོ་ངམ་རྟ་རྫི་ཨེ་ཡིན་སྙམ་)དང་། དེ་བཞིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་མཁར་མྱང་རོ་ཤམ་པོ་ལ་རྗེ་ལོ་ངམ་ཞེས་པ་ཞིག་གིས་རྒྱལ་སྲིད་ཀྱི་ཁ་ལོ་སྒྱུར་ཚུལ་གསལ་བས། དེ་ལས་རུས་ལོ་ངམ་གྱིས་རྒྱལ་ཕྲན་ཞིག་གི་རྗེ་བོ་བྱས་ནས་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་ལོ་རྒྱུས་ཡོད་པ་རྟོགས་ཐུབ།   
          གྲི་གུམ་བཙན་པོའི་སྐུ་རིང་དུ་ཡུལ་ཡར་ལུང་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཕྲན་ཁག་ལས་ལོ་ངམ་རྟ་རྫི་ནི་སྟོབས་རྩལ་ཅུང་ཆེ་ཞིང་། མཚམས་རེ་བཙན་པོའི་རྒྱལ་རབས་ལའང་ཁ་གཏད་བྱས་ཏེ་དམག་འཁྲུག་བསླངས་པ་དང་། མཚམས་རེ་བཙན་པོ་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཕྲན་གཞན་དག་ལ་འཐབ་ཡོད། གང་ལྟར་ལོ་ངམ་ལ་ཡར་ལུང་སྟོད་སྨད་ཀྱི་རྒྱལ་ཕྲན་དག་དབང་དུ་བསྡུས་ཏེ་རྒྱལ་རབས་ཆེན་པོ་ཞིག་འཛུགས་འདོད་པའི་བསམ་བློ་ཞིག་སྔ་མོ་ནས་ཡོད་པ་འདྲ་ལ། སྤུ་རྒྱལ་བཙན་པོ་ནི་ཁོ་པའི་ཁ་གཏད་དུ་ལངས་པའི་འགྲན་ཡ་གཙོ་བོ་ཞིག་ཡིན་ལས་ཆེ། གང་ལྟར་ཁ་ཆེའི་རྒྱལ་པོ་དང་འཐབ་པའི་འཐབ་གྲོགས་ལ་ཁ་གཡར་ཏེ་ཁ་ཆེ་དང་གཡུལ་འཐབ་པ་ལས་རྒྱལ་ཏེ་ཚུར་རང་མཁར་དུ་ལོག་པའི་ལམ་བར་དུ་ལོ་ངམ་གྱིས་ཡུན་རིང་སེམས་སུ་ཉར་བའི་འཆར་གཞི་ལྟར་གྲི་གུམ་བཙན་པོ་བཀྲོངས་པར་སེམས་སོ།   
          གལ་སྲིད་བཙན་པོ་བཀྲོངས་དོན་དེ་བོན་བསྟན་ཁོ་ནའི་ཆེད་དུ་ངེས་ན། བཙན་པོ་བཀྲོངས་པའི་གཞུག་ཏུ་ལོ་ངམ་གྱིས་གཙོས་པའི་བོན་པོས་བོན་བསྟན་སླར་གསོ་བྱ་རྒྱུ་ནི་བཤད་མི་དགོས་པ་ཞིག་ཡིན་ཀྱང་། ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོ་བཀྲོངས་པ་ནས་མཐར་སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་སོགས་ཀྱིས་མཁར་མྱང་རོ་ཤམ་པོ་ཕབ་པའི་བར་གྱི་བགྲང་བྱ་བཅུ་གཉིས་ཡས་མས་རིང་སྟེ། ལོ་ངམ་གྱིས་བོད་བཙན་པོའི་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་རིང་ལ་བོན་བསྟན་སླར་གསོ་བྱས་པའི་ལོ་རྒྱུས་ནི་ཡིག་ཚང་ཀུན་ལ་མི་གསལ། དེ་བས་སྤུ་དེ་གུང་རྒྱལ་བཙན་པོའི་ཁྲི་ལ་འཁོད་རྗེས། ཞང་ཞུང་ནས་གཤེན་པོ་དུ་མ་སྤྱན་དྲངས་ཤིང་། བོན་དཔེ་མང་པོ་བསྒྱུར་ནས་སླར་ཡང་བོན་གྱི་བསྟན་པ་རྒྱས་པར་མཛད་ཚུལ་ཡིག་ཚང་དག་ཏུ་གསལ་བར་འཁོད་ཡོད། དེ་ལྟར་སྤུ་དེ་གུང་རྒྱལ་གྱིས་བོན་བསྟན་སླར་གསོ་བྱས་པར་གཞིགས་ཚེ། ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་དོན་ནི་བོན་བསྟན་བསྣུབས་པར་མ་རངས་པས་མ་ཡིན་པར་ལོ་ངམ་སོ་སོའི་ཆབ་སྲིད་ཁོ་ནའི་ཆེད་ཏུ་ཡིན་པ་ལྷག་པར་གསལ་ལོ།   
          གསུམ་པ། གྲི་གུམ་བཙན་པོ་དང་འབྲེལ་བའི་མགུར་ཚིག་གི་དོགས་དཔྱོད།   
          གྲི་གུམ་བཙན་པོའི་སྐབས་སུ་བྱུང་བར་གྲགས་པའི་“འ་བ་ཉི་ཉེ་བ་ཉིད་”ཅེས་ཚིགས་རྐང་ལྔ་དང་ཚེག་བར་སོ་བཞིའི་བདག་ཉིད་ཅན་གྱི་མགུར་དེའི་ཚིག་དོན་གྱི་ཆ་ལ་ལོ་རྒྱུས་སྨྲ་བའི་ཁྲོད་འགྲེལ་ཚུལ་དང་དགོངས་བཞེད་མི་མཐུན་པ་ཡོད། མགུར་དེའི་ཚིག་གི་རྐང་གྲངས་ཉུང་ཡང་། དཔེ་དོན་རེ་རེ་བཞིན་ལ་ལོ་རྒྱུས་དངོས་དང་འབྲེལ་བའི་འགྲེལ་པ་ཞིག་བྱ་སྤོབས་ཁོ་བོ་ལའང་མེད། མིག་སྔར་དྲན་དབང་དག་གིས་མགུར་ཚིག་གི་སྤྱི་ཁོག་ལ་གཞིགས་ནས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཙམ་ལ་འགྲེལ་བཤད་བྱས་པ་མ་གཏོགས། མར་ཐོག་ནས་སྤུ་བཏོག་པ་ལྟར་ཐ་སྙད་རེ་རེའི་ངོ་གདོང་བཤུས་ཏེ་དེས་མཚོན་པའི་ལོ་རྒྱུས་དངོས་དོན་ཞིག་ནི་ད་བར་སུས་ཀྱང་གསུངས་པ་ཅང་མ་ཐོས།   
          རྒྱ་ཡེ་བཀྲ་ལྷོའི་《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་བརླ་ལ་དཔྱད་པ་》དང་སྟོབས་ལྡན་གྱི་《ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ཡི་གེP.T.1287གྱི་མཆན་བུའི་སྐོར་ལ་བསྐྱར་དུ་དཔྱད་པ་》ཞེས་པའི་བརྩམས་ཆོས་གཉིས་ནི་མགུར་ཚིག་དེར་དམིགས་སུ་བཀར་ཏེ་བྲིས་པའི་དཔྱད་འབྲས་ཤིག་ཡིན་ཞིང་། དེ་གཉིས་ལས་སྟོབས་ལྡན་གྱིས་བྲིས་པའི་དཔྱད་རྩོམ་དེ་ནི་ཅུང་ཟད་ལེགས་པའི་དཔྱད་འབྲས་ཤིག་ཡིན་པར་སྙམ།   
          གཅིག གཞན་ལུགས་འགོད་པ།   
          ད་བར་དུ་མགུར་ཚིག་དེར་འགྲེལ་པ་བརྒྱབ་པ་ཅུང་མང་ཞིང་། དེ་དག་ལས་དོན་གྲུབ་རྒྱལ་གྱིས། “ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད། །བྱ་ཆེ་ཆེ་ན་མདུང་གི་རྩེ་ནས་ཤི། །ཡོས་བུ་ཆེ་དྲགས་ན་ལྷམ་གྱི་ཡུ་བ་བྱེད། ། ཕས་རྒོལ་གྱི་དགྲ་བོའི་བརླ་ཡང་བརྡུངས། །ཡབ་ཆེན་གྱི་ཨ་ཕར་བང་སོ་བརྩེགས། །གཅན་གཟན་དེ་ལུས་མེད་རོ་མེད་བྱས། །”⑦ཞེས་དང་། འབྲི་གུང་ཆེ་ཚང་ནས་“ཨ་ཕ་ཉིད་ནི་བདག་ལ་སྙིང་ཉེ་ཞིང་། བྱ་ཡི་རིགས་ཅན་དག་ནི་མདུང་རྩེར་ཤི དངོས་ཆས་མཐའ་དག་ལྷམ་གྱི་ཁ་འོག་ཞིག མཁར་མྱང་རོ་ཤམ་པོ་རྨེད་མེད་དུ་བཏང་བ་ལའོ། །གྲི་གུམ་བཙན་པོའི་བང་སོ་ལྷ་རིའི་གྱང་ཐོ་བླ་འརྗབས་རྣལ་དུ་བཏབ་པ་ལའོ། །ཡབ་ཀྱི་སྤུར་བཟུང་བའི་ཀླུ་འོ་དེ་རིང་པོ་མེད། སྤུ་རྒྱལ་གྱི་དགྲ་ལྷ་ལྡེ་བླ་གུང་རྒྱལ་ཏི་སེར་གཤེགས་པས་དེ་ཡང་མེད་དོ། །”⑧ཞེས་དང་། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “ཨ་ཁུ་བས་སྙིང་ཉེ་ཁྱོད། བྱ་རེ་རེ་ནི་མདུང་གི་རྩེ་ལ་འཛེར། ཡོས་རེ་རེ་ཟ་ཞིང་ཁ་མཚར་གཏམ་རེ་གླེང་། དགྲ་བཅོམ། བང་སོ་བཞེངས། ཉེན་མེད་འཁོན་མེད་”⑨ཅེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ལས། “ཨེ་མ་ཉིན་ཤས་ཙམ་ལ་བྱ་རོ་ཆེ་ཆེ་ནི་མདུང་གི་རྩེ་ལ་བཏགས། ཡོས་ཏེ་རི་བོང་ཆེ་ཆེ་ལྷམ་གྱི་ཡུ་བ་བྱས། ཞེས་སྤུ་དེ་གུང་རྒྱལ་གྱིས་ཡབ་ཀྱི་དགྲ་ཤ་ལེན་པར་ལོ་ངམ་པ་ཚར་བཅད་པ་དེ་བྱ་དང་རི་བོང་བསད་པའི་དཔེར་སྦྱར་པའོ། བརླ་བཅག རོ་སྦས། ཡོབ་སྟེ་རྐང་པ་མེད་ལ་རོ་ཡང་མེད་ཅེས་ཏེ་ལོ་ངམ་པ་རྨིག་མེད་དུ་བཏང་བའི་དོན་ནོ །”⑩ཞེས་པ་སོགས་མཁས་པ་རྣམ་པར་ཐ་སྙད་རེ་རེར་འགྲེལ་སྟངས་སྣ་ཚོགས་བྱུང་ཡང་། མགུར་ཚིག་དེའི་དོན་གྱི་སྙིང་པོ་ནི་སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་གཉིས་ཀྱིས་ཡབ་གྲི་གུམ་བཙན་པོའི་དགྲ་ཤ་བླངས་ཏེ་ལོ་ངམ་བསད་པ་དང་མཁར་མྱང་རོ་ཤམ་པོ་ཕབ་སྟེ་བོད་བཙན་པོའི་རྒྱལ་རབས་སླར་གསོ་བྱས་པ་དེའོ།
གཤམ་དུ་ལྟ་བདེའི་ཕྱིར་མཁས་དབང་འགའ་ཞིག་གི་མགུར་ཚིག་དེའི་བཞེད་དོན་རྣམས་རེའུ་མིག་ཏུ་བཀོད་ཡོད།

          གཉིས། རང་ལུགས་སྨྲ་བ།   
          ༡ མགུར་གྱི་ཚིག་གི་གཅོད་མཚམས་སྐོར་གྱི་དོགས་དཔྱོད།   
          མགུར་དེར་ཚིག་རྐང་ལྔ་ཡོད་ཀྱང་། ཚིག་རྐང་རེ་རེའི་ཚེག་བར་ཆ་ཡ་མང་ཉུང་མི་གཅིག་སྟེ། ཚིག་རྐང་དང་པོ་ལ་ཚེག་བར་དྲུག ཚིག་རྐང་གཉིས་པ་དང་གསུམ་པར་ཚེག་བར་བརྒྱད།  ཚིག་རྐང་བཞི་པར་ཚེག་བར་བཞི། ཚིག་རྐང་ལྔ་པ་ལ་ཚེག་བར་དྲུག་འདུག་ཅིང་། དེ་ཉིད་སྲོལ་རྒྱུན་སྙན་ངག་གི་ལུགས་ལྟར་ན་རྐང་པ་ཆ་མི་སྙོམས་པའི་སྐྱོན་དུ་སྣང་ཡང་། བགྲང་བྱ་སྟོང་གི་ཡར་སྔོན་གྱི་བོད་ཀྱི་སྙན་ངག་ལ་རྐང་པ་ཆ་སྙོམས་མིན་ཅི་རིགས་ཡོད་པ་མ་ཟད། ཚེག་བར་མང་ཉུང་དང་ཚིག་རྐང་མང་ཉུང་། ཆ་ཡ་སྡེབ་ཚུལ་ལ་དེ་ཙམ་དོ་སྣང་མི་བྱེད་པ་དཔེར་ན། “ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སཱོ་”ཞེས་ཚིག་བར་ཆ་ཡ་མི་སྙོམས་པ་དང་། “ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། །ཡུལ་པྱི་འབྲོག་གདེངས་མྱི་པྱོལ་གྱི་ཆ་འོ།  དོག་ཡབ་ཀྱི་ཆབ་མཆིས་ཀྱིས། ས་འོན་བུ་སྤུར་མི་ཁོག་གི་ཆའོ །”ཞེས་པ་ཚེག་བར་མང་ཉུང་མི་གཅིག་པ་ཡོད་པ་ལྟ་བུའོ། དེ་ལྟར་མགུར་གྱི་ཚིག་ངོས་ལ་བལྟས་ཚེ། ཚིག་གི་གཅོད་མཚམས་དང་ཚེག་བར་མང་ཉུང་དེ་ཙམ་ཚགས་དམ་པོ་མིན་ཡང་། མགུར་གྱི་སྤྱི་ཁོག་ལ་གཞིགས་ཚེ།  ཚེག་བར་སྒྲིག་སྟངས་ལ་ཆོས་ཉིད་གཏན་ནས་མེད་པ་ཞིག་མ་ཡིན་སྟེ། དཔེར་ན། “ཆབ་ཆབ་ནྀ་ཕ་རོལ་ན། །ཡར་ཆབ་ནྀ་ཕ་རོལ་ན། །མྀའི་ནི་མྱྀ་བུ་སྟེ། །ལྷ་འི་ནི་སྲས་པོ་བཞུགས། །རྗེ་བདེན་(གྱིས་) ནི་བཀོལ་དུ་དགའ། །སྒ་བདེན་གྱིས་ནི་བསྟད་ན་དགའ། །”ལྟ་བུའི་ཚིག་རྐང་སྔོན་མ་བཞི་ལ་ཚེག་བར་དྲུག་རེ་དང་། མཇུག་མ་གཉིས་ལ་ཚེག་བར་བདུན་བྱུང་བ་ལྟ་བུ་དང་། དེ་བཞིན་“ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། །  ཡུལ་པྱི་འབྲོག་གདེངས་མྱི་པྱོལ་གྱི་ཆ་འོ།  དོག་ཡབ་ཀྱི་ཆབ་མཆིས་ཀྱིས། ས་འོན་བུ་སྤུར་མི་ཁོག་གི་ཆའོ། །”ཞེས་པའི་ཚིག་རྐང་དང་པོ་དང་གསུམ་པར་ཚེག་བར་བདུན་དང་། ཚིག་རྐང་གཉིས་པ་དང་བཞི་པར་ཚེག་བར་དགུ་ཡོད་པ་སོགས་ལས་གནའ་བོའི་བོད་ཀྱི་མགུར་དང་སྙན་ཚིག་སྒྲིག་སྟངས་ལ་ཚེག་བར་མང་ཉུང་དེ་གོ་རིམ་ལྟར་འཁོད་མེད་ཀྱང་། བརྗོད་བྱ་གཅིག་གི་ནང་དུ་ཚེག་བར་འདྲ་མཉམ་ཅན་གྱི་ཚིག་རྐང་གཉིས་ཡན་བྱུང་བ་དང་། ཚིག་རྐང་དེ་དག་ནང་ལ་ལ་མཉམ་དུ་སྒྲིག་པ་དང་། ལ་ལ་གོ་རིམ་འཛོལ་ནས་སྒྲིག་པ་སོགས་ཡོད་ཚུལ་རྟོགས་ཐུབ། ཚེག་བར་མི་འདྲ་བའི་ཚིག་རྐང་གཅིག་པུ་ཁེར་རྒྱུག་བས་པ་ཧ་ཅང་ཉུང་། དེ་བཞིན་སྤུ་དེ་གུང་རྒྱལ་གྱི་སྐུ་རིང་དུ་བྱུང་བར་གྲགས་པའི་མགུར་ཐུང་དེའི་ཚིག་གི་གཅོད་མཚམས་ལ་འབྲི་བ་པོས་དོ་སྣང་དེ་ཙམ་མ་བྱས་པར་ཅི་བདེར་བྲིས་པའི་ཚུལ་ཞིག་སྣང་ཞིང་། ཁྱད་པར་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་དག་གི་འབྲི་བ་པོ་ཚང་མ་ཡོན་ཏན་པ་འབའ་ཞིག་ཡིན་པའི་ངེས་པ་མེད་ལ། ད་ལྟ་མཐོང་ཆོས་སུ་གྱུར་པའི་ཡིག་ཆ་དག་ལའང་ཆད་ལྷག་དང་ཡིག་ནོར་མང་པོ་མཆིས་པས་ང་ཚོས་དེར་དོགས་པ་བྱ་འོས་ཤིང་། དོགས་པ་དེ་ལས་འཕྲོས་ཏེ་དོགས་དཔྱོད་རེ་བྱ་ཐུབ་ན། དེས་གནའ་བོའི་ཡིག་ཆར་ཞིབ་འཇུག་བྱེད་པར་ཕན་པ་ལས་གནོད་མི་སྲིད་དོ།   
          “འ་བ་ཉི་ཉེ་བ་ཉིད་”ཅེས་པའི་ཚིག་འབྲུ་དྲུག་པོ་ནི་ཅུང་གོ་དཀའ་བས་འགྲེལ་པའང་སྣ་ཚོགས་འདུག་སྟེ། དཔེར་ན། “འ་བ་”ཁོ་ན་ལ་ཨ་ཕ་དང་ཨ་ཁུ།  ཨེ་མ། ང་ཚོ་སོགས་གོང་གསལ་རྣམ་དཔྱོད་པ་དག་གིས་སོ་སོའི་རིགས་པས་གང་བདེར་བཀྲོལ་མཛད་པ་ལྟ་བུ་ཡིན། དེས་ན་རྣམ་དཔྱོད་པ་དག་གིས་ཐ་སྙད་རང་ཐོག་གི་གོ་བར་དཔྱད་པ་ལས། ཚིག་གི་གཅོད་མཚམས་ལ་དེ་འདྲའི་དགོངས་པ་ཟབ་མོ་ཞིག་བཞེད་མེད་པས་མགུར་གྱི་བརྗོད་དོན་སྤྱི་ལ་གོ་བ་ཡང་དག་ཅིག་རྙེད་ཐུབ་མི་འདུག ཕྲན་གྱི་དྲན་ཚུལ་ནི། “འ་བ་ཉི་ཉེ་བ་ཉིད་”ཅེས་པ་དེ་ཚིག་རྐང་གཅིག་ཡིན་པའི་ངེས་པ་མེད་ལ། དེས་བསྟན་པའི་བརྗོད་བྱ་ཡང་དོན་གཅིག་ཏུ་འཁུམས་དགོས་པ་དེ་བས་ཀྱང་མ་ཡིན་སྙམ། ཏུན་ཧོང་ཡིག་རྙིང་གི་ཚེག་དང་ཤད་ལ་དེ་འདྲའི་གཏན་དུ་འཁེལ་བའི་ངེས་སྲོལ་ཞིག་མེད་དེ། ཚེག་གི་དོད་དུ་ཤད་དང་ཤད་ཀྱི་དོད་དུ་ཚེག་བྱས་པ་མང་བས། “འ་བ་ཉི་ཉེ་བ་ཉིད་”ཅེས་པ་ནི་ “འ་བ་ཉིད། ཉེ་བ་ཉིད་”ཅེས་ཚིག་རྐང་གཉིས་སུ་བཀར་ན་མི་འོས་པ་མེད་ཅིང་། ཁྱད་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “འ་བ་ཉི་”ཞེས་པའི་ཉིའི་རྗེས་འཇུག་ལ་ད་ཡིག་སྦྱར་མཛད་པ་དེ་ནི་རྣམ་དཔྱོད་པའི་ཚད་མས་དཔྱད་པའི་རིགས་པ་ཞིག་ཡིན་ཞིང་། ཕྱི་མའི་“ཉེ་བ་ཉིད་”ཀྱི་ཉིད་ལ་གཞིགས་ཚེ། སྔ་མའི་ཉི་ལ་རྗེས་འཇུག་ད་ཡིག་སྦྱར་ན། རྒྱུ་མཚན་ལྷག་ཏུ་ཆེ་ཞིང་བརྗོད་བདེ་བའི་སྣང་བ་ཞིག་ཀྱང་སྟེར་ནུས། དེ་བཞིན། “འྭོ་དེ་མེད་སྤུ་དེ་མེད་”ཅེས་པའི་ཚིག་རྐང་གཅིག་དེ་“འྭོ་དེ་མེད། སྤུ་དེ་མེད་”ཅེས་ཚིག་རྐང་གཉིས་སུ་བཀར་ནའང་འོས་ཏེ། བོད་ཀྱི་གནའ་བོའི་མགུར་ཚིག་དག་ལ་ཞིབ་ཏུ་དཔྱད་ཚེ། ཚིག་རྐང་རེས་ཕལ་ཆེར་དོན་རྡོག་རྡོག་རེ་སྟོན་པས་ཚེག་བར་སྔོན་མ་གསུམ་དང་རྗེས་མ་གསུམ་གྱི་བརྗོད་བྱ་ཐ་དད་ཡིན་པ་དང་། ཚིག་རྐང་གཅིག་གི་གཞུག་གི་ཡིག་འབྲུ་དེ་དང་ཚིག་རྐང་གཞན་ཞིག་གི་མཇུག་གི་ཡིག་འབྲུ་གཉིས་འདྲ་པོ་བྱས་པ་མང་བས་སོ། ད་དུང་བརླའ་བརྡུངས། སྤུར་བཏབ། ཅེས་ཚིག་རྐང་གཉིས་སུ་དབྱེ་ན་འོས་པར་སྙམ་པ་ནི། གཅིག་ན་དེ་གཉིས་ཀྱི་བསྟན་དོན་མི་གཅིག་པ་དང་། གཉིས་ན་གནའ་བོའི་མགུར་ཚིག་གི་གཅོད་མཚམས་སམ་ཚེག་བར་འདྲ་མཉམ་ཅན་གཉིས་གཉིས་བྱས་པ་མང་བས།  གལ་སྲིད་ཚིག་གི་གཅོད་མཚམས་གཅིག་ཏུ་བྱས་ན་མགུར་དེའི་ནང་དུ་ཚེག་བར་བཞི་ཅན་གྱི་ཚིག་རྐང་མེད་པས་ཁེར་རྐྱང་གི་རྣམ་པའམ་ཆ་མི་སྙོམས་པའི་ཉམས་ཤིག་སྟེར་བ་ཡིན། གོང་ཞུས་དག་ནི་མགུར་གྱི་ཚིག་རྐང་སྒྲིག་སྟངས་ཐད་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་པ་ཡིན་ཞིང་། དེ་ལྟར་བྱས་ཚེ་དོན་སྟོན་ཚུལ་ལ་སྔར་ལས་ལྷག་པའི་རམ་འདེགས་ཤིག་བྱ་ཐུབ་པར་སྙམ།  དེ་ནི་མགུར་གྱི་རང་སྟེང་ནས་ཕྱོགས་བསྡོམས་བྱས་པའི་སྒྲིག་སྟངས་ཤིག་ལས་དེ་ལ་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པས་རྣམ་དཔྱོད་པ་དག་གིས་མུ་མཐུད་དཔྱད་ཞིབ་ནན་པོ་མཛད་པར་འཚལ།   
          ༢ མགུར་གྱི་ཚིག་དོན་འགྲེལ་བའི་དོགས་དཔྱོད།  
          འ་བ་ཉིད། ཉེ་བ་ཉིད། ཅེས་པའི་འ་བ་ནི་ང་ཆོའི་དོན་དང་། ཉེ་བ་ནི་གཉེན་ཉེའི་དོན་ཡིན་པར་སེམས། ཉིད་ལ་དམིགས་སུ་འགྲེལ་རྒྱུ་ཞིག་ཡོད་པ་མ་རྙེད་ཀྱང་། ཁོ་ན་ཉིད་ཀྱི་དོན་ཏེ་གཞན་དང་མ་འདྲེས་པའི་དོན་སྟོན་པ་འདྲ། ང་ཚོ་ནི་སྤུ་དེ་གུང་རྒྱལ་དང་བློན་རུ་ལས་སྐྱེས་སོགས་རང་ཕྱོགས་རྣམས་ལ་གོ་སྟེ། མགུར་དེ་ལེན་མཁན་ནི་སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་གཉིས་ཡིན་པས་ང་ཚོ་ཟེར་དོན་ཡང་དེ་ཡིན། ཉེ་བ་ནི་གཉེན་ཉེ་དང་ཡང་ན་སྤུ་དེ་གུང་རྒྱལ་གྱི་ཆབ་སྲིད་ལ་གློ་བ་ཉེ་བ་རྣམས་ཡིན། རྷྱ་མོ་རྷུལ་བཞི་ཁུགས་དང་། སྣ་ནམ་བཙན་བཞོང་རྒྱལ་གཉིས་ལ་གོ་དགོས་པ་འདྲ་སྟེ། ཏུན་ཧོང་གཏེར་ཡིག་ལས།“འུང་གྀ་རྗེས་ལ་རྒྱལ་མོ་རྟུལ་བཞི་ཁུགས་དང་། སྣ་ནམ་བཙན་བཞོང་རྒྱལ་གཉིས། །སྲྀད་ཀྱི་ཁྱི་བོ་ཆེ་འོན་ཟུགས་ཡར་གྲགས་དང་། འཇང་གྀ་ཟུ་ལེ་མ་འཇང་དང་འོན་རྐུ་གཉིས་ཀྱི་སྤུ་ལ་དུག་བསྐུསྟེ། འཕྲང་པོའི་བྲག་གཡའ་པོ་འདའ་ནས། ཕོ་ལ་ལྟསུ་བལྟས་ན་ལྟས་བཟང་སྟེ། ཡུལ་མྱང་རོ་ཤམ་པོ་དྲུང་དུ་ལྷགས་ནས། ཐབས་ཀྱྀས་བསྒྱུར་དེ། ཁྱྀ་འྀ་སྤུ་ལ་དུག་ཡོད་པ་དང་ང་འྀ་རྟ་རྫིས་ཁྲིད་ནས། ཁྱི་བཟང་པོ་ལོ་ངམ་གྱི་ལགིས་བྱུགས་པ་དང་། ང་འི་རྟ་རྫིས་ཁྱི་འི་སྤུ་ལ་དུག་བསྐུས་པས་ལག་པ་བྱུགསྟེ་བསད་དེ། ཤ་བླན་ནོ། །”ཞེས་གློ་བ་ཉེ་བ་གཉིས་ནི་ལོ་ངམ་ཐབས་ཀྱིས་བཀྲོངས་མཁན་ཏེ་ཡབ་ཀྱི་དགྲ་ཤ་ལེན་མཁན་དེ་གཉིས་ཡིན། དེས་ན་སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས།  རྟུ་མོ་རྟུལ་བཞི་ཁུགས་དང་། སྣ་ནམ་བཙན་བཞོང་རྒྱལ་སོགས་ནི་མཁར་མྱང་རོ་ཤམ་པོ་འབེབས་མཁན་དང་ལོ་ངམ་གྱི་དགྲ་ཤ་ལེན་མཁན་གྱི་མི་བུ་དཔའ་བོ་ཁོ་ན་ཉིད་ཡིན་པའི་དོན་ནོ། དེ་ཡང་གསལ་པོར་བཤད་ན། ཐོག་མའི་ཚིག་རྐང་གཉིས་པོས་འོག་གི་ཚིག་རྐང་དྲུག་པོའི་ནང་གི་བྱ་བ་དག་གི་བྱེད་པོ་སུ་ཡིན་པ་བསྟན་ཡོད་ལ། གལ་ཏེ་ཚིག་རྐང་གཉིས་པོ་དེ་མགུར་གྱི་གཞུག་ཏུ་བཞག་སྟེ་དོན་ལ་གོ་བ་བླངས་ན། ཚིག་རྐང་གཞན་དག་གི་དོན་རྣམས་དེ་བས་བདེ་བླག་ཏུ་རྟོགས་ཐུབ་པར་སེམས།   
          བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག  ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག་ཅེས་པའི་དོན་ནི་མཁས་པ་རྣམ་པའི་འགྲེལ་ཚུལ་ལྟར་ལོ་ངམ་དང་དེའི་འཁོར་འབངས་དག་བྱ་དང་ཡོས་ཀྱི་གཟུགས་སུ་བཀོད་པ་དང་། བྱ་མདུང་རྩེས་བསད་པ་དང་ཡོས་ཀྱི་པགས་པས་ལྷམ་གྱི་ཡུ་བ་བྱས་ཞེས་དགྲ་ཤ་བླངས་པའི་དོན་ཡིན། འདིར་བརྗོད་དགོས་པ་ཞིག་ལ་བྱ་རོ་མདུང་གི་རྩེ་ལ་དྲངས་ནས་བསད་ཅེས་འགྲེལ་ན་དོན་དང་མཐུན་ནའང་།  ཡོས་ཀྱི་པགས་པས་ལྷམ་གྱི་ཡུ་བ་བྱས་ཞེས་ཟེར་ན་དོན་དང་མཐུན་པ་ཨེ་ཡིན་སྙམ་སྟེ། ང་ཚོས་མགུར་ཚིག་ལ་ཡང་ཡང་བལྟས་ན་ཚིག་རྐང་དེ་གཉིས་ལས་བྱ་དང་ཡོས། མདུང་དང་ལྷམ། རྩེ་དང་གོང་བཅས་ཡིག་འབྲུ་གསུམ་པོ་མ་གཏོགས་(ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག   ཅེས་པའི་གོང་ར་དེ་གོང་རང་ལྟར་ར་ལ་རྗེས་འཇུག་ང་ཡིག་ཡོད་པ་ཨེ་ཡིན་སྙམ་ཞིང་།རྗེས་འཇུག་ང་ཡིག་སྦྱར་ན་བྱ་རོ་རོ་ཞེས་པའི་ཚིག་རྐང་དེའི་ཚིག་འགྲོས་དང་ཤིན་ཏུ་མཐུན་) གཞན་དག་གཅིག་མཚུངས་ཡིན་ཞིང་། བྱ་དང་ཡོས་ནི་སེམས་ཅན་ཞིག་ལ་གོ་བ་དང་། རྩེ་དང་གོང་ནི་མཐོ་སར་གོ་བ། མདུང་དང་ལྷམ་གཉིས་ཀྱི་བྱེད་ལས་ཀྱང་འདྲ་སྟེ། མདུང་གི་རྩེ་མོས་འདབ་ཆགས་བྱ་བསད་པ་བཞིན་ལྷམ་དེ་ཡང་རྩྭ་ཟན་ཡོས་གསོད་པའམ་རྡུང་བྱེད་ཀྱི་ཡོ་བྱད་ཅིག་ལ་གོ་དགོས། དེ་མ་གཏོགས་གཅིག་བསད་པའི་དོན་དང་གཅིག་ལྷམ་གྱི་ཡུ་བའི་དོན་དུ་བཞག་ན་མཐུན་པོ་མིན་འདུག་སྙམ། རྣམ་དཔྱོད་པ་དག་གིས་མགུར་ཚིག་དེ་ལ་ཞིབ་འཇུག་མཛད་སྐབས་“ནིག་” ཅེས་པའི་བྱ་ཚིག་ལ་དེ་ཙམ་བསམ་གཞིག་མ་གནང་བར་འདབ་ཆགས་བའི་ཐ་སྙད་ལ་བལྟོས་ཏེ་བསད་ཅེས་པའི་ཚིག་གྲོགས་བསྣན་པ་དང་། ཡོས་བུ་དང་ལྷམ་ཞེས་པའི་ཐ་སྙད་གཉིས་ལ་བལྟོས་ཏེ་ཡུ་བ་ཞེས་པའི་ཚིག་གྲོགས་རེ་བསྣན་ནས་“ནིག་”ཅེས་པའི་བྱ་ཚིག་དེ་སྣང་མེད་དུ་བསྐྱུར་གནང་མཛད་འདུག   འདིར་“ནིག་”ཡིག་གིས་དོན་ངོ་མ་ཅི་ཞིག་མཚོན་གྱི་ཡོད་མེད་ལ་ད་བར་ཡིག་རྙིང་ཁག་ལས་འགྲེལ་པ་ཞིག་མ་རྙེད་པས། དེའི་དོན་འདིའོ་ཞེས་ཁ་ཚོན་གཅོད་སྤོབས་བདག་ལ་མེད་ཀྱང་། ཚིག་རྐང་གོང་འོག་གཉིས་ཀྱི་ཚིག་འགྲོས་དང་སྦྱོར་སྟངས་ལ་གཞིགས་ཚེ། “ནིག་”ཡིག་གིས་བསད་པ་དང་བརྡུང་བ་སོགས་ཕ་རོལ་བ་ལ་རྒོལ་རྡུང་བྱས་པའི་དོན་གཅིག་མ་གཏོགས་གཞན་ལྷམ་གྱི་ཡུ་བ་སོགས་མི་མཚོན་པ་མ་ཟད། ཚིག་རྐང་གཉིས་པོའི་དཔེ་འགོད་ཡུལ་མི་འདྲ་བ་མ་གཏོགས་དོན་གྱི་འབབ་ས་གཅིག་རང་ལས་འབྱུང་མི་སྲིད་པར་སྙམ་པས། གོང་གསལ་ཚིག་རྐང་གཉིས་པོའི་དོན་ནི་འདབ་ཆགས་བྱ་ཉིད་མདུང་གི་རྩེ་མོ་ལ་དྲངས་ནས་བསད་པ་བཞིན། རྩྭ་ཟན་ཡོས་བུར་ཡང་ལྷམ་གྱི་རྩེ་མོ་སྟེ་རྡོག་པ་བཞུས་ནས་བསད་དོ་ཞེས་པའོ།   
          བརླ་བརྡུངས། སྤུར་བཏབ། ཅེས་པ་དེར་རྣམ་དཔྱོད་པ་དག་གིས་ཚིག་འགྲེལ་སྣ་ཚོགས་མཛད་གནང་འདུག་པ་ལས། དོན་ཧྲིལ་གྱིས་བསྡུས་ན་བརླ་དེ་ལུས་ཀྱི་རྐང་པའི་བརླ་དང་ལས་ཀྱི་སྲོག་བླ་སྟེ། ལོ་ངམ་རྟ་རྫི་བཅོམ་བརླག་བྱས་པའི་དོན་ཡིན་པ་དང་། སྤུར་བཏབ་ཅེས་གྲི་གུམ་བཙན་པོའི་བང་སོ་བཞེངས་པའི་དོན་ཡིན། སྤྱིར་ཏུན་ཧོང་གཏེར་ཡིག་ཏུ་འཁོད་པའི་གྲི་གུམ་བཙན་པོའི་ལོ་རྒྱུས་ལ་བལྟས་ཚེ།  གོང་གི་འགྲེལ་ཚུལ་དེ་ཧ་ཅང་འདྲ་ཆགས་པོ་འདུག་མོད། སྤུར་བཏབ་ཅེས་པ་ནི་གྲི་གུམ་བཙན་པོའི་བང་སོ་བཞེངས་པར་འགྲེལ་ན་དོགས་གཞི་ཆུང་ཆུང་ཞིག་འབྱུང་སྟེ། ང་ཚོས་མགུར་གྱི་ཚིག་རྐང་དེ་གཉིས་དང་གོང་གི་“བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག   ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག་”ཅེས་པ་དང་བསྡུར་ནས་དཔྱད་ན། “སྤུར་”དེ་གྲི་གུམ་བཙན་པོའི་བང་སོ་ལ་མི་གོ་བར་སྣང་སྟེ། གོང་གི་ཚིག་རྐང་གཉིས་པོ་ནི་དཔེ་དང་དེའི་འོག་གི་ཚིག་རྐང་གཉིས་པོ་དེ་གོང་གི་དཔེ་དེའི་མཚོན་བྱའི་དོན་ཡིན་པས། དེ་བས་དཔེ་ལྟར་དེའི་མཚོན་བྱའི་དོན་ནི་ལོ་ངམ་དང་ལོ་ངམ་གྱི་འཁོར་འབངས་ལ་གོ་བ་མ་གཏོགས། རང་ཕྱོགས་ཀྱི་གྲི་གུམ་བཙན་པོར་གོ་ན་དཔེ་དོན་མི་མཚུངས་པའི་སྐྱོན་དུ་འགྲོ་བས། ཕྲན་གྱི་དྲན་ཚུལ་ལ་བརླ་བརྡུངས་ཞེས་པ་ནི། ལོ་ངམ་དང་ལོ་ངམ་གྱི་འཁོར་འབངས་དྲུངས་ནས་བཅོམ་སྟེ་ཕམ་པར་བྱས་པའི་དོན་དང་།  སྤུར་བཏབ་ནི་ལོ་ངམ་གྱི་མཁར་མྱང་རོ་ཤམ་པོ་བརླག་པའི་དོན་དུ་གོ་ན་འགྲིག་པར་སྙམ་ཞིང་། ཚིག་རྐང་དེ་གཉིས་ནི་མགུར་གྱི་བརྗོད་བྱའི་སྙིང་པོ་ཡིན་པ་དང་། ཚིག་རྐང་གཞན་དྲུག་པོས་ནི་བརྗོད་བྱའི་དོན་སྙིང་མཚོན་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད།   
          འྭོབ་དེ་མྱེད། སྤུ་དེ་མྱེད། ཅེས་པ་ནི་བྱ་བའི་མཇུག་འབྲས་ཏེ། ལོ་ངམ་གྱི་འཁོར་འབངས་མཁར་དང་བཅས་པ་བཅོམ་བརླག་བཏང་བའི་རྗེས་ན་དེ་དག་སྲོག་ཆགས་འོབ་ཀྱི་རོ་ལྟར་ལྷག་ལུས་མེད་པར་བྱས་པ་མ་ཟད། ལུས་སུ་སྐྱེས་པའི་སྤུ་ཡང་མེད་པ་བྱས་སོ་ཞེས་པའི་དོན་ནོ། གོང་གི་གཡུལ་གྱི་བརྒྱུད་རིམ་དག་དཔེ་བྱ་དང་ཡོས་བུ་བསད་པར་སྦྱར་བ་དང་། མཇུག་འབྲས་དེ་ཡང་དཔེ་གཅན་གཟན་འོབ་ཀྱི་རོ་ལྟར་བྱས་པ་དེས་དཔེ་དོན་གཉིས་འབྲེལ་ཆགས་པའི་ཚོར་བ་ཞིག་སྟེར་བ་ཡིན་ནོ།   
          མདོར་ན། མགུར་ཚིག་དེའི་ནང་དུ་ལོ་ངམ་རྟ་རྫི་དང་མཁར་མྱང་རོ་ཤམ་པོ་ཕབ་པའི་དོན་ལས་གྲི་གུམ་བཙན་པོའི་བང་སོ་བཞེངས་པའི་སྐོར་བསྟན་མེད་པ་དང་། མགུར་གྱི་གཏད་སོ་ནི་ལོ་ངམ་རྟ་རྫི་དང་ཁོ་པའི་འཁོར་འབངས་ཁོ་ན་ཉིད་ཡིན་ཞིང་། ལོ་ངམ་རྟ་རྫི་འཁོར་འབངས་དང་མཁར་མྱང་རོ་ཤམ་པོ་ཕབ་པའི་བརྒྱུད་རིམ་དེ་དཔེ་འདབ་ཆགས་བྱ་ཉིད་མདུང་གི་རྩེ་ལ་དྲངས་པ་དང་། རྩྭ་ཟན་ཡོས་བུ་རྐང་པའི་རྡོག་པས་བརྡུངས་པ་ལྟར་བྱས་ནས་བཀོད་ཡོད། དེ་ལྟའི་གཡུལ་གྱི་བརྒྱུད་རིམ་ཆེན་མོ་དེའི་མཇུག་འབྲས་ཉིད་ཞིབ་འབྲི་བྱེད་སྐབས་ཡང་དཔེ་ཡི་སྒོ་ནས་གཅན་གཟན་འོབ་གྱི་རོ་དང་ལུས་ཀྱི་སྤུ་ཡང་དྲུངས་ནས་མེད་པར་བྱས་པ་ལྟར་ལོ་ངམ་འཁོར་འབངས་དང་མཁར་མྱང་རོ་ཤམ་པོ་དང་བཅས་པ་མིང་ཙམ་ཡང་མེད་པ་བཟོ་ཚུལ་དང་། དེ་ལྟའི་བྱས་རྗེས་བླ་ལྷག་ཅན་གྱི་དཔའ་བོ་ནི་སྤུ་དེ་གུང་རྒྱལ་དང་། རུ་ལས་སྐྱེས། བཙན་པོའི་ཆབ་སྲིད་ལ་གློ་བ་ཉེ་བའི་རྒྱ་མོ་རྟུལ་བཞི་ཁུགས། སྣ་ནམ་བཙན་བཞོང་རྒྱལ་རྣམས་ཡིན་ནོ་ཞེས་དཔའ་བོའི་མཛད་འཕྲིན་ལ་བླ་ལྷག་ཏུ་བསྔགས་པ་བཅས་སོ། །
          ལུང་འདྲེན་དཔྱད་ཡིག
          ①③⑤ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》མི་རིགས་དཔེ་སྐྲུན་ཁང་། 2002.     P. ༡༣༡   P. ༡༣༠    P. ༡༣༠    P༡༨༣     P  ༡༨༥
          ②⑥⑩གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010.     P.༣   P. ༢༡-༢༢   P.༡༦
          ④དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་བྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། 1986.    P. ༡༦༠⑦《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་མ་》མི་རིགས་དཔེ་སྐྲུན་ཁང་། 2010.    P.༣༥༧
          ⑧འབྲི་གུང་སྐྱབས་མགོན་ཆེ་ཚང་། 《བོད་བཙན་པོའི་རྒྱལ་རབས་》སྲོང་བཙན་དཔེ་མཛོད་ཁང་། 2010.    P.༢༢༡
          ⑨ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991.    P.༥༨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1