༄༅།། གེ་སར་སྒྲུང་ལས་བསྟན་པའི་བླའི་རིག་གནས་ལ་དཔྱད་པ།

སྟག་རི་རྟ་མགྲིན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-15



སྟག་རི་རྟ་མགྲིན་རྒྱལ།

          གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་གནའ་རབས་སྤྱི་ཚོགས་ཀྱི་གཟུགས་བརྙན་ཕུན་ཚོགས་སུ་སྟོན་པའི་མེ་ལོང་ཆེན་པོ་ཞིག་ཡིན་ཏེ། དེར་བོད་ཀྱི་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། སའི་ཆགས་རིམ་དང་མིའི་བྱུང་རབས། གླུ་མདུད་དམ་གླུ་ཁེད། བཤད་པ་སྣ་ཚོགས། གཡང་འབོད། བསང་མཆོད་སོགས་ནང་དོན་གང་མང་གིས་ཕྱུག་པ་མ་ཟད། བོད་དུ་དང་ཐོག་གི་རུས་ཚོ་དང་ཚོ་མཐུན་རྣམས་རིམ་བཞིན་ཚོ་སྡེ་དང་མནའ་འབྲེལ་ཚོ་སྡེར་ཇི་ལྟར་གྱུར་ཚུལ་ལ་དེབ་ཐེར་གཞན་གྱིས་མ་ཐོན་པའི་ཞིབ་ཆ་ཆེ་ཞིང་།  ལྷག་པར་དུ་བོད་ཀྱི་རུས་བླ་དང་ཚོ་བླ། ཁྱིམ་བླ།  སྒེར་བླ།  ཕོ་བླ།  མོ་བླ་སོགས་བླ་ཡི་སྐོར་བྲིས་པའང་ཤིན་ཏུ་མང་བས་གེ་སར་སྒྲུང་གི་བླའི་རིག་གནས་ལ་ཞིབ་འཇུག་བྱེད་ཐུབ་པ་བྱུང་ན། གདོད་མའི་བོད་ཀྱི་བསམ་པའི་འདུ་ཤེས་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ། ཆོས་ལུགས་དད་མོས་སོགས་ལ་རྒྱུས་ལོན་ཅུང་ཙམ་ཡོད་ཐུབ་སྙམ་སྟེ། འདིར་གེ་སར་སྒྲུང་ལས་བསྟན་པའི་བླའི་རིག་གནས་སྐོར་ལ་ཅུང་ཟད་དཔྱད་པར་འདོད་དོ།།
དང་པོ། བོད་ཀྱི་བླའི་གོ་དོན་བཤད་པ།
          བླ་འཕོ་འགུག་གི་ཆོ་ག་ཡོད་པ་དེ་ནི་འཛམ་གླིང་གི་གདོད་མའི་མི་རིགས་གང་ལའང་ཐུན་མོང་དུ་དར་མྱོང་ལ།  མིའི་རིགས་རིག་པ་སྨྲ་བའི་ཁྱུ་མཆོག་མོར་ཀུན་གྱིས་བླ་ནི་རུས་རྒྱུད་ཅིག་གི་རྟགས་མཚན་ནམ་རྟགས་རིས་ལ་ཟེར་ཞེས་པ་དང་། བླའི་རིག་པ་སྤེལ་མཁན་སྔ་ཤོས་སུ་གྲགས་པའི་དབྱིན་ཇི་པ་ལེང་ཀུག་གིས་བླ་ནི་སྒེར་གྱི་སྲུང་མ་ཡིན་པར་དགོངས་ལ། ཧྥ་རན་སིའི་སྤྱི་ཚོགས་རིག་པ་གསར་གཏོད་བྱེད་མཁན་B. ཏོར་ཀུན་གྱི་དགོངས་པ་ལྟར་ན། བླ་ནི་རུས་རྒྱུད་ཀྱི་མཚོན་བྱེད་དམ་རྟགས་མཚན་ཡིན་ལ་རུས་ལྷའང་ཡིན་པ་རེད་ཅེས་སྣ་ཚོགས་སུ་བཞེད་ཀྱང་། དེ་དག་ལས་དབྱིན་ཇིའི་མཁས་པ་སྙན་གྲགས་ཅན་ཧྥོ་ལེ་ཙིག་གིས་བླ་ཞེས་པ་དོན་ངོ་མར་གདོད་མའི་མིས་རང་གི་རྣམ་ཤེས་གཞན་དུ་སྦ་བའི་སྣོད་ཅིག་ཏུ་གསུངས་པ་དེས་གེ་སྒྲུང་ལས་བྱུང་བའི་བླའི་རིག་གནས་སྣང་ཚུལ་ལ་ལྷག་ཏུ་འགྲེལ་བཤད་གསལ་པོ་ཞིག་རྒྱག་ཐུབ་པ་སྟེ། བླ་ཞེས་པ་དེ་ནི་མིའི་སྲོག་དང་འབྲེལ་བ་དམ་པོ་ཡོད་པར་སྒྲུང་དཔེ་མང་པོར་ཡང་ནས་ཡང་དུ་གསུངས་ཡོད་པས་རུས་ཚོའི་རྟགས་མཚན་མཚོན་པ་དང་སྒེར་གྱི་སྲུང་མའི་དོན་བྱེད་པ་ནི་བླའི་དང་ཐོག་གི་འཇུག་དོན་མིན། འདིར་བླ་ཞེས་པ་ནི་གང་ཟག་རང་རང་གི་སྲོག་ཤིང་དུ་འཚོ་ཆེད་དེ་དང་རྟེན་བརྟེན་པའི་འབྲེལ་བ་ཡོད་པར་འདོད་པའི་རྣམ་ཤེས་སྣོད་གཞན་དུ་སྦ་བར་བཞེད་པའི་ལུགས་དེར་བདེན་ཤས་ཆེ་སྙམ་སྟེ། 《བདུད་འདུལ་》①ལས། “མེ་བཟས་བདུད་ཀླུ་བཙན་ལ་འདི་སྐད་དུ། གླིང་གེ་སར་རྒྱལ་པོ་དེ་ནི་མི་མིན་ལྷའི་སྤྲུལ་པ་ཡིན་པས། དུས་ནམ་འོང་འདིར་ཡོང་མི་ཤེས། ཁྱེད་ཀྱིས་བླ་མཚོ་དང་།  བླ་ཤིང་དང་།  བླ་འབྲོང་རྣམས་ལ་མཉམ་འཇོག་རེ་བྱེད་ཨེ་དགོས་ཟེར་བས། བདུད་རྒན་གྱིས་འདི་སྐད་ཟེར།  སྨན་ཁྱོད་སེམས་ཆུང་བྱེད་མི་དགོས། ངའི་བླ་མཚོ་དེ་ལ་ངེད་རང་གི་མཛོད་ནང་དེ་ན་མཛེ་ཁྲག་ཐོད་ཕོར་གང་ཡོད། དེ་བཏབས་ན་བསྐམ་འགྲོ། གཞན་གང་གིས་ཅི་བྱེད་ཀྱང་མི་སྐེམ། བསྐམས་ན་ཡང་ཉམས་མི་འགྲོ། ངའི་བླ་ཤིང་དེ་ལ། རང་གི་མཛོད་ན་གསེར་གྱི་སྟ་གྲི་ཅིག་ཡོད། དེས་ལན་གསུམ་བརྒྱབ་ན་ཆོད་འགྲོ། གཞན་་གང་ཡང་ཅི་ཞིག་གིས་བརྒྱབ་ཀྱང་མི་ཆོད། ངའི་བླ་འབྲོང་དེ་ལ།  རང་གི་མཛོད་ན་གསེར་གྱི་མདའ་གཡུ་སྒྲོ་མ་གཅིག་ཡོད། དེ་བརྒྱབ་སྟེ་ཕོག་ན་ཤི་འགྲོ། གཞན་གང་གིས་བརྒྱབ་ཀྱང་མི་འཆི་”ཞེས་བླ་གནས་རེ་རེ་བཞིན་ངོ་སྤྲད་ཅིང་། དེ་དག་ལ་གནོད་པ་མ་ཐེབས་བར་དུ་ཁོ་ལ་སྐྱོན་འབྱུང་བ་ནམ་ཡང་མི་སྲིད་ལ། སྐྱོན་བྱུང་ཡང་སྐྲག་དགོས་དོན་མེད་དེ། “ང་ལ་མདའ་གྲི་གང་གིས་བརྒྱབ་ཀྱང་རྨ་མི་འབྱུང་། རྨས་ཀྱང་ཐལ་བ་བཏབ་ན་འཕྲལ་དུ་སོས་འགྲོ་”བར་བཤད་པས་སྐབས་དེའི་མི་རྣམས་ཀྱིས་མིའི་སྲོག་དང་བླ་གཉིས་ཀྱི་བར་འཆི་གསོན་གྱི་འབྲེལ་བ་དམ་པོ་ཡོད་པར་འདོད་དེ་བླ་གནས་རང་གི་སྐྱབས་གནས་སམ་སྲོག་གི་སྣོད་དུ་གཅེས་པར་འཛིན་ཅིང་བླ་གནས་མ་བཏུལ་བར་རང་ཉིད་ལ་གནོད་པ་འགའ་ཡང་འབྱུང་བར་མི་འགྱུར་སྙམ་པའི་འདུ་ཤེས་བཟུང་ཡོད་པ་མཐོང་ཐུབ་ཅིང་། གེ་སར་གྱིས་གོང་བསྟན་བླ་གནས་རྣམས་རེ་རེ་བཞིན་མེད་པར་བྱས་པ་ན་བདུད་ཀླུ་བཙན་གྱི་“ཁམས་ཤིན་ཏུ་མི་བདེ་བར་གྱུར་ཅིང་། ཁྲོས་ན་ལུས་ལ་ལྕགས་སྡིགས་ཀྱིས་ཁྱབ་པ་དང་། ཡན་ལག་ལ་སྤྲུལ་ཞགས་ཀྱིས་བརྒྱན་པ་རྣམས་རང་ཡལ་དུ་གྱུར་ནས་མེད་སོང་”②ཚུལ་བྲིས་ཡོད་པས་བླ་གནས་ལ་གནོད་ཐེབས་པ་དེས་བདུད་ཀྱི་ལུས་སྟོབས་ཤོར་ཞིང་འཆི་ལྟས་སྣ་ཚོགས་རིམ་པར་བྱུང་བར་བརྟེན། བླ་གནས་ཇི་ལྟར་མང་ན་དེ་ལྟར་དུ་གསོན་རྐྱེན་འཛོམས་པར་བསམ་ཞིང་། ཇི་ལྟར་བླ་གནས་རྣམས་ཉམས་ནས་ཉུང་ངུར་ཕྱིན་པ་དེ་ལྟར་དུ་འཆི་རྐྱེན་ཡང་གང་མང་ཡོད་པར་འདོད་ནས་གང་ཟག་གཅིག་ལ་བླ་གནས་སྣ་ཚོགས་ཡོད་པའི་གནས་ཚུལ་བྱུང་བ་རེད།  བླ་གནས་ཉམས་ན་དེའི་གང་ཟག་ལ་ཐད་ཀར་འཆི་ལྟས་འབྱུང་བར་མ་ཟད། གང་ཟག་ཤི་བར་གྱུར་བ་དེས་ཀྱང་ཚུར་རང་གི་བླ་གནས་ལ་འཆི་ལྟས་སྟོན་པར་བྱེད་པས་ན་བླ་གནས་དང་སྲོག་གི་བར་གཅིག་གྲོགས་གཅིག་གིས་བྱེད་ཅིང་ཕན་ཚུན་བར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་དམ་པོས་བཟུང་ཡོད་ཚུལ་དེ་བས་ཀྱང་གསལ་པོ་ཡིན་ཏེ། “སྤུན་ཟླ་དྲུག་པོས་བླ་ཤིང་རེ་བཙུགས་ལོ་གསུམ་འགོར་ནས་འདིར་འདུས་ཚེ།  སུའི་བླ་ཤིང་སྐམ་པ་དང་སུ་མ་འོངས་ན་ཚང་མས་དེ་འཚོལ་དགོས་ཞེས་འདུན་མ་བཅངས་ནས་སོ་སོར་གྱེས་སོང་། ལོ་གསུམ་གྱི་རྗེས་སུ་སྤུན་ཟླ་དྲུག་པོའི་དུས་ཆད་སླེབས་པས། བུ་གཞོན་ནུ་གཞན་ལྔ་པོ་སྔར་ཆད་འཐེན་སའི་ས་དེར་འདུས་ནས།  རང་རང་གི་མཐོང་ཐོས་ཤེས་གསུམ་གྱི་གཏམ་མང་པོ་གླེང་། རྔོན་པའི་བུ་གཅིག་པུ་ཡོང་རྒྱུ་མ་བྱུང་ཞིང་། ཁོས་བཙུགས་པའི་བླ་ཤིང་ཡང་སྐམ་འདུག་པས། ཁོ་ཚོས་བུ་དེ་ལ་རྐྱེན་ངན་ཞིག་བྱུང་སྙམ་དུ་བློ་མ་བདེ་བར། རྩིས་མཁན་གྱི་བུས་རྔོན་པའི་བུ་དེ་ས་ཆུའི་དབྱིབས་འདི་འདྲ་བ་ཞིག་ན་དོང་ལ་བཅུག་ནས་ཕ་བོང་ཆེན་པོ་གཅིག་གིས་མནན་ནས་ཤི་འདུག་གོ་ཟེར་བ་ལྟར་”③དངོས་སུ་དེ་ལྟར་དུ་བྱུང་ཡོད་པས་བླ་གནས་ཀྱིས་ཀྱང་མི་གང་ལ་རྐྱེན་ངན་གྱིས་གཙེས་པའི་དོན་སྟོན་ཐུབ་པ་ཤིན་ཏུ་གསལ།  དེ་ལྟར་བོད་ཀྱི་བླ་ཞེས་བྱ་བ་དེའི་ཐོག་མའི་གོ་དོན་ནི་མིའི་སྲོག་དང་བླའི་བར་གཅིག་ལ་གཅིག་བརྟེན་པའི་ལྷན་སྐྱེས་ཀྱི་འབྲེལ་བ་ཡོད་པར་གོ་ཞིང་།  བླ་དེའང་འགྲོ་འོང་འཕོ་འགྱུར་ཆེ་བའི་རྣམ་པ་ཅན་ཞིག་ཡིན་སྟབས་མིའི་ལུས་དང་ཁ་བྲལ་ནས་རང་དབང་དུ་འགྲོ་ཆོག་པར་སེམས་ཤིང་། གལ་ཏེ་ས་བཙན་པོ་དང་སེམས་ཅན་བཙན་པོར་བླ་ཞུགས་སུ་བཅུག་ན་རང་གི་སྲོག་ཡུན་དུ་བརྟན་ཞིང་སྲུང་སྐྱོབ་ཡོང་བར་རེ་བའི་འདུ་ཤེས་དེར་གནའ་དུས་སུ་བླ་རུ་བོས་པར་སེམས་སོ།།   དེ་ལྟའི་བླའི་འདུ་ཤེས་ཀྱིས་ཤུགས་རྐྱེན་བྱས་འོག་རང་གི་སྲོག་བདེ་བར་འཚོ་འདོད་པས་ནམ་ཡང་རང་གི་བླ་གནས་ལ་གཅེས་པར་འཛིན་ཅིང་སྲུང་སྐྱོང་གང་ལེགས་བྱེད་ལ། དེ་བཞིན་དུ་ཕ་རོལ་དགྲ་བོ་གང་ཞིག་བཀུམ་པར་འདོད་པས་ཐོག་མར་དེའི་བླ་གནས་འདུལ་དགོས་པ་དང་། དེ་མ་ཐུལ་ཚེ་གདུལ་བྱའི་དགྲ་དེར་མདའ་ཕོག་ཀྱང་མདེའུས་མི་ཕེད་པ་དང་མཚོན་དབྱུགས་ཀྱང་སོ་ཁ་མི་འགྲོ་བ།  སྐེ་བྲེགས་ཀྱང་ཁྲག་དམར་མི་འབབ་ཟེར་ནས་ཐོག་མར་དགྲ་བོའི་ཕྱོགས་ཀྱི་བླ་གནས་རེ་རེ་བཞིན་རྨེག་མེད་དུ་འདུལ་བ་དང་ཡང་ན་ཉམས་སུ་འཇུག་ཅིང་། དེ་ནས་ཕས་རྒོལ་དངོས་སུ་འདུལ་བར་བརྩོན་པའི་གེ་སར་སྒྲུང་གི་བླ་འདུལ་གྱི་བསམ་བློ་སྣ་ཚོགས་བྱུང་བ་རེད། 
གཉིས་པ། བླ་འཕོ་འགུག་གི་ཆོ་ག་དར་ཚུལ།
          དེ་ལྟར་ཡ་ཐོག་གི་བོད་མིས་མི་རེ་རེའི་རང་སྟེང་ན་བླ་ཟེར་བའི་ཆོས་ཡན་གར་བ་ཞིག་ཡོད་པ་དང་།   དེ་ནི་ཤིན་ཏུ་དབང་ཆེ་ཞིང་སྲོག་ལ་ལྟག་ཏུ་འབྲེལ་བ་དམ་པོ་ཡོད་པར་མཐོང་ཞིང་།  ཁྱད་པར་དུ་བླ་དེ་ཡང་ཉམས་པ་དང་འཁྱམས་པ། གཞན་གྱིས་འཕྲོག་ཅིང་བརྐུ་བར་བྱེད་པར་མངོན་སུམ་དུ་འཁྲུལ་རྗེས། ནམ་དུ་ཡང་བླ་ཇི་ལྟར་གཅེས་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་ལ་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་ཞིང་། “དེ་དུས་མི་རྣམས་ཀྱིས་རང་གི་མྱོང་ཚོར་གྱིས་ཕར་འཇིག་རྟེན་གྱི་དངོས་པོ་ཡོད་དོ་ཅོག་ལ་འགྲེལ་བཤད་རྒྱག་གི་ཡོད་སྟབས་”④ཁོ་ཚོའི་རྟོག་ངོར་འདིར་སྣང་ཐམས་ཅད་ལ་མི་དང་གཉིས་སུ་མེད་པའི་བདེ་སྡུག་སྣ་ཚོགས་མཆིས་པར་འདོད་དེ། བླ་དེའང་དངོས་པོ་ཅུང་ཙམ་་སྲ་མཁྲེགས་ལྡན་པ། ཡུལ་བཙན་པ། སེམས་ཅན་རྒོད་པོ་དག་གི་སྟེང་དུ་འཕོས་ནས་ཞུགས་སུ་བཅུག་ན་བླ་གནས་གང་དེར་དགྲས་གནོད་པ་མ་བྱུང་བར་དུ་རང་གི་སྲོག་བརྟན་པོར་འཚོ་བར་འདོད་ནས་བླ་མི་ཉམས་དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པའི་ཆེད་དུ་བླ་རི་དང་བླ་མཚོ་བསྟོད་པ། བླ་ཤིང་འཛུགས་པ། བླ་ལྕགས་སྒྲུབ་པ། བླ་འབྲོང་བླ་སྟག་སོགས་ལ་བསྟེན་པར་བྱེད་པའི་བླ་གནས་མང་པོ་འཕྲོ་རིམ་འཕྲོར་ཐོན་ཏེ་དེ་དག་གཉན་པོར་གསོལ་བའི་བླ་འཕོ་འགུག་གི་ཆོ་གའང་རྒྱ་ཆེར་བྱུང་སྟེ།  ནམ་ཞིག་བླ་ཤིང་དང་བླ་མཚོ་སྐམ་པ།  བླ་རི་འཇིག་པ། བླ་འབྲོང་བླ་སྟག་བསད་པ་སོགས་བྱུང་ཚེ་གང་ཟག་དེ་ལ་ཆག་སྒོ་འབྱུང་བའི་སྔ་ལྟས་སུ་འཛིན་པ་དང་།  དེ་འདྲ་མ་ཡིན་པར་དགེ་བའི་ལྟས་སུ་འདུག་ན་བློ་བག་ཕེབས་སུ་གནས་པ་ཡིན།  དེ་འདྲའི་བླ་བཀུར་སྲོལ་དར་ཡུན་རིང་ཞིག་ལ་གདོད་མའི་སྤྱི་ཚོགས་ཀྱི་ཆོས་ལུགས་སྔ་ཤོས་སུ་གྱུར་བ་རེད།  འཛམ་གླིང་གི་མི་རིགས་གཞན་གྱི་ལོ་རྒྱུས་ལ་བལྟས་ན། འདིའི་སྐོར་ལྷག་ཏུ་གསལ་བར་ཤེས་ཐུབ་སྟེ། མཁས་པ་ཆེན་པོ་ཧྥོ་ལེ་ཙིག་གིས་གནའ་དུས་སུས་མི་རྣམས་ཀྱིས་བླ་འཕོ་འགུག་གི་ཆོ་ག་ཇི་ལྟར་སྤེལ་བའི་གདོད་མའི་རུས་ཚོའི་སྐབས་ཀྱི་གནས་ཚུལ་གང་མང་ཞིག་བྲིས་ཡོད་པའི་ནང་དཔེར་མཚོན་ཙམ་འདིར་བཀོད་ན། “ཡ་པུ་ཡ་མིས་(亚布亚人 )བྱིས་པ་གང་ཞིག་བཙའ་རན་དུ་ཐོན་སྐབས། ཐོག་མར་སྡོང་པོ་ཞིག་དང་དེ་གཉིས་བར་འབྲེལ་བ་ཡོད་པར་བྱེད་ཅིང་བྱིས་པ་དེ་བཙས་རྗེས།  རྡེའུ་ཞིག་སྡོང་ཤུན་ནང་བཅུག་པ་ན།  བྱིས་པ་དེ་དང་ཤིང་སྡོང་བར་བླ་གནས་ཀྱི་འབྲེལ་བ་བྱུང་བར་ལྟ་ཞིང་།  གལ་ཏེ་སུ་ཞིག་གིས་ཤིང་སྡོང་དེ་གཅོད་པའམ་རང་བཞིན་གྱིས་བསྐམས་པར་གྱུར་ན། བྱིས་པ་དེའང་ཡུན་རིང་མི་འགོར་བར་ནད་ཀྱིས་འཚེ་བ་དང་དེ་མུར་ཤི་བ་གང་རུང་འབྱུང་བར་བསམ་གྱི་ཡོད། ཡང་ཧྥེ་ཅིའི་གླིང་( 斐济岛) གི་མིས་བཙས་མ་ཐག་གི་བྱིས་པའི་ལྟེ་ཐག་དང་བེ་ཏ་ལྗོན་ཤིང་གི་ཡལ་ག་ཞིག་ས་འོག་ལ་མཉམ་དུ་སྦས་པ་ན་དེ་གཉིས་བར་ལ་བླ་གནས་ཀྱི་འབྲེལ་བ་ཆགས་པར་འདོད། བླ་སེམས་ཅན་གཞན་གྱི་སྟེང་དུ་བྱེད་ལུགས་ལའང་འདི་ལྟར་ཡོད་དེ།  ཞི་ཧྥེ་ནེ་རི་ལི་ཡའི་མིས་(西菲尼日利亚人)མི་དང་སེམས་ཅན་གཞན་པའི་བར་བླ་གནས་ཀྱི་འབྲེལ་བ་འབྱུང་བར་བྱེད་པ་ལ་ལྷ་པ་ནི་ཤིན་ཏུ་མཐུ་ཆེ་བར་བསམ་ཞིང་། ལྷ་པ་དེས་མི་དང་སེམས་ཅན་གཞན་པའི་ལུས་ཀྱི་སྟེང་ནས་ཁྲག་ཉུང་ཟད་བླངས་རྗེས། སེམས་ཅན་དེའི་ཁྲག་ཕྱིར་མིའི་ལུས་སྟེང་དུ་ཚུར་རྒྱག་པ་དང་མི་དེའི་ཁྲག་སེམས་ཅན་གཞན་དེར་ཕར་བརྒྱབ་པ་ན། མི་དང་སེམས་ཅན་གཞན་པའི་བར་བླ་གནས་ཀྱི་འབྲེལ་བ་ཆགས་སོང་བར་འདོད་དོ།།”⑤
          གེ་སྒྲུང་དུ་བླ་དང་བླ་གནས་ཀྱི་སྐོར་བྲིས་པ་ཤིན་ཏུ་མང་ཡང་། མི་དང་སེམས་ཅན་གཞན་གྱི་བར་བླ་གནས་ཀྱི་འབྲེལ་བ་འབྱུང་དུ་འཇུག་པའི་ཆོས་ལུགས་ཀྱི་ཆོ་ག་ཞིབ་མོ་བྲིས་ཡོད་པ་མ་མཐོང་། བོད་ཡིག་གི་བསྟན་བཅོས་གཞན་ལ་བལྟས་ཚེ། བོད་ལའང་གནའ་དུས་སུ་དེ་ལྟ་བུའི་ཆོ་ག་དར་མྱོང་བ་མཐོང་ཐུབ་སྟེ། སྲོག་གི་བཙན་རྫོང་ལས།⑥མི་གཟུགས་རྐང་ལག་སོགས་ཀྱི་བར་དང་མུ་ཁྱུད་ཀྱི་ནང་བཅས་པར་ཕོ་མོ་གང་ཡིན་གྱི་བླ་རྟགས་སོ་སོའི་མཚན་མ་དང་ལྡན་པའི་རྟ། རྐྱང་། གླ་བ། ཤ་བ། རྣ་བ། གཡག བ་གླང་། ར་ལུག་རྣམས་ཀྱི་གཟུགས་ཟན་ལས་སྐྱེ་མཆེད་དོད་ཅིང་། རང་མདོག་གིས་བསྒྱུར་བ་ཁ་ནང་དུ་བསྟན་པ་བཞག དེའི་མཐར་མུ་ཁྱུད་སྤར་ཁའི་གནས་ཡུལ་བརྒྱད་ལ་འཇིམ་སྟེགས་སུ་སྤར་ཁའི་རང་མདོག་གི་ཁོང་པ་བསྒྱུར་ཅིང་མཐར་འཇའ་རིས་ཅན་གྱི་ནམ་མཁའ། རྒྱང་བུ་འཕན་བཟང་གིས་སྤྲས་པ། མདའ། འཕང་། ཕོ་གདོང་། མོ་གདོང་། མདུན་དུ་ཡོན་བདག་གི་འདྲ་གླུད་རྒྱན་ལྡན་གྱི་བཤོས་བུ། ཆངས་བུ། ཐེབས་ཀྱུ་དང་བཅས་པ་ཚར་བརྒྱད་བཀོད་པའི་ཐོག སྤར་ཁ་སོ་སོའི་གདོན་གྱི་སྡེ་བརྒྱད་སྡོང་ཟླ་དང་བཅས་པའི་གཟུགས་བརྙན་ཙཀླྀ་དང་ཤིང་བྱང་གང་བདེར་བཀོད་པར་བྱ་ལྟ་བུར་ཆོས་ལུགས་ཀྱི་ཆོ་ག་ཞིབ་མོ་དང་ལྡན་པས་ན་དུས་ཕྱིས་སྤྱི་ཚོགས་ཀྱི་ཐོག་ཏུ་ཆོས་ཀྱི་ལས་ཁོ་ན་བྱེད་པའི་ཆེད་ལས་ཆོས་པ་ཟུར་དུ་ཐོན་པ་ནས་དངོས་སུ་བྱུང་བ་ཤ་སྟག་ཅིག་ཡིན་ཡང་། རྒྱུན་མ་ཉམས་པར་ཡོད་པའི་གནའ་ཤུལ་འདི་དག་ལ་ད་དུང་གདོད་མའི་རྣམ་པ་ཤས་ཆེར་ལྡན་པའི་གནའ་དུས་ཀྱི་བླ་འཕོ་འགུག་གི་བཟོ་ལྟ་མ་འགྱུར་བར་ཡོད་པ་མཐོང་ཐུབ་བོ།།
གསུམ་པ། བླ་གནས་དགྲ་ལྷར་གྱུར་ཚུལ།
          དང་ཐོག་ཏུ་བླ་གནས་ནི་མིའི་སྲོག་ལ་སྐྱབས་སམ་གྲོགས་བྱེད་པའི་རྟེན་ཁྱད་པར་ཅན་ཞིག་ཏུ་ངོས་བཟུང་བ་ཡིན་ཕྱིར། མིས་ཐབས་ཤེས་སྣ་ཚོགས་པའི་སྒོ་ནས་ཕར་རང་གི་བླ་གནས་གཅེས་པར་འཛིན་ཅིང་འགེབས་སྲུང་ཅི་ནུས་བྱེད་པ་ཙམ་ལས་བླ་གནས་ཀྱིས་ཚུར་བདག་པོ་ལ་གྲོགས་བྱེད་པ་དང་ཐ་ན་བདག་པོའི་ཚབ་བྱས་ཏེ་བྱ་བ་བསྒྲུབ་པ་ནི་ཡེ་མི་སྲིད་མོད། དེ་ཡང་རིམ་གྱིས་གདོད་མའི་ཆོས་ལུགས་དེ་རང་བྱུང་དད་པ་ནས་མིའི་སྤྱོད་ལམ་མངོན་སུམ་ཡོད་པའི་ལྷ་འདྲེའི་དད་པ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་བླའི་བཀུར་སྲོལ་གྱི་ཆར་སྔོན་དང་མི་འདྲ་བའི་འགྱུར་བ་རིམ་གྱིས་བྱུང་འགོ་ཚུགས་ཏེ།  བླ་གནས་དེ་སྔོན་གྱི་བསྲུང་བྱ་ནས་རིམ་གྱིས་རང་གི་བདག་པོའི་དོད་བྱས་ཏེ་ལུས་ངག་གི་བྱ་བ་གང་ཡང་མཛད་པའི་གྲོགས་ཀྱི་ནུས་པ་ཅན་དུ་གྱུར་ཅིང་།  དེ་ནས་ཡང་རིམ་གྱིས་རང་གི་བདག་པོ་ཚུར་སྲུང་བའི་ལས་བྱེད་ནུས་པའི་བདག་ཉིད་ཅན་དུ་གྱུར་པ་མ་ཟད། མིས་ཕར་རང་གི་བླ་གནས་ལ་བསྟུན་ཅི་ཐུབ་བྱེད་དགོས་ཤིང་། གལ་ཏེ་བླ་གནས་དང་བདག་པོ་གཉིས་ཞེ་འགྲས་པར་གྱུར་ཚེ། དེར་བླ་གནས་ཀྱི་སྲུང་སྐྱོབ་མེད་པར་འགྱུར་གཤིས་བླ་གནས་ཀྱིས་དོར་བའི་མི་དེ་ནམ་འཆི་ཆ་མི་འཚལ་ཞིང་གཟུགས་མེད་ཀྱི་དགྲའི་གནོད་པའང་རྒྱུན་དུ་འབྱུང་བའི་ཕྱིར། སུ་ཡིན་རུང་བླ་གནས་ལ་ཕོག་ཐུག་གཏན་ནས་གཏོང་མི་ཉན་ལ་གང་དེའི་ཅི་དྲན་གང་བཤད་ལ་བསྟུན་ཅི་ཐུབ་བྱ་དགོས་པས་ན་བླ་གནས་དེ་ཡང་སྔར་གྱི་བསྲུང་བྱ་ནས་མི་ལ་མགོན་སྐྱབས་བྱེད་མཁན་དུ་གྱུར་ཡོད་སྟབས།  བླ་གནས་དོན་གྱིས་དགྲ་ལྷར་གྱུར་ཟིན་པས་སྔར་གྱི་གནས་ཚོད་དང་གཏན་ནས་མི་མཚུངས། 《གེ་སྒྲུང་》རང་ངོས་ན་ཡོད་པའི་གདོད་མའི་ཆོས་ལུགས་སྣ་ཚོགས་ཀྱི་ཤུལ་རྒྱུན་ལ་དཔྱད་པ་ཞིབ་ཏུ་བཏང་ཚེ། གོང་གི་འགྱུར་ལྡོག་གི་བྱུང་རིམ་ཐམས་ཅད་ལ་གོ་བ་ཅུང་གསལ་པོ་ཞིག་རྙེད་ཐུབ། “དེ་ཡང་ཧོར་ཤན་པ་རྨེ་རུ་རྩེས་གཙོ་བྱས་པའི་ཧོར་རྗེ་བློན་རྣམས་ཀྱིས་ཧོར་གུར་དཀར་ལ་བཙུན་མོ་ཞིག་འཚོལ་བའི་བཀའ་གྲོས་བྱས་མཐར་བསོས་བྱ་མི་སྐད་སྨྲ་ཤེས་པ་རྒྱ་བྱ། རྨ་བྱ། ནེ་ཙོ། ཁྭ་ཏ་བཅས་བཞི་ཡོད་པ་དེ་དག་དོན་གལ་ཆེར་མངགས་ཏེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ། རྒྱ་འཇང་མོན་གསུམ། ལི་བལ་ཁ་ཆེ་གསུམ་སོགས་ཐམས་ཅད་དུ་བཙུན་མོ་ཉན་པ་ཡོད་མིན་བལྟ་བར་བཏང་”⑦བ་དང་ཕྱིས་སུ་ཡང་བྱ་ཐན་བསེ་བོ་གླིང་ལ་ཉུལ་མར་བཏང་ནས་ཁྭ་ཏས་ཁྱེར་ཡོང་བའི་གནས་ཚུལ་བདེན་དཔང་བྱས་ཚུལ་གྱི་གཏམ་རྒྱུད་དུ་གདོད་མའི་བླ་གནས་དེའང་རིམ་གྱིས་རང་རྐྱ་ཐུབ་པའི་སྒོ་ནས་བདག་པོ་ལ་བྱ་བ་སྒྲུབ་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་མཐོང་ཞིང་། གུ་ཡངས་གནམ་གྱི་རྒྱལ་པོའི་བླ་བྱར་གྲགས་པའི་བྱ་དེ་དག་ལ་སྔར་དང་འདྲ་བར་ས་བཙན་ས་དང་མིས་མི་མཐོང་བའི་སར་སྲུང་སྐྱོབ་གང་ཡང་བྱེད་མི་དགོས་པར་མ་ཟད། སྔར་གྱི་སྲུང་སྐྱོབ་བྱ་ཡུལ་ནས་སོ་སོར་རང་ཐོན་བྱས་ཏེ་གུར་དཀར་རྗེ་བློན་རྣམས་ཀྱི་འདོད་དོན་བདེ་བླག་ཏུ་འགྲུབ་པར་གྲོགས་བྱེད་ཅིང་འབད་པས་སྒྲུབ་པ་མཐོང་བས་བླ་གནས་ལ་ཚུར་བདག་པོར་མཐུན་རྐྱེན་སྒྲུབ་པའི་གྲོགས་ཀྱི་ནུས་པ་མངོན་སུམ་དུ་ཐོན་ཡོད། འོན་ཀྱང་བདག་པོ་དང་བླ་གནས་བར་སུ་སྲུང་སྐྱོབ་བྱེད་མཁན་དང་གང་སྲུང་བསྐྱོབ་བྱ་ཡུལ་ཡིན་པའི་ཐད་དུ་འགྱུར་ལྡོག་འབྱུང་རྒྱུའི་མྱུ་གུ་ཙམ་འབུས་ཡོད་པ་མ་གཏོགས་ངོ་བོའི་འགྱུར་ལྡོག་ཅི་ཡང་བྱུང་མེད་དེ། ཁྭ་ཏས། “རྒྱ་བྱ་རྨ་བྱ་ནེ་ཙོ་གསུམ།།   ཁྭ་ཏ་ང་དང་བཞི་པོ་འདི།། ཁྱེད་ཀྱི་གསོས་པའི་བླ་བྱ་ཡིན། མི་སྐད་གོ་བའི་བྱ་བཞི་ཡིན། རྒྱ་བྱ་དཀར་པོ་འབྲས་ཀྱིས་གསོས།། རྨ་བྱ་སྔོན་མོ་ནས་ཀྱིས་གསོས།། ནེ་ཙོ་འབྲུ་སྣ་ལྔ་ཡིས་གསོས།། ང་ཁྭ་ཏ་ནག་ཆུང་སྦང་མས་གསོས། རྗེ་རྒྱལ་པོས་མངགས་པ་འདྲ་འདྲ་རེད།།...ང་མ་སོང་ས་ལ་གཅིག་ཀྱང་མེད།⑧ཅེས་རང་ཉིད་བྱ་གཞན་དང་འདྲ་མཉམ་མིན་ཚུལ། རྗེ་གུར་དཀར་ལ་བློ་བ་དཀར་མཁན་ཁོ་རང་ཁོ་ན་ལས་མེད་ཚུལ་འཁང་ར་དང་བཅས་ཏེ་བརྗོད་ཡོད་སྟབས། ཁྭ་ཏས་རྗེ་གུར་དཀར་གྱིས་དོ་ཆེན་གནང་བར་རེ་ཡོད་ལ་དེ་དུས་ད་དུང་བླ་གནས་ལ་ཚུར་རང་གི་བདག་པོར་སྲུང་སྐྱོབ་དང་མགོན་བྱེད་པའི་ནུས་པ་མེད་པ་མངོན་སུམ་རེད།  ཡིན་ན་ཡང་བླ་གནས་ལ་གྲོགས་ཀྱི་ནུས་པ་ཐོན་པ་དེ་ནི་མཐར་བླ་གནས་ཀྱི་བདག་པོར་ཚུར་སྲུང་སྐྱོབ་དང་མགོན་སྐྱོབ་བྱ་རྒྱུར་གོམ་པ་རིམ་གྱིས་སྤོ་བཞིན་པའི་སྔ་ལྟས་ཡིན་པས་བླ་གནས་ལ་ངོ་བོའི་འགྱུར་བ་ཆེར་མ་བྱུང་བའི་ཞོར་དུ་འདི་ལྟ་བུའི་འགྱུར་ལྡོག་དེ་ཡང་ངང་གིས་བྱུང་འགོ་ཚུགས་ཀྱིན་ཡོད། ཁྭ་ཏས་ངང་ཚུལ་དེ་སྦ་གསང་མེད་པར་བརྗོད་པ་ནི། “ཁོ་རྒྱ་བྱ་རྒྱ་ཡི་ཡུལ་དུ་སོང་།།  རྨ་བྱ་རྨ་ཤོད་མཐིལ་དུ་ཐལ། ནེ་ཙོ་ལྷོ་མོན་རོང་དུ་ཐལ། རྗེ་རྒྱལ་པོའི་དོན་ལ་མི་ཕན་ཏོ།། ཁྱེད་གུར་དཀར་གྱི་དྲིན་ལན་བརྗེད་ནས་ཐལ།། བཟང་ལན་ངན་གྱིས་འཇལ་ནས་སོང་།། ཆང་ལན་ཆུ་ཡིས་འཇལ་ལེ་རེད།”⑨ཅེས་རྒྱལ་པོའི་བླ་བྱ་རྣམས་ཀྱིས་ཀྱང་རྗེ་ཡིས་བཅོལ་བའི་དོན་གལ་ཆེན་རྣམས་མི་སྒྲུབ་པར་མ་ཟད། དེ་དང་རིང་དུ་རྒྱབ་འགལ་བྱས་ནས་རང་དབང་དུ་གར་འགྲོ་འདིར་འདུག་གི་སྤོ་བ་ཆེ་ཚུལ་བསྟན་ཡོད་པས། བླ་གནས་དེ་ཡང་བསྲུང་བྱ་ཁོ་ན་ཙམ་དུ་གནས་མེད་པའི་འགྱུར་ལྡོག་འབྱུང་མུས་སུ་ཡོད། དེ་ལྟར་གེ་སར་སྒྲུང་གི་སྔ་ཕྱིའི་གོ་རིམ་དེར་གཏན་ཚིགས་ཀྱི་འགྲེལ་བ་བཙན་གྱིས་མི་བྱེད་པར་དམིགས་བྱ་གནའ་བོའི་རྒྱུན་གྱི་འགྱུར་ལྡོག་དེ་དག་རིམ་གྱིས་རིམ་གྱིས་ཆེ་རུ་ཕྱིན་པར་བརྟེན་མཐར་སྔར་བླ་གནས་སུ་བཀུར་བ་ཡོད་ཚད་རིམ་གྱིས་དགྲ་ལྷར་འགྱུར་འགོ་ཚུགས་པར་འདོད་དེ། 《སྤྱི་བསང་》ལས། མ་རུང་བདུད་ཀྱི་བླ་འབྲོང་ཟངས་རྭ་དམར་པོར་གྲགས་པ་དེ་གླིང་དཀར་གྱི་ལྷ་བསང་པ་དང་། ཧོར་ཨ་ཆེན་གྱི་རྩེད་མོ་པ་རྣམས་ཀྱི་ཐོག་ལ་བརྒྱུགས་ཚུལ་བརྗོད་སྐབས།“དེའི་གཡས་གཡོན་གཉིས་ན་མི་དམར་ཁྲག་གི་རལ་པ་ཅན་བཙན་རྟ་གླང་བུ་དམར་པོ་ཁྲག་གི་མཆུ་ཅན་སྒ་མེད་པ་ལ་རྐང་རྗེན་དུ་བུད་ནས་ཞོན་པ། གཡོན་ཕྱོགས་མི་ནག་རེ་བའི་ལྭ་ཐུལ་ལ་རྒྱུ་རློན་གྱིས་སྐེ་རགས་བཅིངས་པའི་མི་དེ་གཉིས་ནི། ར་འགས་སྣང་ཞིང་།  རེ་འགས་མི་སྣང་ཞིང་། སྦལ་སྦྲུལ་སྡོམ་སྡིག་ལ་སོགས་པ་སྣང་བའི་འཁོར་སྣ་ཚོགས་དང་། མི་སྣང་བའི་སྒྲ་སྣ་ཚོགས་དང་བཅས་རི་ཆེ་བ་འགའ་རེ་བསློགས་ཤིང་། རི་ཆུང་བ་འགའ་རེ་མནན་ཅིང་བྱུང་སྟེ། གཡག་དེས་ཀྱང་ཚམ་ཚོམ་མེད་པར་ཧོར་དམག་ལ་སྣ་གཏད་ནས་བརྒྱུགས་ཏེ། ཧོར་སྟོད་མ་སྨད་ལ་བྱེར། སྨད་མ་སྟོད་ལ་ཞོགས་”⑩ཞེས་འབྱུང་བར་བླ་གནས་ལ་རྣམ་པ་དང་ནང་དོན་གཉིས་ཆར་ནས་སྔོན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་བ་ཆེས་ཆེར་གསལ་ཏེ། རྣམ་པའི་ཆ་ནས་བདུད་བླ་དེ་ནི་བླ་གནས་གཅིག་གིས་གྲུབ་པ་ཞིག་མིན་པར་བླ་རྟགས་སུ་སྦལ་སྦྲུལ་སྡོམ་སྡིག་ལ་སོགས་དུ་མས་བྱས་པའི་བླ་གནས་མང་པོ་དང་ལྡན་པས་ན་བླའང་བླ་གནས་གཅིག་ཅན་ནས་བླ་གནས་མང་པོ་གཞི་གཅིག་གི་སྟེང་དུ་འདུས་པའི་བདག་ཉིད་དུ་འགྲོ་བཞིན་མཆིས་སྟབས་སྔར་གྱི་རྣམ་པ་དང་ངོ་བོའི་ཁྱད་པར་བྱུང་འདུག བླ་གནས་སྐོར་ཞིག་གཟུགས་ཡོད་ནས་གཟུགས་མེད་དུ་གྱུར་ཡོད་པ་མ་ཟད། དེ་དག་ལ་མི་ཡི་སྤྱོད་ལམ་དང་དེ་ལས་ཆེ་བའི་དྲག་ཤུལ་འཇིགས་རུང་གི་ཉམས་དང་ལྡན་པ་བཅས་བླ་གནས་གཞན་གྱི་སྟེང་གཟུགས་མེད་ཀྱི་ཚུལ་དུ་འཇུག་ཅིང་ཚུར་རང་གི་བདག་པོར་མཉམ་དུ་གྲོགས་བྱེད་པས་ན་བླ་ནི་དོན་གྱིས་དགྲ་ལྷར་གྱུར་ནས་མིའི་ལུས་སྟེང་ལ་ཞུགས་འགོ་ཚུགས་པ་རེད།  ནང་དོན་གྱི་ཆ་ནས་དེ་ལྟ་བུའི་དགྲ་ལྷའི་རྣམ་པ་འཛིན་པའི་བླ་གནས་དེ་དག་སྔར་གྱི་བསྲུང་བྱ་ལས་ལྷང་ངེར་ཐོན་ཏེ་བླ་གནས་ཀྱི་བདག་པོ་བསྲུང་བྱར་བཞག་ནས་དེར་སྐྱབས་དང་མགོན་བྱེད་པའི་ལས་ཁུར་དུ་བསྣམས་ཡོད་པར་མ་ཟད། དགྲ་གྲོགས་ཀྱི་དབྱེ་བ་མ་འདྲེས་པར་གསལ་པོར་ཡོད་ལ།  རང་ཕྱོགས་སམ་རང་ཕྱོགས་དང་འབྲེལ་བ་དམ་པོ་ཡོད་པའི་རིགས་ལ་གནོད་པ་མི་བྱེད་པས་བདུད་ཀྱི་བླ་འབྲོང་དེ་ནི་དོན་ལ་གཅིག་མོས་ཀྱི་ཆོས་ལུགས་ཡོད་པ་དང་གདུང་རྒྱུད་གཅིག་པའི་ཚོ་པ་རྣམས་མནའ་འབྲེལ་བྱས་པ་ཞིག་དང་།  ཡང་ན་གཉེན་གྱི་འབྲེལ་བའམ་ས་ཁོངས་ཀྱི་འབྲེལ་བའི་ལམ་ནས་མཉམ་འབྲེལ་བྱས་པའི་ཚོ་སྡེའི་བླ་གནས་ཤིག་ཡིན་པ་ཤིན་ཏུ་གསལ་ཏེ། “མ་རུང་བདུད་ཀྱི་བླ་འབྲོང་ཟངས་རྭ་དམར་པོ་ཞེས་བདུད་པོ་ཀླུ་བཙན་ལས་གྲགས་ཆེ་བ། འཇང་ས་ཐམ་རྒྱལ་པོ་དང་ཁྱད་མེད་པ་ཞིག་དང་། ད་དུང་ནག་ཕྱོགས་ཀྱི་བདུད་རིགས་འགའ་རེ་དབང་དུ་མ་འདུས་པ་དང་། ཐེའུ་རང་དཀར་ནག་ཁྲ་གསུམ་སོགས་ཀྱིས་བློ་ཁ་བསྒྱུར་”⑾ཞེས་པ་སོགས་ལས་བླ་འབྲོང་ཟངས་རྭ་དམར་པོ་དེ་ནི་མ་རུངས་བདུད་དང་སྨུག་པོ་འཇང་། ད་དུང་ནག་ཕྱོགས་ཀྱི་བདུད་རིགས་མང་པོ་དང་།  ཐེའུ་རང་དཀར་ནག་ཁྲ་གསུམ་སོགས་ནག་ཕྱོགས་པ་མང་པོ་མནའ་འབྲེལ་བྱས་པའི་སྤྱི་བླ་ཞིག་ཡིན་པ་ཤེས་ཐུབ་ལ།  དེ་དག་མནའ་འབྲེལ་ཡོང་ཐུབ་པའི་མཐུན་རྐྱེན་ཡང་ཤ་ཁྲག་གི་འབྲེལ་བ་ལྟར་བར་བཟུང་ཞིང་གཉེན་འབྲེལ་ལམ་ས་ཁོངས་ཀྱི་འབྲེལ་བས་ཟུར་བརྒྱན་ཡོད།  དེ་འདྲའི་སྤྱི་བླ་འདུལ་བ་དེར་དེ་དང་མཚུངས་ལྡན་གྱི་དགྲ་ལྷ་ཝེར་མ་མེད་ན་འདུལ་དཀའ་བས་ན། བདུད་ཀྱི་བླ་འབྲོང་དེ་ཚམ་ཚོམ་མེད་པར་གླིང་བའི་སྟེང་བརྒྱུགས་ཡོང་བའི་གདོང་ལེན་ལ། “དཔོན་རྒྱ་ཚ་དང་དཔའ་བོ་ཉི་འབུམ། གདོང་དར་འཕེན་དང་བློན་ཆེན་འདན་མ། དཔོན་སྟག་རོང་དང་ཆོས་སྐྱོང་བེར་ནག སེང་སྟག་ཨ་དོམ་སོགས་དཔའ་ཐུལ་རྣམས་ཀྱིས། རྟ་རྒྱུག་འདོད་ཀྱི་སྒ་ཆ་རུགས་སེ། མཚོན་གཡུག་འདོད་ཀྱི་གྲི་དམར་ལམ་མེ། མདའ་འཕེན་འདོད་ཀྱི་གཞུ་སྒྲ་སེངས་སེ། བདུད་གཡག་དེའི་གདོང་ལེན་ལ་སུ་མགྱོགས་གང་མགྱོགས་ཀྱིས་བརྒྱུགས་རྩིས་བྱེད་སྐབས། གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་དེས་མགྱོགས་པ་ཤ་རྐྱང་དྲེད་མགོ་ལ་ཞོན་ཏེ།  འོ་འོ་ཁ་སང་གཟའ་སྐར་གྱི་འཕྲོད་སྦྱོར་ཤིན་ཏུ་ལེགས་པ་དང་བསང་ཕུད་པ་དེ་ཧ་ཅང་ལམ་ལ་སོང་ངོ་།། དེ་རིང་གཡག་དེའི་འདུལ་སྐལ་དཔའ་ཐུལ་གཞན་སུ་ལའང་མེད། ཁྱེད་དཔའ་ཐུལ་རྣམས་ངར་ངར་གྱིས་གདོང་ལ་འབུད་མི་ཉན་ཟེར་བས་དཔའ་ཐུལ་གང་བཟང་གི་སྔོན་ནས་བཀག་སྟེ། ཕར་རྒྱུག་ཚུར་རྒྱུག་བྱས་”⑿པ་དང་མཐར་སྐུ་སྲུང་དགྲ་ལྷ་བཅུ་གསུམ་གྱི་བདག་ཉིད་སེང་ཆེན་རྒྱལ་པོས་མདའ་ཐོབ་ཐང་རྒྱལ་བ་རིག་འཛིན་བླངས་ཏེ་བརྒྱབ་པ་ན་བདུད་གཡག་གི་དཔྲལ་བའི་དཀྱིལ་ལ་ཐེབས་ནས་ས་ལ་འགྱེལ་ལོ།། དེ་ལྟར་སྔོན་གྱི་ཚེ་སྲོག་བརྟན་པའི་སྣོད་དུ་གྱུར་བའི་བླ་གནས་རྣམས་ཐ་དད་ནས་གཅིག་དང་། གཟུགས་ཡོད་ནས་གཟུགས་མེད་དུ་འཕེལ་བའི་འགྲོས་དང་བསྟུན་ནས་མཐར་ཐུག་དགྲ་ལྷའི་དཔུང་ཚོགས་སུ་གྱུར་བ་ཡིན་ལ། གེ་སར་རྒྱལ་པོའི་སྐུ་སྲུང་དགྲ་ལྷ་བཅུ་གསུམ་ནི་དེ་དག་རིམ་འགྱུར་བྱས་པའི་དཔེ་གཞིར་ངེས་གཤིས། དེ་དག་ཚང་མ་ལར་སྲོག་ཆགས་ཀྱི་རྣམ་པར་ཡོད་པའི་བླ་གནས་རེ་རེ་ཡིན་སྲིད་ཀྱང་། ད་ལྟར་མཐོང་བ་ནི་བོས་ན་ཨ་ལན་སྟེར་ཞིང་མངགས་ན་ཡ་ལན་ཡོད་པའི་དགྲ་ལྷ་ལེར་མའི་དཔུང་ཚོགས་ཤིག་ལགས་ལ། གཟུགས་མི་སྣང་བའི་ཚུལ་དུ་གེ་སར་རྒྱལ་པོ་དང་ལུས་གྲིབ་མ་བཞིན་དུ་འགྲོགས་ནས་མཉམ་དུ་གཟུགས་ཅན་མི་དང་གཟུགས་མེད་འདྲེ་སོགས་འདུལ་བར་བྱས་ཏེ་འགྲོ་དོན་རྒྱ་ཆེར་སྒྲུབ་པར་བྲིས་སྣང་ངོ་།།
བཞི་པ། ཚོ་པའི་བླ་གནས་བྱུང་ཚུལ།
          གདོད་མའི་སྤྱི་ཚོགས་ཀྱི་དུས་ཡུན་རིང་མོའི་ཁྲོད་ནམ་ཞིག་གི་ཚེ་ན་མཉམ་བཤོས་ལ་རྒྱ་ཆེར་སྤྱོད་པ་གཏན་ནས་བྱས་མི་ཆོག་པར་བཀག་རྒྱ་མཛད་དེ། ཕྱིར་གཉེན་སྒྲིག་གི་ལུགས་ལ་ཞུགས་པར་མི་ཀུན་མཐུན་པ་ན། ཤ་རུས་གདུང་རྒྱུད་འདེད་ཀྱི་ཡོད་པའི་རུས་ཚོ་ཡང་རིམ་གྱིས་བྱུང་ཞིང་མིའི་རིགས་རུས་ཚོའི་སྤྱི་ཚོགས་ཀྱི་འཕེལ་རིམ་གསར་པར་སླེབས། ལོ་རྒྱུས་སྟེང་མིའི་རིགས་ཀྱི་རུས་རྒྱུད་སྤྱི་ཚོགས་སུ་ཕྱིན་པའི་དུས་སྐབས་དེ་དག་ནི་མིས་རང་གི་མེས་པོ་གོང་མ་རྣམས་ནི་གང་སུ་དག་ཡིན་པ་དང་གདུང་རྒྱུད་ཇི་ལྟར་བྱུང་བ་ཡིན་ནམ་སྙམ་ནས་དོན་དེར་བསམ་བློ་གཏོང་བཞིན་པའི་སྒང་ཡིན་སྟབས།⒀རང་རང་གི་རིག་པའི་རྩལ་གྱིས་དེ་ལ་འགྲེལ་བཤད་འདྲ་མིན་སྣ་ཚོགས་ཅི་རིགས་ཤིག་བྱས་ན་ཡང་། ཁོ་པ་ཚོའི་ཤེས་པར་ལོ་རྒྱུས་ཀྱི་ཚོད་འཛིན་མང་པོ་ཐེབས་པས་རང་གི་མེས་པོ་གོང་མ་རྣམས་རི་དྭགས་སམ་སྲོག་ཆགས་ག་གེ་མོ་ཞིག་ཡིན་བསམ་ཞིང་། ཡང་ན་རང་ཉིད་རི་དྭགས་ཆེ་གེ་མོ་ཞིག་དང་ཤ་ཁྲག་གི་འབྲེལ་བ་ཡོད་པར་འདོད་ནས་རི་དྭགས་གང་ཡང་རུང་བ་ཞིག་རང་གི་མེས་པོར་ངོས་བཟུང་སྟེ་རི་དྭགས་དེས་རང་གི་ཚོ་པའི་མིང་དུ་བྱེད་ཅིང་། དེ་ལ་ཚོ་པ་གཞན་དང་མི་འདྲེས་པར་སོ་སོར་ཤན་འབྱེད་པའི་རྟགས་མཚན་གྱི་ནུས་པ་ཞིག་ཀྱ་ཡོད།   མེ་གླིང་གི་དབྱི་ལོ་ཁེ་མའི་(易洛魁人)ཚོ་པ་ནི་དངོས་སུ་དེ་ལྟར་ཡིན་ཏེ། དེའི་ཚོ་པ་བརྒྱད་པོ་ཚང་མར་རིམ་བཞིན་སྤྱང་ཀི་དང་དྲེད་མོང་། རུས་སྦལ་སོགས་ཀྱི་མིང་གིས་རིམ་པར་བཏགས་ཡོད།⒁
          འོན་ཏེ་གོང་ནས་བརྗོད་མ་ཐག་པ་ནི་ཡུལ་མེ་གླིང་གི་མི་རིགས་ཞ་ཡོད་པའི་ཁྱད་ཆོས་ཤིག་ཏུ་སྣང་བས་དེ་དང་བོད་རིགས་གཉིས་གང་ལྟར་ཀྱང་རིག་གནས་རྒྱབ་ལྗོངས་མི་འདྲ་བར་ཐ་དད་དུ་སོང་གཤིས། རྣམ་པ་ཐམས་ཅད་ནས་མཚུངས་པའི་ངེས་པ་མེད་ཀྱང་མཐའ་གཅིག་ཏུ་དགག་བྱར་བྱས་ནའང་སྐྱོན་དུ་འགྲོ་སྟེ། བོད་ལའང་རི་དྭགས་རང་གི་མེས་པོར་ངོས་འཛིན་པ་ངེས་པར་ཡོད་མྱོང་བ་དཔེར་ན་ཕ་སྤྲེའུ་དང་མ་བྲལ་སྲིན་མོ་ལྟ་བུ་རེད།  ལྷག་པར་དུ་རུས་ཚོ་ལ་སྔ་བ་སེ་དམུ་ལྡོང་སྟོང་སྟེ་རྩ་བའི་རུས་ཆེན་བཞིའམ་དབལ་ཟླ་བསྣན་པའི་རུས་ཆེན་དྲུག་ཏུ་འབོད་པ་རྣམས་ལའང་རང་རང་གི་བླ་ཟོག་རེ་ཡོད་པར་གསལ་ཏེ། “སྒ་ནི་ཤིང་ཁམས་ལུག་ལ་བླ།། སྒོ་ནི་མེ་ཁམས་ར་ལ་བླ།། ལྡོང་ནི་ས་ཁམས་ཤྭ་བར་བླ།། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ།།”⒂ཞེས་འབྱུང་བས་སོ།། འོན་ཀྱང་བླ་ཟོག་དེ་དག་གི་ཐོག་པའི་འཇུག་དོན་ནི་རི་དྭགས་ཆེ་གོ་མོ་རང་གི་མེས་པོ་གོང་མར་འཁྲུལ་བའམ་ཡང་ན་རང་དང་རི་དྭགས་ག་གེ་མོའི་བར་དུ་ཤ་ཁྲག་གི་འབྲེལ་བ་ཡོད་པར་སྙམ་པ་ཞིག་མིན་པར་སེམས་ཏེ། དེ་ནི་ཚོ་པ་རང་རང་གི་དར་རྒུད་དང་དབང་ཐང་སོགས་མི་ཉམས་ཕུན་སུམ་ཚོགས་སུ་ཡོང་ཆེད་རི་དྭགས་དེ་དག་སོ་སོའི་བླ་རྟེན་དུ་བཞག་པ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ན་ཡང་དེ་ལྟར་བྲིས་ཡོད་པར་མ་ཟད།   གླིང་གི་ཚོ་པ་ཆེ་ཁག་དག་གི་བླ་རྟེན་རྣམས་གླེང་སྐབས་ཀྱང་རི་དྭགས་གཅན་གཟན་བྲིས་པ་དག་བླའི་རྟེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་གཞན་གང་ལ་ཡང་འཇུག་པར་མི་སྟོན་ཏེ། “ཆུང་རྒྱུད་བླ་གནས་ཁྱུང་ཆེན་རེད། འབྲིང་རྒྱུད་བླ་གནས་གཡུ་འབྲུག་རེད། ཆེ་རྒྱུད་བླ་གནས་སེང་ཆེན་རེད།། སྟག་རོང་བླ་གནས་སྟག་ལ་བརྫུ། ཕུ་ནུ་གླང་ཆེན་གླང་ལ་བརྫུ།”16ཞེས་སྟག་རོང་སོགས་ཚོ་པ་དེ་དག་གི་བླ་རྟེན་རིམ་བཞིན་སྟག་སེང་ཁྱུང་འབྲུག་ཡིན་པར་བརྗོད་ཅིང་བླ་རྟེན་དེ་དག་ལ་གཞན་གྱིས་གནོད་འཚེ་ཐེབས་པ་དང་ཆག་སྒོ་བྱུང་བར་གྱུར་ཚེ་བླ་རྟེན་གང་གི་ཡིན་པའི་ཚོ་པ་དེར་ཐད་ཀར་ལྟས་ངན་སྣ་ཚོགས་སྟོན་པར་མངོན་ཏེ་《མོན་གླིང་གཡུལ་འགྱེད་》དུ་བདུད་ཀྱི་བླ་གནས་གླིང་གིས་གཏོར་བ་ན་མོན་ལ་ལྟས་སྣ་ཚོགས་བྱུང་ཚུལ་བྲིས་པ་འདི་ལྟར། “ཉི་མ་དེ་ནས་བཟུང་སྟེ་ལྷོ་ཡུལ་ལ་བཀྲ་མི་ཤེས་པའི་ལྟས་སྣ་ཚོགས་བྱུང་བ་སྟེ། གནམ་ལ་དུ་བ་མཇུག་རིང་ཤར། མོན་པའི་རི་ལ་རྩི་ཞག་འཁོར། ཐིག་ཁྲ་མུན་པ་ཟིལ་གནོན་གྱི་རྩེ་ནས་སྲིན་བྱ་འུག་པས་ཧ་ཧ་ཟེར། གཟིམས་ཆུང་བདེ་སྐྱིད་ཀུན་སྨོན་ལ། མེ་སྟག་དམར་པོས་ས་གཞི་ཁྱབ། ཐབ་ཆེན་ཟངས་དཀར་རང་ཁོལ་གླིང་བཞི་དེ་ཁག་བརྒྱད་དུ་གས། ལྷ་ཁང་གི་ཀ་བ་སེང་འབྲུག་པད་སྡོང་ལ་དུག་སྦྲུལ་ནག་པོས་དཀྲིས་དགུ་བརྒྱབ། སྟག་མོ་སྲིན་རྫོང་རི་ཁྲོད་ནས་ཐན་ཟེ་ར་སྔོན་མོས་སྐད་འགྱུར་བརྒྱབ།  རྟ་ར་ཤེལ་འོད་འབར་བ་ནས་སྟག་མ་བུ་དགུ་ཡིས་པང་ཁ་ཚད།  རྒྱལ་པོའི་བླ་མཚོའི་སྔོན་མོ་ལ་འཁྱག་ཆགས། བླ་རི་ཁྲ་བོ་བགེགས་འཛོམས་ཀྱི་གསེར་མཁར་ཐོར།  གད་པ་སོག་སྐྱ་རལ་བའི་བྲག་ལ་ཐོག་ཕོག ཆིབས་ཆེན་སྨུ་གུ་རྟ་གཡང་དེ་རྒྱ་ཚ་དཀར་མོའི་ར་ཡིས་འཛེར། སྐུ་མཁར་སྟག་མོ་འགྱིང་རྫོང་གི་སེར་པོ་གསེར་གྱི་གདུང་མ་ཆག དུང་མཁར་དཀར་མོ་རྒྱང་གྲགས་ནས་གསོས་བྱ་ནེ་ཙོ་ཁྲ་ཡིས་བརྡབས། ལྟས་ངན་དེ་ཙམ་བྱུང་བས་མཐོ་བའི་རྒྱལ་བློན་མན་ཆད། དམའ་བའི་ཨ་སྡུག་སྤྲང་པོ་ཡན་ཆད་ཚང་མ་བློ་མི་བདེ་བར་གྱུར་”17ལྟ་བུས་ཚོ་ཁག་གི་དར་རྒུད་དང་ཚོ་བླའི་དར་རྒུད་གཉིས་ཡུག་གཅིག་ཏུ་འབྲེལ་ཡོད་པ་ཤེས་ཐུབ་ལ། ཚོ་པའི་ནང་མི་གྲགས་ཅན་དུས་མིན་དུ་ཤི་བ་དང་ཟོག་གཡང་ཅན་ལ་དོན་མེད་གོད་ཁ་རྒྱག་པ། སྐུ་མཁར་ལ་ཐོག་རྒྱག་པ་སོགས་ཚོ་དོན་ལ་གནོད་པ་ཐམས་ཅད་ཚོ་པའི་བླར་རག་ལས་པར་འདོད་པའང་མཐོང་ཐུབ།  གཞན་ཡང་ཚོ་པའི་བླ་དེ་ཚོ་པ་ཇེ་མང་དུ་འཕེལ་ནས་མང་པོར་གྱེས་པ་དང་བསྟུན་ནས་བླའི་རྟེན་ཡང་གང་མང་བརྗེས་ཆོག་སྟེ། ལྡོང་གི་བླ་རྟེན་དང་ཐོག་ཏུ་ལྡོང་ནི་ས་ཁམས་ཤྭ་བར་བླ་ཞེས་ཤྭ་རུ་བཤད་ཀྱང་། ལྡོང་གི་ཚོ་པ་རིམ་གྱིས་མང་དུ་འཕེལ་ནས་ལྡོང་ཚོ་ཆེན་བཅོ་བརྒྱད་དུ་གྱེས་ཚེ། དེའི་ནང་གསེས་སྨུག་པོ་ལྡོང་གི་མེས་པོར་ལྡོང་ར་ཚ་ཁྲ་རྒན་དུ་བྱ་ཞིང་།  དེར་བླ་རྟེན་ར་ཡི་སྟེང་མིང་ཁྲ་རྒན་དུ་བྱས་པ་ལྟར་སྣང་བ་དང་། སྨུག་པོ་ལྡོང་དེ་ཡང་ཕྱིས་སུ་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ཀྱིས་གཙོ་བྱས་པའི་ཚོ་ཁག་མང་པོར་གྱེས་པས་རེ་རེར་ཡང་རང་རང་གཏན་འཁེལ་གྱི་བླ་རྟེན་རེ་ཡོད་སྟབས་སྔོན་ནས་ད་ལྟའི་བར་ཚོ་པའི་བླ་རྟེན་ལ་རྣམ་པ་གང་མང་ཞིག་བྱུང་ངོ་།།
ལྔ་པ། དགྲ་ལྷ་ཝེར་མ་བྱུང་ཚུལ།
          དགྲ་ལྷ་ཝེར་མ་ནི་དོན་དུ་བླ་གནས་ཐ་དད་པ་རྣམས་མཉམ་དུ་གཞི་གཅིག་ཏུ་འདུས་ཤིང་ལྷན་ཅིག་ཏུ་བདག་པོ་གཅིག་སྲུང་བར་བྱེད་པའི་ཐུན་མོང་གི་ནུས་པ་དང་ལྡན་པའི་དགྲ་ལྷའི་དཔུང་ཚོགས་ཤིག་ཡིན་པར་ངེས་ཤིང་།  དེ་ལྟར་འབྱུང་བ་ཡང་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ལ་ཐུག་ཡོད་དེ།  གདོད་མའི་ཆོས་ལུགས་ཏེ་ལྷ་མང་ལ་དད་པའི་དུས་སྐབས་སུ། བརྟན་དང་གཡོ་བའི་དངོས་པོ་ཕལ་ཆེར་ལ་བྱེ་བྲག་གི་བླ་རེ་འབྱུང་གི་ཡོད་ལ། བླ་དེ་དག་གི་ནུས་པའང་ཡུལ་བྱེ་བྲག་པ་འབའ་ཞིག་ལ་འཇུག་ཅིང་ཕན་ཚུན་བར་མཐོ་དམའི་ཁྱད་པར་དང་གོང་འོག་རིམ་པའི་འབྲེལ་བ་གང་ཡང་མེད་ཀྱང་།18རིམ་གྱིས་སྤྱི་ཚོགས་ཡར་རྒྱས་བྱུང་བ་དང་བསྟུན་ནས་ལོ་རྒྱུས་ཀྱང་མི་རིགས་སམ་རྒྱལ་ཁབ་ཐོག་མར་ཆགས་པའི་འཕེལ་རིམ་དུ་ཕྱིན་ཙ་ན། སྤྱི་ཚོགས་རང་སྟེང་གི་འགྱུར་ལྡོག་དེས་འགྲོ་བ་མི་ཀུན་ཆབ་སྲིད་དང་། དཔལ་འབྱོར། བསམ་བློ་བཅས་གང་ཅིའི་ཐད་ནས་སྤྱི་མཐུན་གྱི་ལམ་དུ་ཞུགས་སུ་བཅུག་པས། བླ་གནས་ཀྱང་སྔར་ཐ་དད་དུ་གནས་པའི་རྣམ་པ་ནས་རིམ་གྱིས་གཞི་གཅིག་ཏུ་བསྡུ་འགོ་བརྩམས་ཤིང་མཐར་གང་ཟག་གཅིག་ལ་མཐུ་སྟོབས་སྣ་ཚོགས་ལྡན་པའི་བླ་གནས་མང་པོའང་བྱུང་ཐུབ་པར་གྱུར། གླིང་སྒྲུང་ལས་གེ་སར་འཁྲུངས་པའི་དུས་ནི་དངོས་སུ་གོང་ནས་བསྟན་པའི་ལོ་རྒྱུས་ཀྱི་དུས་སྐབས་དེ་འདྲ་ཞིག་ལ་ཐོ་ཐུག་ཡོད་དེ། དེ་དུས་སུ་འཛམ་བུ་གླིང་གི་སྤྱི་དགྲ། ཕྱོགས་བཞིའི་དགྲ་བཞི་ལྟ་བུའི་ཕྱི་དགྲ་སྟོབས་པོ་ཆེའི་མདུན་དུ་སྨུག་པོ་ལྡོང་གི་རྒྱུད་པ་གཙོ་བྱས་པའི་གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་རྣམས་ཀྱིས་རང་གི་མཐའ་འཁོར་གྱི་ཚོ་པ་མང་པོར་གཉེན་འབྲེལ་དང་མཛའ་མཐུན་གང་འགྲིག་གི་འབྲེལ་ལམ་བརྒྱུད་པ་དང་། མང་ཆེ་ཤོས་ཕན་ཚུན་དམག་འཁྲུག་གི་དགོས་མཁོའི་ལམ་ནས་མཉམ་འབྲེལ་གཅིག་ལྟར་མི་བྱ་ཐབས་མེད་པར་གྱུར་པའི་གནས་ཚུལ་འོག དང་ཐོག་ཤ་ཁྲག་གི་འབྲེལ་བ་ཁོ་ནར་ཆགས་པའི་སྤྱི་ཚོགས་སྒྲིག་གཞི་དེའང་གོ་མི་ཆོད་པ་ཆེས་ཆེར་བྱུང་བའི་མོད། མཐར་རིམ་གྱིས་ཉམས་འགོ་ཚུགས་ནས་ས་ཁོངས་ཀྱི་འབྲེལ་བའི་ལམ་དུ་སོང་དང་འགྲོ་བཞིན་པའི་སྒང་ཡིན་སྟབས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱང་མི་རིགས་ཀྱི་ཐོག་མའི་རྣམ་པ་ཆགས་པའི་ཕྱོགས་སུ་འགྲོ་བཞིན་མཆིས། དེ་ལྟ་བུའི་བོད་ཀྱི་སྤྱི་ཚོགས་སྒྲིག་གཞིའི་འགྱུར་ལྡོག་ཇི་ལྟ་བུ་དེ་བླའི་ནང་དོན་གྱི་ཐད་དུའང་དེ་ལྟར་མངོན་གསལ་གྱིས་ཤར་བར་བརྟེན།  སྔར་གྱི་བླ་གནས་ཐ་དད་དུ་གནས་པ་མང་པོ་གང་ཟག་གཅིག་གི་སྟེང་དུ་མཉམ་དུ་བསྡུས་པའི་གནས་ཚུལ་བྱུང་། གེ་སར་རྒྱལ་པོའི་སྐུ་སྲུང་དགྲ་ལྷ་བཅུ་གསུམ་ནི་19དགྲ་ལྷ་ཝེར་མའི་དཔུང་ཚོགས་ཤིག་ཡིན་པར་མ་ཟད།  སྤྱི་ཚོགས་ཀྱི་གནས་ཚུལ་དེ་འདྲའི་འོག་བྱུང་བའི་ལོ་རྒྱུས་ཀྱིས་བསྐྲུན་པའི་ཐོན་རྫས་ཤ་སྟག་ཅིག་ཀྱང་རེད། ང་ཚོས་དགྲ་ལྷ་བཅུ་གསུམ་ལ་ཞིབ་ཏུ་དཔྱད་ཚེ། དེ་དག་གི་ནུས་པ་ཐ་དད་པ་མ་ཟད། དེ་དག་གི་ཁྲོད་དུ་ཁྱུང་འབྲུག་སྟག་སེང་དང་ཁྲ་གླག་སྤྱང་གསུམ་སོགས་གླིང་གི་ཚོ་ཁག་ཆེན་པོ་དང་སྒེར་གྱི་བླ་གནས་མང་པོ་ཡང་ཚུད་ཡོད། བོད་ཀྱི་སྤྱི་ཚོགས་ཆབ་སྲིད་ཐད་ནས་རིམ་གྱིས་གཅིག་གྱུར་དུ་འགྲོ་བ་དེས་ཆོས་ལུགས་ཀྱི་ཐད་དའང་གཅིག་གྱུར་བྱུང་སྟབས།  ལྷ་མང་གི་དད་པ་དེ་མཐར་ལྷ་གཅིག་ལ་དད་པར་གྱུར་ཅིང་།  ཐ་ན་གེ་སར་རྒྱལ་པོ་ནི་གོང་མ་ལྷ་ནས་བསྐོས་པར་བཤད་པའི་ལྷ་དབང་དང་རྗེ་དབང་ལྷན་དུ་བསྲེས་པའི་བྲན་གཡོག་ལམ་ལུགས་ཀྱི་བསམ་བློ་བྱུང་བས་གླིང་གེ་སར་ཆོས་སྲིད་གཉིས་ཀྱི་ཐད་ནས་སྤྱི་མཐུན་གྱི་རྒྱལ་པོར་གསོལ་བའི་གནད་དེ་ཤེས་ཐུབ།
དྲུག་པ། བླ་དང་ཕྱི་དར་ཆོས་ལུགས།
          དེ་ལྟར་དང་ཐོག་ཏུ་བླའི་གོ་དོན་དང་ཆོ་ག་གང་ལའང་གཞུང་ལུགས་ཟབ་མོའི་ལམ་ནས་བྱེད་པ་མི་སྲིད་ཀྱང་། ཐུན་མིན་གྱི་རང་བྱུང་ཁོར་ཡུག་རྩུབ་པོའི་དབང་དུ་གྱུར་བས་བོད་མིའི་སྤྱི་ཚོགས་ལ་ཆོས་ལུགས་ཀྱིས་དོན་བྱེད་ཚུལ་ཀྱང་ཇེ་མང་ཇེ་མང་དུ་སོང་བ་དང་། ཆོས་ཀྱི་ལས་ཁོ་ན་བྱེད་པའི་མི་འབོར་ཆེན་ཐོན་པ་དེ་དག་གིས་ཡང་ཡང་དཔྱད་ཅིང་ཞིབ་ཏུ་ལག་ལེན་བྱས་པ་དང་བསྟུན་ནས་བླས་རྔོ་ཐོགས་ཚད་ཀྱང་མིའི་འཚོ་བའི་ནང་ས་ཁྱབ་རྡོ་ཁྱབ་ཏུ་སོང་གཤིས། མི་ཁ་ལས་དར་བ་སོགས་འགའ་ལ་གཏམ་སྒྲུབ་མཁན་གྱི་གཏམ་གྱི་བླ་དང་། ཟས་སྒྲུབ་མཁན་ལ་ཟས་ཀྱི་བླ་སོགས་བླ་བཟང་པོ་བརྒྱ་ཙམ་རེ་ཡོད་པ་དང་། མི་ཁ་ལས་རྒུད་ཅིང་བྱ་བ་མི་ལེགས་པ་སོགས་ལ་ཁ་ལས་རྒུད་པར་བྱེད་པའི་བླ་སོགས་བླ་ངན་པ་བརྒྱ་ཙམ་རེ་ཡོད་པར་བཤད་པས་དང་ཐོག་ཏུ་སྲོག་གི་སྣོད་ཙམ་དུ་གོ་བ་དང་བསྡུར་ན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་འདུག་པ་བལྟས་པ་ཙམ་གྱིས་ཤེས་ཐུབ། ཕྱིས་སུ་བོན་ཆོས་སྔ་ཕྱི་རིམ་པར་དར་བ་དང་སྒོས་སུ་“གནའ་བོའི་དུས་གུ་རུ་རིན་པོ་ཆེ་པདྨ་སཾ་བྷ་ཝ་བོད་ཡུལ་དུ་ཞབས་བཅགས་ཤིང་། གསང་ཆེན་རྡོ་རྗེ་ཐེག་པ་རིན་ཆེན་དཀར་འབྱམས་ཡུག་གཅིག་ཏུ་ཁྱབ་སྤེལ་གནང་བའི་དུས་དེར་བོད་འབངས་རྣམས་ཀྱི་རེ་འདོད་དང་མཁོ་དགོས་ཆེ་བའི་ཚུལ་རྣམས་ལེགས་པར་གཟིགས་ནས་ལྷ་བསང་གི་གཞུང་རྒྱགས་བརྔན་ཆེན་མོ་དང་། བླ་བསླུ་དང་བླ་འགུགས། གཡང་སྐྱབས་དང་གཡང་འགུགས་གླུད་མདོས་དང་འདུར་གྱི་རིགས། རྩིས་ཀྱི་གཏོ་སྣ་ཚོགས་པ་སོགས་ཆོས་ཀྱི་ཆིངས་སུ་བཏིངས་ནས་སྤེལ་པར་མཛད་”20དེ་རིམ་གྱིས་ནང་བསྟན་རྒྱ་ཆེར་དར་བ་ནས་བཟུང་བླའི་གོ་དོན་དང་ཆོ་ག་གཉིས་ཆར་ལ་གཞུང་ལུགས་ཟབ་མོ་ཡོད་པར་གྱུར་ཏེ། བླའི་ངོ་བོ། བླ་གནས་སའི་རྩ། བླའི་ཡུན་ཚད། བླ་འཁྱམས་སླ་བའི་རྒྱུ་མཚན། བླ་འགུགས་མཁན་སོགས་ལ་ཞིབ་འཇུག་ཞིབ་ཏུ་གནང་ཡོད་པ་དཔེར་ན། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་རྒྱུན་ལུང་དུ་མཛད་པ་རྒྱལ་བ་ཇོ་ནང་པ་ངག་དབང་ཚོགས་གཉིས་རྒྱ་མཚོའི་བླའི་རྣམ་བཤད་ལས།“བླ་ཞེས་གྲགས་པ་དེ་ཡང་གང་ཟག་དངོས་མ་ཡིན་པར་ཐོག་མེད་ནས་ང་བདེན་འཛིན་ལ་གོམས་པའི་ཚེ་འདིར་རང་རྒྱུད་ཀྱི་ང་བདེན་པར་བཟུང་པའི་བློའི་སྣང་ཆ་ཡིན་པར་བསྟན་ལ། འདིའི་ངོ་བོ་ལྡན་མིན་འདུ་བྱེད་དུ་བཞེད་དོ།། བླ་ནི་འགྲོ་བ་ཐམས་ཅད་ལ་ཡོད་པར་གསུངས་པ་ནི་འདོད་ལྷ་དང་དམྱལ་བ།   མི་དང་དུད་འགྲོ་ཀུན་ལ་ཕན་གནོད་བླང་དོར་གྱི་སྟོབས་ཆེ་ཆུང་ཙམ་མ་གཏོགས་ཀུན་ལ་བླ་ཡོད་པ་དང་། གཟུགས་མེད་ཀྱི་ཁམས་ན་བླ་མེད་ལ་གཟུགས་ཁམས་ན་ཕན་གནོད་བླང་དོར་བྱེད་པའི་རྣམ་པ་ཅན་གྱི་བླ་མེད་ཀྱང་། ང་གཅེས་འཛིན་གྱིས་བཞག་པའི་གང་ཟག་གི་སྣང་ཆ་ཡོད་པ་དང་།  ཉན་རང་དང་དགྲ་བཅོམ་བྱང་འཕགས་རྣམས་ལ་བླ་མེད་དེ་ཉོན་མོངས་པ་དང་རྣམ་སྨིན་གྱི་ལུས་སྤངས་པའི་ཕྱིར་རོ།།” ཞེས་གསུངས་ཤིང་། སྲོག་ནི་མངོན་པ་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ།། ཞེས་དྲོད་དང་རྣམ་ཤེས་ཀྱི་རྟེན་ཉིད་དུ་གསུངས་པ་དང་། མི་ཕམ་པས། ལུས་སེམས་ལྷན་དུ་འབྲེལ་བའི་དབུགས་གནས་པ་དེ་ལ་སྲོག་ཅེས་དང་། ལུས་སེམས་ལྷན་དུ་གནས་པའི་ཡུན་དེ་ལ་ཚེ་ཞེས་གསུངས་པས་བླ་ཚེ་སྲོག་གསུམ་ནི་རྣམ་ཤེས་ཀྱི་རྗེས་སུ་མི་འབྲང་བར་ལུས་སེམས་བྲལ་ཚེ་སོ་སོར་གྱེས་ལ།   དེ་ཡང་ཚེ་སྲོག་ཡལ་ཡང་བླ་ནི་མི་ཡལ་བར་དུར་ས་སོགས་སུ་གནས་པར་བཤད་པས་སྔོན་བླ་སྲོག་བར་འཆི་གསོན་གྱི་འབྲེལ་བ་ཡོད་པ་དང་དེ་གཉིས་གང་ཡིན་ལ་གནོད་ཐེབས་ན་ཕན་ཚུན་གཅིག་གིས་གཅིག་ལ་འཆི་ལྟས་སྟོན་པར་བྱེད་པ་དང་ཡེ་ནས་མི་མཚུངས་པ་རེད།  བླའི་གནས་ཡུལ་ཡང་ལག་པའི་མར་ཟུར་གྱི་ཆུ་བ་དང་རྒྱུས་པའི་གསེབ་ཏུ་གནས་པའི་འཕར་རྩ་དེ་ཡིན་པར་རྗེ་མི་ཕམ་པས། དེ་གང་ནས་རྒྱུ་ཞིང་འཁྱམས་པར་བྱེད་པའི་རྟེན་ནམ་ལམ་ལྟ་བུ་ལག་པའི་མར་ཟུར་གྱི་འཕར་རྩ་འདི་བྱུང་སྟེ་འདི་ཡང་བླ་གནས་པ་དང་མི་གནས་པའི་རྗེས་སུ་མཐུན་པར་གཡོ་འགྱུར་ཅན་ཡིན་པས་འཁྱམས་པོ་ཞེས་བྱའོ་ཞེས་གསུངས་ཤིང་། སྔ་རབས་པ་མང་པོས་ལག་པའི་སྲིན་ལག་ལ་གྲི་ལྕགས་ཀྱི་སོར་གདུབ་སྔགས་པ་བཅིངས་ན་ལྷ་འདྲེ་སོགས་ཀྱིས་བླ་སྲོག་ལ་གནོད་བྱེད་པ་སྲུང་ནུས་ཞེས་ད་ལྟའི་བར་དུ་ངག་རྒྱུན་ཡོད་པའང་དེ་ལ་ཐུག་པར་བཤད་དོ།། ཡང་མི་གཞི་མི་བརྟན་པ་དང་། སེམས་ཀྱི་བདེ་བ་མེད་པ་རྣམས་ཀྱི་བླ་འཁྱམས་སླ་བ་དང་། ལུས་ཀྱི་རྩ་རླུང་ཐིག་ལེ་སྟོབས་ཅན་རྣམས་ཀྱི་བླ་འཁྱམས་དཀའ་བར་ཡང་《 བླའི་རྣམ་བཤད་》ལས་གསུངས་ལ། ལྟས་སུ་མི་དེ་ས་གར་ཡང་མ་སོང་བར་གཞན་མིས་འགྲོ་བཞིན་པ་མཐོང་བ་དང་། སྐད་ཐོས་པ། ཤེས་པ་སོ་ལ་མི་གནས་པ། བཞིན་མདངས་ཉམས་པ།    རྨི་ལམ་ངན་པ་རྨི་བ།  དངངས་སྐྲག་སྐྱེ་ཞིང་ཟིང་ལོང་ངེ་བ་འབྱུང་བ་རྣམས་ནི་བླ་འཁྱམས་པ་དང་བླ་རྩ་ཡང་མི་གནས་པས།  དེའི་ཚེ་བསྐྱེད་རྫོགས་ཀྱི་གནད་དང་ལྡན་པའི་རྣལ་འབྱོར་བས། བླ་འབོད་དང་། འཆི་བསླུ་སོགས་གསང་སྔགས་ཀྱི་ཆོ་ག་ཟབ་མོ་བགྱིས་པས། བླ་རྩ་རང་མལ་དུ་ཐོན་པ་དང་། བླ་རྡོ་བླ་རྐང་རྒྱ་མར་ཚད་པས་ལྡི་རུ་འགྲོ་སྐད། བླ་ཡི་གནས་ཚད་ནི་དུད་འགྲོ་སོགས་ཀྱི་བླ་ཞག་ཤས་ལས་མི་གནས་པ་དང་། མི་དཔོན་སྙིང་སྟོབས་ཅན་འགའ་ཞིག་གི་བླ་ནི་མི་རབས་བདུན་རེའི་བར་དུ་གནས་པར་གསུངས་ལ། སྤྱིར་བཏང་ལོ་དགུ་ལ་གནས་པ་གྲགས་ཆེ། དུར་ལད་སོང་བའི་དུར་སྤོ་དགོས་ཚེ་ཤི་ནས་ལོ་གྲངས་དུ་ལོན་ས་འོག་ཏུ་འདོམ་པ་དེ་གྲངས་བསྐོས་པའི་ས་དེ་ལ་བླ་གནས་པ་ཡིན་ཞེས་དེ་ཉིད་དུར་ས་གསར་པ་དེར་ཁྱེར་དགོས་པའི་རྒྱུ་མཚན་ཡང་དེའི་དོན་ཡིན་པར་བཤད་དོ།།
          མདོར་ན།  ནང་བསྟན་རྒྱ་ཆེར་དར་བའི་ནང་། མཁས་ཤིང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོས་བླ་ལ་གཞུང་ལུགས་ཟབ་མོའི་ལམ་ནས་ཞིབ་འཇུག་ཞིབ་ཏུ་བྱས་ཡོད་པ་མ་ཟད། དེ་ཉིད་བཞིན་མདངས་ཉམས་པ་དང་། རྨི་ལམ་ངན་པ་རྨི་བ། དངངས་སྐྲག་སྐྱེ་བ་སོགས་དབང་རྩ་ཉམས་པའི་ནང་དུ་ངོས་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཀྱང་བྱས་ཡོད།
          མཆན་འགྲེལ། 
          བོད་ཡིག
          ① ②《བདུད་འདུལ》P187 P193 P110
          ③《མི་རོ་རྩེ་སྒྲུང》P12-17 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 
          ⑥20《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》P341 P345-346 
          ⑦⑧⑨《ཧོར་གླིང་གཡུལ་འགྱེད》སྟོད་ཆ P1-2 P7 P7
          ⑩⑾⑿⒀19《གེ་སར་སྒྲུང་གི་རིག་མཛོད》P748 P747 P748 P748 P749⒂《མགོ་ལོག་རུས་མཛོད》P616《རྟ་རྒྱུག་རྒྱལ་འཇོག》P158 17《མོན་གླིང་གཡུལ་འགྱེད》P184-185 རྒྱ་ཡིག 
          ④普列汉诺夫《论艺术》 
          ⑤(英)詹姆斯•奔治•弗雷洋《金枝》 ⒁时光.王风编写《宗教学引论》P199 P219 18《马克思恩格斯选集》P81

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1