གྲོང་གསེབ་ཀྱི་ལྗོངས་སྐོར་འཕེལ་རྒྱས་བཏང་ནས་སྐྱིད་པའི་འཚོ་བར་རོལ།
གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-12
ཟླ་གསུམ་པ་ཚེས་པ་ནས་བཟུང་། ཆུ་ཆེན་རྫོང་གིས་ལྗོངས་སྐོར་བ་ཁྲི་སྟོང་མང་པོར་སྣེ་ལེན་བྱས། གྲོང་གསེབ་ལྗོངས་སྐོར་གྱིས་ཡུལ་སྐོར་བར་སྤྲོ་སེམས་སྦྱིན་པ་དང་ཆབས་གཅིག་ས་གནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་བྱུང་ནས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས།
ཤེས་རྟོགས་བྱུང་བ་ལྟར་ན། ཆུ་ཆེན་རྫོང་གིས་ལྪོངས་སྐོར་བར་སྣེ་ལེན་ཞུ་ཚད་2011ལོའི་མི་ཐེངས་ཁྲི་40.22ནས་2018ལོའི་མི་ཐེངས་ཁྲི་116.1བར་འཕར་བ་དང་། ལྗོངས་སྐོར་ཡོང་འབབ་2011ལོའི་སྒོར་དུང་ཕྱུར་2.87ནས་2018ལོའི་སྒོར་དུང་ཕྱུར་8.91བར་འཕར།2018ལོར་ཆུ་ཆེན་རྫོང་གིས་ལོ་གཅིག་གི་ནང་ཡོང་བའི་ལྗོངས་སྐོར་བའི་བསྡོམས་འབོར་དང་ཉིན་གཅིག་གི་ནང་སྣེ་ལེན་བྱེད་ཚད། ལོ་གཅིག་གི་ལྗོངས་སྐོར་ཡོང་འབབ་བསྡོམས་འབོར། ལྗོངས་སྐོར་བའི་ཡོང་ཁོངས་བཅས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཞི་བཏོད་པས་གྲུབ་འབྲས་ཡག་པོ་ཞིག་ལོན་ཡོད་ཅེས་བརྗོད་ཆོག
འོ་ན། ཆུ་ཆེན་རྫོང་གིས་ཇི་ལྟར་འདི་འདྲའི་འབྲས་བུ་གཡུལ་དུ་ཟ་བ་ཞིག་ལོན་པ་རེད་ཅེ་ན།
གཅིག ལྗོངས་སྐོར་དབུལ་སྐྱོར་གྱི་རྣམ་གྲངས་དམ་འཛིན་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་འབད་པ།
ཆུ་ཆེན་རྫོང་གིས་རང་རྫོང་གི་སྟོན་དཔྱིད་ཀྱི་ཁྱད་མཚར་བའི་ཡུལ་ལྗོངས་ཀྱི་མཛེས་པ་སྤྱད་དེ་2014ལོ་ནས་བཟུང་ཆང་བ་ལིའི་མེ་ཏོག་གི་དུས་ཆེན་དང་ལོ་མ་དམར་པོའི་དུས་ཆེན་གཉིས་བསྟུད་མར་གཉེར་བས། ཉེ་བའི་ལོ་ཤས་རིང་ནང་ལོགས་དང་ཐག་རིང་བའི་རྫོང་དེར་ལྗོངས་སྐོར་བྱེད་མཁན་མང་པོ་བྱུང་བ་དང་། ཟླ་3པར་ཆུ་ཆེན་རྫོང་དུ་ཆང་བ་ལིའི་མེ་ཏོག་ལ་ལྟ་རུ་འགྲོ་བ་གོམས་སྲོལ་ཞིག་ཏུ་ཆགས་ཡོད།
ལྗོངས་སྐོར་བ་སྔར་ལས་མང་པོ་འགུག་པ་དང་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ། དེ་མིན་ཆང་བ་ལིའི་མེ་ཏོག་དང་སྟོན་དུས་ཀྱི་སྡོང་ལོ་དམར་པོར་ལྟ་བར་སྟབས་བདེ་བསྐྲུན་ཆེད། 2014ལོ་ནས་བཟུང་ནས་ཆུ་ཆེན་རྫོང་གིས་གསལ་ཡུལ་ཚོའི་གནས་འོས་འཚམས་སུ་ལྗོངས་གཟིགས་སྟེགས་བུ་སྐྲུན་པ་དང་། རྫོང་དེའི་མཚོན་རྟགས་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་བྱང་བུ་སོགས་བཟོས་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ཏེ། མི་སེར་གྱི་ཡོང་སྒོ་འཕར་སྣོན་བྱུང་།
གཉིས། མང་གོ་གཅིག་ཆོད་ཀྱིས་ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས།
2016ལོ་ནས་2017ལོའི་བར་ཆུ་ཆེན་རྫོང་གིས་ལྗོངས་སྐོར་དབུལ་སྐྱོར་གྱི་གཙོ་གནད་གྲོང་ཚོ་6བསྐྲུན་ཞིང་གྲོང་ཚོ་རེ་རེར་མ་དངུལ་སྒོར་ཁྲི་20ཁ་གསབ་བྱས། དེ་མིན་རྫོང་དེའི་ཁོངས་ཀྱི་ཡུལ་ཚོ་མི་འདྲ་བའི་གྲོང་ཚོ་བཞི་ཞིང་ཆེན་རིམ་པའི་ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་རུ་བསྒྱུར།
དཔེ་སྟོན་གསར་འཛུགས་བྱས་པ་བརྒྱུད། ཆུ་ཆེན་རྫོང་གི་གྲོང་ཚོ་དབུལ་བོའི་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱུང་ཞིང་དབུལ་ཕོངས་ས་ཁུལ་གྱི་ལྗོངས་སྐོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པས། དབུལ་བོའི་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན།
གསུམ། གྲོང་གསེབ་ཀྱི་ལྗོངས་སྐོར་འཕེལ་རྒྱས་བཏང་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་ལ་ཤུགས་བསྣན་པ།
ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་གྲོང་གསེབ་ཀྱི་ལྗོངས་སྐོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་འགྲོ་བར་ཧུར་ཐག་ངང་སྐུལ་མ་བཏང་བ་དང་། ཐུན་མོང་གི་ཐོན་ཁུངས་བསྡུ་སྒྲིག་བྱས་པ་བརྒྱུད་དེ། བེད་མེད་དུ་བསྐྱུར་བའི་སློབ་གྲྭའི་ཁང་པ་དང་ཁང་པ་སྟོང་བ། ལྗོངས་ཁུལ། མི་རིགས་ཀྱི་ཡུལ་སྲོལ་སོགས་བེད་གང་ལེགས་སྤྱད་དེ། ལྟ་སྐོར་སྤྲོ་གསེང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་།
2018ལོར་ཆུ་ཆེན་རྫོང་གིས་མ་དངུལ་སྒོར་ཁྲི་300བཏང་ཞིང་ད་ཡོད་ཀྱི་རང་བྱུང་མཛེས་ལྗོངས་དང་གནམ་གཤིས་ཀྱི་ཆ་རྐྱེན། ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས། ཞིང་ཁའི་མཛེས་ལྗོངས་སོགས་ལ་བརྟེན་ནས་ལྟ་སྐོར་དང་སྤྲོ་གསེང་། ཞིང་ཁའི་སྐྱེད་ཚལ་ལ་རོལ་མྱོང་བཅས་བྱེད་ཆོག་པའི་གྲོང་གསེབ་ལྗོངས་སྐོར་དཔེ་སྟོན་གྲོང་ཚོ་གཉིས་འཛུགས་སྐྲུན་བྱས། དཔེ་སྟོན་གསར་འཛུགས་ལག་བསྟར་བྱས་པ་བརྒྱུད་ས་གནས་དཔལ་འབྱོར་དར་རྒྱས་བྱུང་ངོ་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1