རང་རྒྱལ་ཉིད་ནགས་ཚལ་ཐོན་ཁུངས་འཕར་སྣོན་འགྲོ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་བ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཀུན་གྱིས་མེ་ཤིང་འབུད་ན་མེ་ལྕེ་ཆེ། ཀུན་གྱིས་ཤིང་བཙུགས་ན་ནགས་སུ་འགྱུར། རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ནས་ཐེ་ཞུགས། སྤྱི་ཚོགས་ཀུན་གྱིས་ཐེ་ཞུགས་བཅས་བྱེད་དགོས་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་སྟོན་ནས་འོས་འགན་ཤིང་འཛུགས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ལོ་ངོ་བཞི་བཅུའི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་མི་སེམས་སུ་ཟུག་པ་དང་ཚང་མས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཤིང་འཛུགས་ཧུར་ཐག་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་ཡོད།
སྤྱི་ཟླ་4ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཐུང་ཀྲའུ་ཁུལ་ཡུང་ཧྲུན་གྲོང་རྡལ་དུ་ཕེབས་ནས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཡོད། ཁོང་གིས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་སྟོན་ནས་ཤིང་འཛུགས་བྱེད་སྒོ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། པེ་ཅིང་གྲོང་ཁྱེར་ཐུང་ཀྲའུ་ཁུལ་ཀྲང་ཅཱ་ཝན་གྲོང་རྡལ་ཀྲང་ཤིན་ཀྲོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀྲང་ཧུང་ཧྥོང་གིས། དེའི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ལྗང་འགྱུར་ལས་དོན་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ལ་སྤྲོ་གསེང་བྱ་ཡུལ་ཡོད་པ་དང་། སྤྱི་གླིང་དག་མང་ཚོགས་ཀྱི་མེ་ཏོག་ལྡུམ་ར་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བཀའ་མངགས་གནང་བྱུང་། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ང་ཚོའི་འདིར་ཕེབས་བྱུང་། ང་ཚོས་ཀྱང་ཤིང་ཕོན་ཆེན་བཙུགས་ཡོད། མང་ཚོགས་ཀྱིས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་གསུངས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བདུན་བསྟུད་མར་ཤིང་འཛུགས་ནགས་གསོའི་བྱེད་སྒོར་སྣེ་ཁྲིད་གནང་བ་དང་། མེས་རྒྱལ་གྱི་སྔོ་ལྗང་གི་ཁོར་ཡུག་སྐྲུན་ཞིང་། ལྗོན་ཤིང་དེ་དག་དམངས་འཚོར་ཕན་བདེ་སྐྲུན་པ་དང་བསྐལ་བརྒྱར་ཕན་བདེ་སྐྲུན་པའི་ལྗང་མདོག་དངུལ་ཁང་ཞིག་ཏུ་འགྱུར་རྒྱུར་རང་ནུས་འདོན་སྤེལ་གནང་ཡོད། པེ་ཅིང་གི་སྐྱེད་ཚལ་ལྗང་སྒྱུར་ལས་དོན་པ་ཞིག་ཡིན་པའི་ཆ་ནས་རྒྱལ་སའི་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལན་གོ་ཀྲའོ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་པེ་ཅིང་དུ་སྔ་རྗེས་སུ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཐེངས་བདུན་ཞུགས་གནང་བས་ང་ཚོས་རྒྱལ་ཁོངས་ས་ཆ་ལྗང་སྒྱུར་བྱེད་པའི་སེམས་ཤུགས་ཇེ་ཆེར་ཕྱིན་སོང་། ང་ཚོས་སྔ་རྗེས་སུ་རེ་འཁོར་གཉིས་ཀྱི་མུའུ་ཁྲི་100་ཡི་གཤོངས་ས་ལྗང་སྒྱུར་གྱི་ལས་དོན་སྤེལ་བ་དང་། ལོ་ངོ་ཁ་ཤས་ཀྱི་འབད་འཐབ་བྱས་པ་བརྒྱུད་དེ་པེ་ཅིང་གི་ནགས་ཚལ་ལྗང་སྒྱུར་ཁེབས་ཚད་43.5%ཟིན་ཐུབ་པ་བྱུང་ཡོད་ཅེས་གསུངས་ཡོད།
མི་ཚང་མ་བསིལ་གྲིབ་ལོངས་སུ་སྤྱོད་མཁན་ཞིག་ཡིན་པས། དེ་བས་ཀྱང་ཤིང་ འཛུགས་མཁན་ཡག་པོ་ཞིག་བྱེད་དགོས། སྤྱི་ཟླ་3པའི་ཚུན་དུ་ནུབ་རྒྱུད་བྱེ་ཐང་ནང་སོག་ཁུ་པུ་ཆི་ནས་ལྷོ་རྒྱ་མཚོའི་ཚ་ཁུལ་སན་ཡཱ་ཧུ་པའོ་ཕོ་བར་དང་། ཐའེ་ཧང་ཧྲན་རི་བོའི་ཧྲན་ཤི་ཅིན་ཁྲེང་ནས་འགག་གསུམ་ཆུ་མཛོད་ཁུལ་གྱི་ཁྲུང་ཆིང་ཝན་ཀྲའུ་བར་ཤིང་འཛུགས་ནགས་གསོའི་བྱེད་སྒོ་རྒྱལ་ཡོངས་ཀུན་དུ་སྤེལ་ཡོད།
ཧོ་པེ་ཞུང་ཨན་ཁུལ་གསར་གྱི་སྟོང་ལོའི་ནགས་གསོའི་ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ལོ་གཅིག་གི་གོང་དུ་དེ་གར་ཤིང་དང་པོ་དེ་བཙུགས་པ་དང་མིག་སྔར་སྡོང་རྐང་ཆིག་འབུམ་ཆིག་ཁྲི་ལས་བརྒལ་ཡོད། ད་ལོའི་སྤྱི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། སྔོན་ལ་ཤིང་ འཛུགས་དགོས་པ་དང་དེ་ནས་གྲོང་ཁྱེར་སྐྲུན་དགོས་ཞེས་གསུངས་ཡོད། ད་ལོ་ཞུང་ཨན་ཁུལ་གསར་གྱིས་ཤིང་འཛུགས་ནགས་གསོ་བྱེད་ཚད་མུའུ་ཉིས་འབུམ་ལས་བརྒལ་བཟོ་ཡོད། ཞུང་ཨན་ཁུལ་གསར་གྱིས་སྤྱི་ལོ་2019ལོའི་དཔྱིད་དུས་ཤིང་འཛུགས་ནགས་གསོའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་ཀྱི་འགན་ཁུར་བ་རེན་ཨེན་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་བབ་དང་བསྟུན་ནས་རྒྱལ་ཁོངས་ས་ཆ་ལྗང་སྒྱུར་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་ཡོད། ཞུང་ཨན་ཁུལ་གསར་གྱིས་སྟོང་ལོའི་ནགས་གསོའི་ལས་གཞིའི་འཛུགས་སྐྲུན་ཁྲོད་དུ་ཡུལ་བབ་དང་བསྟུན་ནས་ཤིང་འཛུགས་བྱེད་པའི་རྩ་དོན་ལྟར། ལེགས་འདེམས་བྱས་པའི་ཤིང་རིགས་མང་ཆེ་བ་ཡང་ཡུལ་དེ་གའི་ཤིང་རིགས་རེད། གཞན་ཡང་ཤིང་རིགས་འདྲ་མིན་དེ་གར་མཉམ་དུ་བཏབ་ནས་དུས་བཞི་ལྗང་མདོག་ཏུ་གནས་ཐུབ་པ་བྱས་ཡོད་ཅེས་གསུངས་ཡོད།
བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་སོང་རིང་། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་ནགས་ཚལ་གསོག་ཚད་རྒྱ་ཁྱོན་གཉིས་ཀ་ཁག་སོ་སོར་ལྡབ་གཅིག་ཙམ་འཕར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རང་རྒྱལ་གྱི་རྒྱལ་ཁོངས་ས་ཆ་ལྗང་སྒྱུར་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ་དང་། རྒྱལ་ཡོངས་སུ་ཤིང་འཛུགས་ནགས་གསོ་བྱས་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་6ལས་བརྒལ་ཞིང་ནགས་ཚལ་ཁེབས་ཚད་21.66%ཟིན་ཡོད། མིག་སྔར་རང་རྒྱལ་ཉིད་ནགས་ཚལ་ཐོན་ཁུངས་འཕར་སྣོན་འགྲོ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།