མཛོད་དགེའི་རྩྭ་ཐང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-26


      ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་རྩ་བར་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ནི་རྫོང་ཡོངས་ཀྱི་ལས་དོན་གལ་ཆེན་དུ་བཞག་ཡོད། ད་བར། ཁུལ་རིམ་པའི་དཔེ་སྟོན་ནམ་ཡར་ཐོན་ལས་ཁུངས་72དང་རྫོང་རིམ་པའི་དཔེ་སྟོན་ལས་ཁུངས103ཡོད་པ་དང་།   སློབ་གསོའི་རྟེན་གཞི1ལེགས་པར་འགྲུབ་ཡོད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་ལ་དབྱར་དགུན་གྱི་དབྱེ་བ་ཙམ་ཡང་མེད་པར་མཛོད་དགེའི་རྩྭ་ཐང་ཆེན་མོར་འདབ་བརྒྱ་ལྷུག་པོར་གྲོལ་འདུག
རིག་གནས་ནང་འདྲེན་ལ་བློ་ཁོག་ཡངས་པའི་དགོན་པའི་དཔེ་ཁང་།
      སྟག་ཚ་དགོན་པའི་མཚན་ཆ་ཚང་ལ་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་ཞེས་བྱ་ཞིང་། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གི་སྟག་ཚ་གྲོང་རྡལ་དུ་ཆགས་ཡོད་ལ། སི་ཁྲོན་ནུབ་བྱང་རྩྭ་ཐང་གི་དགེ་ལུགས་པའི་དགོན་པ་གྲགས་ཅན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་གི་ལས་ཁུངས་གཙོ་བོའང་ཡིན། སྤྱི་ལོ་1663ལོར། སྟག་ཚ་སྐུ་ཕྲེང་དང་པོ་ཆོས་རྗེ་སྨོན་ལམ་བསམ་འགྲུབ་ཀྱིས་གསར་དུ་བཏབ་ནས་ད་བར་ལོ356གི་ལོ་རྒྱུས་ལྡན། དགོན་པ་འདིའི་ཁྱད་དུ་འཕགས་པའི་བཟོ་རྩལ་དུ་རྒྱ་བོད་གཉིས་ཀྱི་བཟོ་ལས་སྒྱུ་རྩལ་གྱི་ཁྱད་ཆོས་གཞི་གཅིག་ཏུ་འདྲེས་འདུག་ཅིང་། ཐོས་བསམ་གླིང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། ད་དུང་སྟར་ལ་བརྒྱུས་འདྲའི་འཁོར་ཁང་སོགས་ལས་དགོན་པ་དེ་ཡི་བརྗིད་ཆགས་ཤིང་ཉམས་དགའ་བའི་མཛེས་པ་ཀུན་ནས་མངོན་འདུག
མཛོད་དགེའི་མང་ཚོགས་རྣམས་ལ་རྒྱལ་ཁབ་ཕྱི་ནང་གི་གནའ་གཞུང་དེང་རྩོམ་ལེགས་གྲས་མང་པོ་ལས་བློ་སྦྱོང་ཐོབ་ཏུ་འཇུག་པ་དང་། རིག་གནས་ཡིད་ཆེས་ཤིག་གིས་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པ་ལ་ཁ་ཕྱོགས་པ་ནི། སྟག་ཚ་དགོན་པའི་ཆོས་རིག་དཔེ་མཛོད་ཁང་གི་ཐོག་མའི་བསམ་འདུན་དང་མཐའ་མའི་དམིགས་འབེན་ཡང་ཡིན། ཁོང་ཚོས་བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་སྦྲགས། མི་རིགས་གཞན་པའི་ཕུལ་བྱུང་རིག་གནས་ཀྱང་ནང་འདྲེན་བྱས་ཏེ། རང་གི་རིག་གནས་ཇེ་རྒྱས་ཇེ་ལེགས་སུ་བཏང་།
       ལོ5ལྷག་ལ་གྲ་སྒྲིག་དང་འཛུགས་སྐྲུན་བྱས་ཏེ། 2006ལོའི་ཟླ7པའི་ཚེས2ཉིན། སྟག་ཚ་དགོན་གྱི་ཆོས་རིག་དཔེ་མཛོད་ཁང་ཡོངས་སུ་ལེགས་འགྲུབ་བྱུང་། ཆོས་རིག་དཔེ་མཛོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3571ཡོད་ཅིང་། བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩེགས་གསུམ་ཅན་གྱི་ཐོག་ཁང་དེར། དཔེ་མཛོད་ཁང་དང་། རིག་དངོས་དང་ལག་རྩལ་ཐོན་རྫས་འགྲེམ་སྟོན་ཁང་སོགས་ཡོད་ཅིང་། ཕྱིའི་རྣམ་པར་བོད་ཀྱི་སྲོལ་རྒྱུན་བཞེང་སྐྲུན་གྱི་ཁྱད་ཆོས་ཐོན་ཡོད་ལ། ནང་གི་བཀོད་པར་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ཐོན་པར་བྱས་ཏེ། མི་རྣམས་ཀྱི་དགོས་མཁོར་དམིགས་ཤིང་དངོས་པོའི་བྱེད་ལས་འབུར་དུ་ཐོན་འདུག དཔེ་ཀློག་ཁང་དུ་རྩིས་འཁོར་དང་། བརྙན་ཡོལ་སོགས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།
       ཆོས་རིག་དཔེ་མཛོད་ཁང་གིས་མཚམས་རེར་ཆེད་མཁས་པ་གདན་དྲངས་ཏེ། འབྲོག་པ་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་དང་། རྩམ་པའི་འཚོ་བཅུད་ཀྱི་རིན་ཐང་། བོད་བརྒྱུད་ནང་བསྟན་དང་དངོས་ཡོད་འཚོ་བའི་བར་གྱི་བསྡུར་བ་སོགས་ཀྱི་ནང་དོན་འཆད་ཁྲིད་དང་སྒྲོག་འགྲེལ་བྱས་པ་མ་ཟད། ཆོས་རིག་དཔེ་མཛོད་ཁང་དུ་བོད་སྐད་ཡིག་གི་ཟབ་སྦྱོང་མང་དུ་སྤེལ།
      རྒྱུས་ལོན་པ་ལྟར་ན། སྟག་ཚ་དགོན་པའི་ཆོས་རིག་དཔེ་མཛོད་ཁང་གིས་དུས་རྒྱུན་དུ་མང་ཚོགས་ལ་ཁ་ཕྱོགས་ཏེ་གླ་ཡོན་སྐར་མ་ཙམ་ཡང་མི་ལེན་པར་སྒོ་ཕྱེས་ཡོད། ད་སྐབས་སུ་རང་དགོན་གྱི་གྲྭ་བ་མ་ཚད། དཔེ་ཆར་ལྟ་མཁན་མང་ཆེ་བ་ནི་ན་གཞོན་དག་རེད། ཁོ་ཚོ་ནི་ལོ་རྒྱུས་དང་རྩོམ་རིག མཐོ་རྒྱུགས་ཀྱི་བསྐྱར་སྦྱོང་དཔེ་ཆ་སོགས་ལ་བལྟ་རྒྱུར་མོས་པ་ཆེ། 
      ངས་འདི་ནས་ཕྱུགས་རིགས་གསོ་སྐྱོང་སྐོར་གྱི་དཔེ་ཆར་བལྟས་པས། ངེད་ཚང་གི་ཟོག་ནད་བཅོས་ཐུབ་སོང་ཞེས་སྟོད་མ་སྡེ་བའི་སྡེ་མི་ཨ་དཀར་གྱིས་གསར་འགོད་པར་བཤད། ཁོ་རང་གི་འཚོ་བ་དངོས་ལ་ཕན་ཆེ་བས། ཁོས་རྒྱུན་པར་དཔེ་ཁང་ནས་དུས་ངེས་ཅན་ཞིག་ལ་སློབ་སྦྱོང་བྱེད་བཞིན་འདུག་ཅེས་ཆོས་རིག་དཔེ་མཛོད་ཁང་གི་ལས་སྣས་བཤད་བྱུང་།
      རིག་གནས་སྣ་མང་མཉམ་དུ་འདུས་ཤིང་མི་སུ་ཡིན་ཡང་དཔེ་ཀློག་བྱེད་ཆོག་པས། སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་གིས་མཛོད་དགེ་རྫོང་གི་མི་རིགས་སོ་སོའི་མང་ཚོགས་རྣམས་ཕན་ཚུན་འབྲེལ་འདྲིས་དང་འགྲོ་འོང་ལ་སྐུལ་ལྕག་བཏབ་ཅིང་། མི་རིགས་མཐུན་སྒྲིལ་གྱི་གཙང་བོ་མདུན་ནས་མདུན་དུ་རྒྱུག་པར་བསིལ་རླུང་བཞིན་སྐུལ་མ་འདེབས་བཞིན་འདུག
དཔོན་སྐྱ་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བ། 
      དཔོན་སྐྱ་སྡེ་བ་ནི་མཛོད་དགེ་རྫོང་གི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་ལ། ས་རྒྱ་ཆེ་ཞིང་། རྩྭ་ཆུ་རབ་ཏུ་མོད་པས་ཕྱུགས་འཚོ་བར་འཚམ། རྟ་ནོར་ལུག་གསུམ་གཙོ་བོར་འཚོ་བའི་ཕྱུགས་ལས་ནི་སྡེ་བ་འདིའི་སྔོན་ཆད་ཀྱི་ཡོང་འབབ་ཡོང་ཁུངས་གཅིག་པུ་རེད། འོན་ཀྱང་སྒོ་ཕྱུགས་ཀྱི་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་བསྟུན། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཡང་ཐེབས་བཞིན་ཡོད་པས། སྡེ་བ་དེ་ལ་ལས་རིགས་ཀྱི་རྣམ་པ་བསྒྱུར་བའི་ལམ་གསར་བ་ཞིག་ཉེ་བར་མཁོ། 
        2014ལོར། རྨ་ཆུའི་ཁུགས་པ་དང་པོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པས། དེའི་ཉེ་འགྲམ་གྱི་དཔོན་སྐྱ་སྡེ་བ་ལ་ཐོན་ལས་རྣམ་བསྒྱུར་རིམ་སྤར་གྱི་གོ་སྐབས་ལེགས་པོ་ཐོབ། ལྗོངས་རྒྱུ་བ་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་བསྟུན་ཏེ། དཔོན་སྐྱ་སྡེ་བའི་སྡེ་དམངས་རྣམས་ཀྱིས་ལྗོངས་སྐོར་དང་འབྲེལ་བའི་ལས་རིགས་གཉེར་ན་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་གསར་བ་ཞིག་ཡིན་པ་ཤེས་ཡོད།
        དཔོན་སྐྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་སྐྱབས་ཀྱིས་སྔོན་ཆད་ང་ཚོའི་ཡོང་སྒོ་གཙོ་བོར་སྲོལ་རྒྱུན་གྱི་ཕྱུགས་ལས་མ་གཏོགས་གཞན་ཅི་ཡང་མེད། ད་སྐབས་ལྗོངས་སྐོར་དང་ཕྱུགས་ལས་མཉམ་དུ་དར་རྒྱས་བྱུང་བས། སྡེ་དམངས་ཚང་མ་ཐོན་ལས་རྣམ་བསྒྱུར་རིམ་སྤར་དུ་ཞུགས་ཡོད་ཅིང་། ཁོ་ཚོས་རང་གི་དཔལ་འབྱོར་ཆ་རྐྱེན་དང་བསྟུན་པའི་ལྗོངས་སྐོར་གྱི་རྣམ་གྲངས་མི་འདྲ་བ་རེ་གཉེར་བཞིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།  
       དཔོན་སྐྱ་སྡེ་བ་རུ་གཟེངས་སུ་ཐོན་པའི་མགྲོན་ཁང་ཞིག་མིག་ལམ་དུ་ཤར་འོང་། དེ་ནི་ཁོ་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་དངོས་ཡིན་ཏེ། མགྲོན་ཁང་ལ་ཚད་ལྡན་ཁང་ཤག་50ལྷག་ཡོད་ཅིང་། ཟ་ཁང་དང་ས་གནས་ཀྱི་དམིགས་བསལ་ཐོན་རྫས་ཆེད་ཚོང་ཁང་། རླངས་འཁོར་འཇོག་ས་སོགས་སྒྲིག་བཀོད་སྣ་ཚོགས་འཛོམས། ཡུལ་སྐོར་ལས་རིགས་དར་བས་སྡེ་དམངས་རྣམས་ཀྱིས་ལོ་རེར་དེ་ལས་ཡོང་འབབ་མང་པོ་ལེན་ཐུབ་ཅེས་སླར་ཡང་བཤད་བྱུང་།  
       དཔོན་སྐྱ་སྡེ་བའི་སྡེ་དམངས་རྣམས་ཀྱིས་ལྗོངས་སྐོར་ལས་རིགས་ལ་བརྟེན་ཏེ་དབུལ་བྲལ་ཕྱུག་འགྱུར་བྱས་ཤིང་། མཉམ་དུ་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་བསྐྱོད་པར་འབད་བཞིན་འདུག 2018ལོར་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་སྒོར12000ལྷག་ཡོད་ལ།  རྒྱལ་ཁབ་གྱི་སྲིད་ཇུས་བཟང་པོར་བཀའ་དྲིན་ཞུ་བ་དང་། འཚོ་བ་བདེ་སྐྱིད་ཀྱིས་ཁེངས་འདུག་ཅེས་དེང་སང་ཀུན་གྱི་ཁ་ནས་བཀའ་དྲིན་དང་བདེ་སྐྱིད་ཅེས་པ་གླེང་བཞིན་འདུག
       རིག་གནས་ནང་འདྲེན་ལ་བློ་ཁོག་ཡངས་ཤིང་། དྲིན་གཟོའི་སེམས་ཀྱིས་བདེ་སྐྱིད་འཚོ་བར་ཞུགས་ཏེ། མཛོད་དགེ་རྫོང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དུས་གཏན་དུ་གོང་ནས་གོང་དུ་སྤེལ་བ་དང་། མཛོད་དགེའི་རྩྭ་ཐང་ཆེན་མོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་ལ་དབྱར་དགུན་གྱི་དབྱེ་བ་ཙམ་ཡང་མེད་པར་རྒྱས་པར་བཞད་དུ་བཅུག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1