“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-05


—— སི་ཁྲོན་གྱིས་ཐབས་མང་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་གྱི་དངོས་བྲིས།

འདི་ནི་ལི་ཐང་རྫོང་ཚོ་གསུམ་ཤང་ཚོ་གསུམ་དེང་རབས་ཞིང་ལས་གཉིས་གཏོད་ལྟེ་གནས་ཡིན་པ།
     མདོ་གནད།
      “2020ལོར་སླེབས་སྐབས་ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འཕུད་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་བཞག་པའི་དམག་བཀའ་ཁུར་ལེན་ཞུ་ཡིག་ཅིག་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2017ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་གྱིས་གཏིང་ཟབ་ཏུ་ཕྱིན་ན། དེ་ཙམ་གྱིས་དཀའ་ངལ་ཆེ་བ་ཡོད་པས་དེ་བས་འགན་འཁྲི་ནན་དུ་གཏོང་བ་དང་། གནད་སྨིན་ཇུས་འདོན། ལས་དོན་ཞིབ་ཕྲ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     གནད་སྨིན་ཇུས་འདོན་ལ་བརྟེན་ནས་གནམ་ས་གསར་པ་བཏོད་པ།
       སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཞིང་ཆེན་ཡོངས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བའི་ལས་ཀའི་མདུན་དུ། སི་ཁྲོན་ཞིང་ཆེན་གྱི་གོང་འོག་ཚང་མས་གནད་སྨིན་ཤུགས་འདོན་བྱས་ཏེ་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལེའུ་རེ་རེ་བཞིན་བརྩམས་ཡོད་པ་རེད།
      ན་ནིང་ཧུའོ་ཕུའུ་གྲོང་ཚོ“དབུལ་ཞྭ”ཕུད་པ་རེད། དེ་སྔ་གྲོང་ཚོ་དེར་མཉམ་སྡེབ་དཔལ་འབྱོར་གཅིག་ཀྱང་མེད་ཅིང་། 2017ལོར་མཉམ་སྡེབ་དཔལ་འབྱོར་ལ་གཞི་ནས་ཡོང་འབབ་སྒོར་3000རག་ཡོད། “2018ལོར་ང་ཚོས་རླམ་རྩྭ་ཕོ་སུལ་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་ལས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་38000བྱུང”ཞེས་ཧུའོ་ཕུའུ་གྲོང་ཚོའི་ཧྲུའུ་ཅི་དང་པོ་མཱ་ཐན་གྱིས་བརྗོད།
      ལེའང་ཧྲན་དུ་སྐྱོད་སྐབས་གང་སར་མཐོང་རྒྱུ་ཡོད་པའི་འགྱུར་ལྡོག་ལས་མི་རྣམས་ཀྱི་སེམས་པ་དགའ་བས་མྱོས་ཤིང་། སྙིང་སྟོབས་ཀྱིས་ཁེངས་ནས་ཡོད། དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཞིབ་ཚགས་དང་རོགས་སྐྱོར་གྱི་སྲིད་ཇུས་ཁག་གནད་སྨིན་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད།
     “དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོ་གནད་སྨིན་བྱེད་པར“ཕར་ཆིན”རྒྱག་པའི་སྙིང་རུས་ལ་བརྟེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་རྟག་ཏུ་སེམས་ནང་གནས་པས་ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་ཕོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལིན་ཧྲའུ་ཁྲེང་གིས་བརྗོད།
     ཞིང་ཁྱིམ་སྤྲོ་ཁང་དང་། མ་རྨོས་ལོ་ཏོག་གི་ཨ་རག་སྙོལ་ས། སྦྲ་གུར་གསོལ་མགྲོན་ཁང་སོགས་མང་པོ་ཞིག“གཡང་གཟར་གྲོང་ཚོར”ཐོན་ཡོད་ཅིང་། གྲོང་ཚོས་ད་དུང་ཡུལ་སྐོར་ཀུང་སི་ནང་འདྲེན་བྱས་ཏེ་ཡུལ་སྐོར་གྱི་དཔྱང་ཟམ་བཟོས་པ་རེད། གྲོང་མི་ཁག་གཅིག་གིས་ལག་ཐོགས་ཁ་པར་ནས་གྲོང་ཚོའི་དོན་དག་ཆེ་འབྲིང་ཆུང་གསུམ་ཕྱི་ཕྱོགས་ལ་ཐད་གཏོང་བྱེད་ཀྱི་ཡོད། ལྕགས་སྐས་ལ་འཛེག་མཁས་པོ་ཡོད་ལུགས་ཐད་གཏོང་བྱས་པའི་དབང་གིས་སྐད་གྲགས་ཆོད་པའི་གྲོང་མི་མོར་སེར་ལྷག་པོ་ཡུལ་སྐོར་ཀུང་སིས་གདན་ཞུ་བྱས་པའི་ཕྱི་རོལ་བྲག་འཛེག་རུ་ཁག་གི་སྣེ་ཁྲིད་པ་དང་པོར་གྱུར་བ་རེད། ད་ཆ་གྲོང་ཚོར་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་བསམ་ཕྱོགས་དེ་བས་གསལ་པོ་ཆགས་ཡོད་པ་རེད།
      ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་མཁྲེགས་སར་གཏུགས་པ།
      གྲོང་སྡོད་ལས་བྱེད་པ་མུ་མཐུད་མངགས་པ་དང་། ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་དང་རོགས་སྐྱོར་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་སོགས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་དེ་དག་ལ་གཞིགས་ནས་སི་ཁྲོན་གྱིས‘ཕར་ཆིན་རྒྱག་པའི་སྙིང་རུས’ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཁྲེགས་ས་རེ་རེར་གཏུག་བཞིན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཀུའུ་ལུའུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལུའོ་ཡུན་ལེན་གྱིས་བརྗོད།
      ལེའང་ཧྲན་དབྱིས་རིགས་ས་ཁུལ་ནི་སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་ཤུགས་རྐྱེན་བཟོ་བའི་ཚོད་འཛིན་རང་བཞིན་གྱི་རྒྱུ་རྐྱེན་ཞིག་རེད། 2018ལོར་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་རྩ་ལག་མཉམ་བཅོས་ཀྱི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་34བཏོན་པ་དང་། ཕུལ་བྱུང་གི་ལས་བྱེད་པ་5700ལས་གྲུབ་པའི་ལས་དོན་རུ་ཁག་ལེའང་ཧྲན་ཀྲོའུ་ཡི་ཤིན་ཏུ་དབུལ་བའི་རྫོང་11ཏུ་ཕྱོགས་བསྡུས་རོགས་སྐྱོར་བྱེད་པར་མངགས་པ་རེད་ཅེས་གསུངས།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ལེའང་ཧྲན་ཀྲོའུ་ཡི་ཀྲོའུ་ཀྲང་སུའུ་དཀར་བུས་ལེའང་ཧྲན་ཀྲོའུ་ཡིས་བླུན་རྨོངས་སེལ་བ་དང་། དུག་རྫས་བཅོས་སྒྲིག ནད་གཞི་སྨན་བཅོས་ཕྲུ་གུ་ཚད་ལས་བརྒལ་ནས་སྐྱེ་བ་བཅོས་སྒྲིག་བཅས་ཀྱི་དམག་འཐབ་དྲག་པོ་རྒྱག་བཞིན་ཡོད། རང་མོས་ངང་གནས་སྤོས་ཟིན་པའི་མང་ཚོགས་ལ་དམིགས་ཏེ་ལེའང་ཧྲན་ཀྲོའུ་ཡིས་ཀྲོའུ་ཁོངས་ཀྱི་རྫོང་དང་གྲོང་ཁྱེར་སྒྲོལ་ཏེ་རང་མོས་ངང་གནས་སྤོས་བྱས་པའི་དུད་ཚང་ཁྲི་3.4དང་མི་ཁྲི་15.1གཏན་འཁེལ་བྱས་པ་དང་། མི་འབོར་དབུལ་པོའི་དུད་ཚང་6682དང་མི་ཁྲི་2.5གསར་དུ་དབྱེ་འབྱེད་བྱས་ཡོད། ད་ཆ་དུད་ཚང་1397དང་མི་ཁྲི་0.4དབུལ་སྒྲོལ་ཐུབ་པ་དང་དབུལ་སྒྲོལ་མ་ཐུབ་པའི་དུད་ཚང་5285དང་མི་ཁྲི་2.1ཚང་མ་གནད་སྨིན་རོགས་སྐྱོར་གྱི་ཁོངས་སུ་བཅུག་ཡོད་ཅེས་བཤད།
       ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ལྷག་ཡོད་པའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་ནི་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲས་ཤིག་རེད། དེ་གའི་གྲོང་ཚོ་དབུལ་པོ་ཁག་གཅིག་ཏུ་མི་འབོར་ཉུང་བ་དང་ས་ཁོངས་ཀྱི་གནས་བབ་དང་ས་བབ་མཐོ་བའི་ཤུགས་རྐྱེན་ཐེབས་ནས་ཐོན་ཁུངས་དཀོན་པ་མ་ཟད་ཐོན་ཆ་སྙོམས་པོ་མེད།
      “ས་མཐོའི་རི་ཁུལ་གྱི་གནས་ཚུལ་དམིགས་བསལ་ཡིན། གལ་སྲིད་གྲོང་ཚོའི་ཚོགས་ཆུང་ཚང་མར་ཁྱད་ལྡན་ཐོན་ལས་གཉེར་ཚེ་ཐོན་ཁུངས་འབེལ་པོ་མེད་པས་གཉེར་ཐབས་བྲལ་ལ་ཁྲོམ་རའི་ཕན་འབྲས་ཀྱང་ཐོན་ཐབས་བྲལ་བ་རེད། དེས་ན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་ལེན་བསྟར་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་དང་རོགས་སྐྱོར་བྱེད་སྟངས་ལེགས་སུ་གཏོང་དགོས”ཞེས་དཀར་མཛེས་ཀྲོའུ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ཀྲང་གོ་ཧྥུའུ་ཡིས་བཤད།
      བྲག་འགོ་རྫོང་སྲིབ་མོ་གྲོང་རྡལ་གྱི་ལུང་རོང་ཞིག་ཏུ“ཧྥེ་ཏེ་རིག་ནུས་སྔོ་ཚལ་དྲོད་ཁང་ཆེ་མོ”241གྲལ་སྒྲིག་པོའི་ངང་བསྐྲུན་ཡོད་པ་དང་། དྲོད་ཁང་ཆེ་མོའི་ནང་གི་ཀྲོ་མ་ཀྲུ་ཆུང་ཆུང་དེ་དག་སྨིན་ཡོད་པ་དང་། རྒྱས་བཟང་གྲོང་ཚོའི་བོད་རིགས་གྲོང་མི་ཙེང་ཤིང་རུང་དེ་གར་ལས་ཀ་བྱས་པར་ལོར་ཡོང་འབབ་སྒོར་ཁྲི་3ཡོད་པ་རེད།
     བྲག་འགོ་རྫོང་གི་རྫོང་དཔོན་གཞོན་པ་ཝང་དབྱིང་རུང་གིས་འདི་ནི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་འཚོལ་ཞིབ་བྱས་པའི“རྫོང་ནང་ཁུལ་གྱི་ཧྥེ་ཏི”བྱེད་སྟངས་དེ་ཡིན། དྲོད་ཁང་ཆེ་མོ་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱིས་ཁ་གཏད་རོགས་སྐྲུན་བྱས་པ་དང་བྲག་འགོ་རྫོང་གི་གྲོང་ཚོ་དབུལ་པོ་ཚང་མར“ཧྥེ་ཏི”ནས་དྲོད་ཁང་ཆེ་མོ་གཉིས་ཡན་བགོ་ཐུབ་ཀྱི་ཡོད། 2018ལོར་བྲག་འགོ་རྫོང་གི་གྲོང་ཚོ་དབུལ་པོ་88ལ་དྲོད་ཁང་ཆེ་མོ་ནས་ཁེ་སྤོགས་སྒོར་ཁྲི་600ལྷག་བགོས་ཡོད་ཅེས་བཤད།
     སི་ཁྲོན་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་རྫོང་45ཡི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2013ལོའི་ལོ་མཇུག་གི་མི་ཁྲི་116ནས་2018ལོའི་ལོ་མཇུག་གི་མི་ཁྲི་36.4བར་ཉུང་དུ་ཕྱིན་ཡོད།
     འཇོན་ཐང་ཆེ་རུ་བཏང་ནས་འབྱོར་འབྲིང་ཁྱིམ་གཞིས་བསྐྲུན་པ།
      སི་ཁྲོན་ལེའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ་དང་། ས་མཐོའི་བོད་རིགས་ས་ཁུལ། ཆིན་པ་རི་ཁུལ། ཝུའུ་མོང་རི་ཁུལ་བཅས་ཀྱི་གྲོང་ཚོ་དབུལ་པོ་མི་ཉུང་བ་ཞིག་དབུལ་སྒྲོལ་ཐུབ་ཡོད།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དབུལ་པོ་བསྐྱར་ལོག་བཀག་འགོག་དང་མུ་མཐུད་འགག་སྒྲོལ་བྱ་རྒྱུ་གཉིས་གལ་ཆེ་མཉམ་ཡིན། དབུལ་ཞྭ་ཕུད་པའི་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དུད་ཚང་དབུལ་པོ་བཅས་ཀྱིས་མུ་མཐུད་རྨང་གཞི་བརྟན་དུ་བཏང་ནས“རང་བརྟེན”འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
      སི་ཁྲོན་གྱིས་དབུལ་པོ་བསྐྱར་ལོག་ལ་བཀག་འགོག་དང་མུ་མཐུད་འགག་སྒྲོལ་སྤྱི་འདོམས་དང་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བྱས་ཡོད། “ཕར་ཆིན”རྒྱག་པའི་ཁྲོད་དེ་སྔའི་ས་ཁུལ་དབུལ་པོ་དེ་དག་རིམ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད།
      ཆིན་པ་རི་ཁུལ་དུ་གནས་པའི་ཀོང་ཡོན་གྲོང་ཁྱེར་ཅན་ཀེ་རྫོང་ཡའོ་ཅ་ཤང་ཡིང་ཤིས་གྲོང་ཚོ་ཤ་མོ་དང་མོག་རོ་སོགས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་རུང་། ཧྲུའུ་ཅི་ཨང་དང་པོ་ལི་ཙེང་ཆང་ད་དུང་རྫོང་དུ་ལས་ཀར་སྐྱོད་འདོད་བྱེད་ཀྱི་མེད། “ངས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཇི་ལྟར་བཏང་སྟེ་གྲོང་གསེབ་དངོས་འབྲེལ་དར་རྒྱས་ཡོང་བ་བྱེད་དགོས་པའི་ཐད་བསམ་བློ་གཏོང་བཞིན་ཡོད”ཅེས་ལི་ཙེང་ཆང་གིས་བཤད་པ་དང་དེ་ཡང་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ཐབས་ལམ་ཞིག་ཀྱང་རེད།
      དབུན་ཁྲོན་རྫོང་ཁེ་ཀུའུ་ཤང་ཏ་སི་གྲོང་ཚོའི་རི་འདེབས་སུ་ཆའང་རིགས་ཀྱི་ཁྱད་ལྡན་གྲོང་མིའི་སྡོད་ཁང་སྟར་དུ་ཆགས་ཡོད། ལོ་འགའི་གོང་གྲོང་ཚོ་དེ་ནི་དཔེ་མཚོན་གྱི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་གྲོང་ཚོས་ལི་དང་འབྲི་ཏ་ས་འཛིན་བཏབ་པ་བརྒྱུད་དབུལ་སྒྲོལ་ཐུབ་ཡོད་པ་རེད། ད་ཆ་ཏ་སི་གྲོང་ཚོས་ཁྱིམ་ཚང་མགྲོན་ཁང་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བཞིན་ཡོད། 2018ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཁྲེང་ཏུའུ་དང་། ཁྲུང་ཆིང་། མན་དབྱང་སོགས་ཀྱི་ཡུལ་སྐོར་བ་ཁྲི་10ཡན་ཟིན་པ་དང་། གྲོང་ཚོ་ཡོངས་སུ་ཡུལ་སྐོར་བྲིན་ཚོང་དང་། སྣེ་ལེན། ཞབས་ཞུ་སོགས་ལས་ཡོང་འབབ་སྒོར་ཁྲི་20ཡན་བྱུང་ཡོད་པ་རེད།
     སི་ཁྲོན་གྱི་རི་ཁུག་ཏུ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པའི་ས་ཁུལ་གྱིས་མུ་མཐུད་ཐོན་ལས་སྐས་རིམ་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཐབས་ལམ་མང་པོ་བཏོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1