ཞི་ཅིན་ཕིང་གི་གསུང་བཤད་ལ་གཞོན་ནུའི་ཁྲོད་ལན་ཆ་བཟང་པོ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-06



               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་གཞོན་ནུའི་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། རྒྱ་ཆེའི་གཞོན་ནུ་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་ཏེ་ལྔ་བཞིའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱ་རྒྱུའི་རྣམ་པ་བསྟན་པ།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། དུས་རབས་གསར་པར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་བླང་བྱ་གལ་ཆེན་ཁ་གསལ་བཏོན་གནང་བ་དང་། དེང་རབས་གཞོན་ནུར་བརྩེ་བ་ཟབ་པའི་མངགས་བཅོལ་གནང་བས་རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་གཞོན་ནུས་དུས་རབས་གསར་པ་དང་མཐུན་པ་དང་། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད་པའི་འགྱུར་བ་མེད་པའི་དད་སེམས་ལ་སྐུལ་མ་ཐེབས་ཡོད། རྒྱ་ཆེའི་གཞོན་ནུ་རྣམ་པས་གཅིག་མཇུག་གཉིས་མཐུད་ངང་ལྔ་བཞིའི་སྙིང་སྟོབས་དར་སྤེལ་མུ་མཐུད་བཏང་ནས་ལྔ་བཞིའི་སྙིང་སྟོབས་ལ་དུས་རབས་གསར་པར་འོད་སྟོང་སྔར་ལས་ལྷག་པ་འཕྲོ་ཐུབ་པ་བྱ་རྒྱུའི་རྣམ་པ་བསྟན་པ་རེད།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་དེང་རབས་ཀྱི་གཞོན་ནུ་ཚོར་བརྩེ་བ་ཟབ་པའི་མངགས་བཅོལ་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་དུས་རབས་ཀྱི་འགན་འཁྲི་འཁུར་ནས་དཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་དུ་སྐྱོད་པ་དང་། དུས་རབས་ཀྱི་གདོང་སྐྱོད་པར་འགྱུར་བའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་དུས་མཚུངས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་དཀའ་སྤྱད་འབད་འཐབ་བྱེད་དགོས་ཞེས་གསུངས་གནང་ཡོད།
               ཞི་ཅིན་ཕིང་གིས། འབད་འཐབ་ནི་ལང་ཚོའི་ཆེས་མཚར་སྡུག་ལྡན་པའི་རྣམ་པ་ཞིག་ཡིན། དུས་རབས་གསར་པར་ཀྲུང་གོའི་གཞོན་ནུས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་གྱི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་དགོས་པ་དང་། དཀའ་ངལ་མཐའ་དག་ལ་སྤུ་ཙམ་ཡང་མི་སྐྲག་པར་རླུང་རྟེན་རླབས་གཤག་ཁྲོད་གསར་གཏོད་མདུན་སྐྱོད་དང་། དཀའ་ངལ་ཡོངས་སེལ་ཁྲོད་གནམ་ས་གཏོད་པ། དཀའ་སྤྱད་འགག་གཏོར་ཁྲོད་ལས་ཀའི་གྲུབ་འབྲས་གཏོད་པ་བཅས་བྱས་ཏེ། ལང་ཚོ་དང་རྔུལ་ཆུས་འཛམ་གླིང་སྐྱེ་བོ་ཀུན་ཡིད་སྨོན་འཆོར་བའི་ངོ་མཚར་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད་པ་རེད།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་མཁའ་སྐྱོད་དྲིན་གསོའི་ཟླ་བའི་ལྷ་མོ་རྟགས་ཅན་གྱི་ཚོགས་པ་དང་ལྷ་གྲུ་རྟགས་ཅན་གྱི་ཚོགས་པའི་ཆ་སྙོམས་ལོ་༣༣ཡིན་པ་དང་། བྱང་སྐར་རྟགས་ཅན་གྱི་ཚོགས་པའི་ཆ་སྙོམས་ལོ་༣༥ཡིན་པས་ཕུལ་བྱུང་གཞོན་ནུ་དེ་ལྟ་བུ་གྲངས་ལས་འདས་པ་ཡོད་ཅེས་དམིགས་བསལ་དུ་གསུངས་གནང་ཡོད།
               ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་རྒྱ་ཆེའི་གཞོན་ནུའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཁྲེན་ཡའོ་ནི་ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱི་ཕྱོགས་སྟོན་སྒྲིག་བཟོ་དང་ཚོད་འཛིན་ཡན་ལག་མ་ལག་གི་མཉེན་ཆས་ཇུས་འགོད་པ་ཡིན། ད་ལོའི་ལོ་སྟོད་དུ་ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་མཁའ་སྐྱོད་ཡོ་བྱད་ལ་བརྟེན་ནས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་བབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་འགན་ལ་ཞིབ་འཇུག་དང་ཚོད་ལྟ་བྱེད་མཁན་མི་སྣའི་འཐུས་མི་དང་མཇལ་འཛོམས་གནང་ཡོད།
               ཁྲེན་ཡའོ་ཡིས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་། གཞོན་ནུ་མི་རེ་ངོ་རེར་རྒྱལ་གཅེས་ཀྱི་སྤྲོ་སེམས་ལྡན་པ་བྱས་ཏེ། རྩ་ཆེའི་ལང་ཚོ་ང་ཚོས་དགའ་ཞེན་བྱེད་པའི་མེས་རྒྱལ་དང་བློ་དཀར་སེམས་དཀར་བྱེད་པའི་བྱ་གཞག་ལ་ལེགས་སྐྱེས་སུ་འབུལ་བ་དང་། ཏང་དང་མི་དམངས་ཀྱིས་ང་ཚོར་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ལེགས་འགྲུབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
               རྒྱལ་སྲུང་ཚན་རྩལ་སློབ་ཆེན་གློག་རྡུལ་ཚན་རིག་སློབ་གླིང་གི་ཕྱོགས་སྟོན་དང་བར་སྣང་ཁམས་ཀྱི་ལག་རྩལ་ལས་གཞིའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་པོ་ཡུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་སྐར་ཚོགས་པ་འདི་ཉིད་གཞོན་ནུའི་གསར་སྐྲུན་གསར་གཏོད་པའི་དཔེ་མཚོན་ལ་བརྩིས་གནང་བ་དེས་བྱང་སྐར་ཚོགས་པའི་ལས་མི་ཡོངས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཅེས་བསྟན་ཡོད་པ་རེད།
               ལི་པོ་ཡུའེ་ཡིས། ང་ཚོ་བྱང་སྐར་ཚོགས་པའི་གཞོན་ནུས་ངེས་པར་དུ་བདེན་པ་བདེན་ཐུབ་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། གསར་གཏོད་གསར་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་བྱང་སྐར་ཕྱོགས་སྟོན་མ་ལག་འདི་ཉིད་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ལ་འགྱུར་བ་དང་། ང་ཚོ་ནི་དུས་རབས་གསར་པའི་ཕུགས་བསམ་བརྩོན་ལེན་པ་དང་ཕུགས་བསམ་མངོན་འགྱུར་པར་འགྱུར་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
               ཟླ་བའི་ཕོ་བྲང་དང་པོ་རྟགས་ཅན་གྱི་ཚོགས་པར་སྐབས་༢༣པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་བྱ་དགའི་རྟགས་མའི་མཉམ་སྡེབ་ཅེས་པའི་མཚན་སྙན་ཐོབ་ཡོད་པ་རེད། ན་ནིང་སྤྱི་ཟླ་8པར། ཟླ་བའི་ཕོ་བྲང་དང་པོ་རྟགས་ཅན་གྱི་ཚོགས་པས་འཛམ་གླིང་ཐོག་དུས་ཚོད་རིང་ཤོས་དང་ཁ་ཟུམ་ཚད་མཐོ་ཤོས་ཀྱི་སྐྱེ་དངོས་སླར་སྐྱེས་ཚེ་སྲོག་འགན་ལེན་མ་ལག་ཚོད་ལྟ་ལེགས་གྲུབ་ཟིན་ཡོད། ཁོངས་མི་དབྱི་ཡུའེ་ཡིས། ཚོགས་པས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དཔའ་ངར་ཆེན་པོས་དུས་རབས་ཀྱིས་མདུན་གྲལ་དུ་སྐྱོད་པའི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་དགོས་ཞེས་པ་ལག་ལེན་བསྟར་བ་ཞིག་ཡིན་ཞེས་བསྟན་ཡོད་པ་དང་། དབྱི་ཡུའེ་ཡིས། ང་ཚོར་ཐོག་མར་གང་ཡང་མེད་པ་དང་། དེ་རྗེས་ང་ཚོའི་ཚོགས་པས་སྔོན་ལ་ཚན་པའི་འགག་རྩའི་ལག་རྩལ་འགག་གཏོར་བྱས་པ་དང་། མཐའ་མཇུག་མ་ལག་གཅིག་བསྡུས་བྱས་ཡོད། མིག་སྔར་དེའི་མཇུག་འབྲས་ནི་འཛམ་གླིང་ཐོག་སྔོན་ཐོན་ཡིན་པ་དང་། གསར་གཏོད་རང་བཞིན་དང་མཐུན་གྱི་ཡོད་ཅེས་བསྟན་ཡོད་པ་རེད།
               འབད་འཐབ་ལམ་བུའི་ཐོག་བདེ་ལམ་ཁོ་ན་ཡིན་མི་སྲིད། སྟོབས་ཤུགས་ལྡན་པ་ཚོས། རྟག་ཏུ་བར་ཆད་ཁྲོད་འབད་བརྩོན་ཟམ་མི་ཆད་པ་བྱེད་པ་དང་། དུས་ནམ་ཡང་ཡིད་ཐང་ཆད་མི་སྲིད། སྤྱི་ལོ་༢༠༠༦ལོར་ཆོང་ཀྲུང་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཧའེ་ནན་དུ་དངོས་སུ་བཙུགས་ཡོད། བཙུགས་ཟིན་པའི་དུས་འགོར། སྤོ་ལོའི་རུ་ཁག་ལ་སྒྲིག་ཆས་དང་ཉལ་ཁང་། སྤོ་ལོ་རྒྱག་སའི་ས་ཆ་བཅས་མེད་པ་རེད། འོན་ཀྱང་སྤོ་ལོའི་རུ་ཁག་གིས་ཕམ་ཉེས་ལ་མི་སྐྲག་པར། རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཡོད་པས། སྔ་རྗེས་སུ་ཀེ་ཏེ་པའོ་བུམ་པའི་འཛམ་གླིང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ནང་རྒྱལ་ཁབ་ཕྱི་ནང་གི་ཨང་དང་པོ་མང་པོ་བླངས་ཡོད་པ་རེད། ད་ལོ་ཆོང་ཀྲུང་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་ཉིད་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་བྱ་དགའི་རྟགས་མའི་མཉམ་སྡེབ་ཅེས་པར་བདམས་ཐོན་བྱུང་ཡོད། རྩལ་སློབ་པ་ཞའོ་ཧྲན་གྱིས། ང་ཚོས་ཐོག་མཐའ་བར་གསུམ་དུ་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག གསར་གཏོད་པའི་སྙིང་སྟོབས་ཐོག་ནས། ཕྲུ་གུ་དེ་བས་མང་བ་རྐང་རྩེད་སྤོ་ལོའི་སློབ་གསོ་བརྒྱུད་སྤྱི་ཚོགས་ཐོག་སྐྱོད་ཐུབ་པ་བྱེད་ཀྱི་ཡོད། ང་ཚོའི་སློབ་མ་དང་ཕྲུ་གུ་ཚང་མ་གཞི་རིམ་ནས་ཡོང་བ་དང་། རང་ཉིད་ཀྱི་ཕུགས་བསམ་དང་མི་ཚེའི་དམིགས་འབེན་ཆེད་འབད་བརྩོན་བྱེད་ཀྱི་ཡོད། ལོ་ངོ་༡༣རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་སྙིང་སྟོབས་དེ་རྒྱུན་འཛིན་བྱེད་ཀྱི་ཡོད་ལ་གྲུབ་འབྲས་ཀྱང་ངེས་ཅན་ཐོབ་ཡོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་ད་དུང་ཧེ་བག་ཆེན་པོ་ཡོད་པས། ང་ཚོས་མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
               མིག་སྔར། རང་རྒྱལ་དུ་སློབ་གྲྭར་ཡོད་པའི་སློབ་གྲྭ་ཆེན་མོ་བ་བྱེ་བ་གསུམ་དང་ས་ཡ་བདུན་ཡོད་པ་དང་། མཐོ་རིམ་སློབ་གསོའི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན་མཐོ་རིམ་སློབ་གྲྭར་རྟོག་ཞིབ་ཐེངས་མང་གནང་བ་དང་། སློབ་གྲྭ་ཆེན་མོ་བ་ཚོ་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་རྒྱུའི་སྐུལ་མ་གནང་ཡོད། ད་ལོའི་ལོ་འགོར། ནན་ཁའེ་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་འཛམ་གླིང་ལོ་རྒྱུས་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཚའོ་ཡུའེ་ཡན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤེལ་རེས་བྱེད་མྱོང་ཡོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་དེས། རང་ཉིད་ནས་སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་སློབ་མ་ཚོ་ཤེས་ལྡན་པར་འགྱུར་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་རེ་སྒུག་གནང་གི་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་བསྟན་ཡོད་པ་་དང་། ཚའོ་ཡུའེ་ཡན་གྱིས། ལོ་རྒྱུས་ཚན་ཁག་གི་སློབ་མ་ཞིག་ཡིན་པའི་ངོས་ནས། ང་རང་ནས་ང་ཚོས་ལྔ་བཞིའི་ལས་འགུལ་གྱི་གོང་འཕེལ་འགྲོ་ཚུན་དང་ལོ་རྒྱུས་རིན་ཐང་གསལ་པོ་ཤེས་པ་བྱེད་པ་དང་། ང་ཚོ་མི་སྒེར་གྱི་རིག་གཞུང་ཞིབ་འཇུག་དང་སྤྱི་ཚོགས་གོང་འཕེལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཤེས་རྟོགས་དང་བེད་སྤྱོད་ཐུབ་པ་དང་། ཤེས་ལྡན་པར་འགྱུར་ནས་དངོས་སུ་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་ཀྲུང་ཧྭ་བསྐྱར་དར་ཡོང་བ་བྱེད་པའི་འགན་འཁྲི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
               མི་རབས་སོ་སོར་རང་སོ་སོའི་རྒྱང་སྐྱོད་ལམ་བུ་ལྡན་ཡོད་ལ། མི་རབས་སོ་སོར་རང་སོ་སོའི་འགན་འཁྲི་ལྡན་ཡོད། མེང་ཞང་ཧྥེ་ནི་རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ཐན་ཅིན་ལྟེ་གནས་ཀྱི་འགན་འཁུར་བ་ཡིན་པ་དང་། ལོ་བཅུའི་ནང་ཁོང་གི་ཚོགས་པས་ཐན་ཧེ་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་རབ་དང་རིམ་པའི་བེད་སྤྱོད་ལག་རྩལ་གསར་སྤེལ་དང་གསར་གཏོད་བྱེད་པའི་ལས་ཀའི་འཐབ་ས་དང་པོར་འབད་འཐབ་གནང་བཞིན་ཡོད་པ་རེད། པེ་ཅིང་དུ་ཚོགས་ཆེན་ལ་ཞུགས་ཟིན་མ་ཐག ཁོང་བྲེལ་འཚུབ་ངང་ལས་ཁུངས་ལ་ལོག་ནས་ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོའི་ཕྱག་ལས་ནང་ཞུགས་ཡོད་པ་རེད། མེང་ཞང་ཧྥེ་ཡིས། དུས་རབས་གསར་པ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་དུས་རབས་ཡིན་ལ། མི་རིགས་རླབས་ཆེའི་བསྐྱར་དར་ཕྱོགས་སུ་སྐྱོད་པའི་དུས་རབས་ཤིག་ཀྱང་ཡིན། ང་ཚོ་ནི་མི་རབས་གསར་པའི་ཚན་རྩལ་ལས་དོན་པ་ཡིན་པའི་ངོས་ནས། ཚན་རྩལ་གྱི་སྔོན་ཐོན་ལ་འགྲན་རྩོད་བྱེད་ཕོད་པ་དང་། རང་བདག་གསར་གཏོད་བྱེད་ཕོད་པ་བྱེད་པ་མ་ཟད། ང་ཚོའི་ལང་ཚོའི་འབད་བརྩོན་ལ་བརྟེན་ནས། ང་ཚོའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1