—ནར་སོན་པའི་བུ་ཕྲུག་ཚོར་ཕ་མ་བདག་སྐྱོང་བྱེད་པའི་འོས་འགན་ཡོད།
1999ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཐོག ཚའེ་གོ་ཆིང་དང་། ཁྲེན་ཧུང་། ཅང་ཐའོ། ཀྲང་མའེ་བཅས་ཀྱིས་མཉམ་དུ་བླངས་པའི་གླུ་གཞས་ཁྱིམ་དུ་ཡང་ཡང་ལོག་དང་ཞེས་པ་དེས་ཉན་མཁན་ཁྲི་ཕྲག་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག གླུ་གཞས་ལས་ཀྲུང་ཧྭའི་བུ་ཕྲུག་དག་གིས་རང་ཁྱིམ་དྲོན་མོར་བཅངས་པའི་བརྩེ་དུང་དང་། བུ་ཕྲུག་རྣམས་ཀྱི་དྲིན་ཆེན་ཡབ་ཡུམ་ལ་བརྗོད་འདོད་པའི་སྙིང་གཏམ་མཚོན་པ་མ་ཟད། ད་དུང་ན་གཞོན་ཚོས་ལས་བྲེལ་ཇི་ལྟར་ཆེ་རུང་ཁྱིམ་གཞིས་དྲོན་མོའི་རེ་སྒུག་ངེས་པར་དུ་སེམས་ཁོངས་སུ་འཆང་དགོས་པ་དང་བསྟུན་ནས་རྒན་རྒོན་ལ་གཟིགས་སྐྱོང་བྱེད་དུ་འགྲོ་དགོས་ཚུལ་གླེང་ཡོད། ལོ་ངོ་བཅུ་ཕྲག་ལྷག་འདས་ཟིན་པའི་དེང་གི་ཆར། ཁྱིམ་དུ་ཡང་ཡང་ལོག་དང་ཞེས་པའི་གླུ་གཞས་འདིས་གཉེན་ཉེ་དུ་བར་གྱི་བརྩེ་སེམས་ཀྱི་འབོད་བརྡ་རྐྱང་རྐྱང་ཞིག་མཚོན་པར་བྱས་ཡོད། 2012ལོའི་ཟླ11པའི་ཚེས28ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས 《རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》 ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད། བཅའ་ཁྲིམས་གསར་བ་འདིའི་ནང་དུ་ལུགས་རྙིང་གི་ཟླ་དགུ་བའི་ཚེས་དགུ་ཉིན “རྒན་རྒོན་དུས་ཆེན”དུ་གཏན་འབེབས་བྱས་པ་དང་། ཁྱིམ་ཚང་ཞིག་ལ་མཚོན་ན་བཟའ་མི་ཚོས་རྒན་རྒོན་དག་གི་བསམ་པའི་དགོས་མཁོར་སེམས་ཁུར་དང་། རྒན་རྒོན་ཚོའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱེད་པ་ལས་སྣང་མེད་དུ་འཛིན་མི་རུང་ལ། རྒན་རྒོན་ཚོ་དང་ཁ་གྱེས་ནས་སྡོད་པའི་ཁྱིམ་མིས་དུས་རྒྱུན་རྒན་རྒོན་ལ་ཡང་ཡང་གཟིགས་སྐྱོང་དང་འཚམས་འདྲི་བྱེད་པར་སྐྱོད་དགོས་ཚུལ་བཏོན་ཡོད། དེར་སྨྱན་སྦྱོར་ལས་དེ་ནི་བཅའ་ཁྲིམས་ཀྱིས་ཁྱེད་ཉིད་ལ་ཁྱིམ་དུ་ཡང་ཡང་ལོག་དང་ཞེས་པའི་བླང་བྱ་བཏོན་པས། གལ་སྲིད་ཁོམ་ལོང་ཡོད་ཀྱང་ཁྱིམ་དུ་ཕ་མར་གཟིགས་སྐྱོང་བྱེད་པར་མ་ཕྱིན་ཚེ་ཁྲིམས་དང་འགལ་བར་རྩི་རྒྱུ་ཡིན་པ་གསལ་རྟོགས་ཡོང་བར་བྱེད་པ་རེད།
བཅའ་ཁྲིམས་ཀྱི་གཏན་འབེབས་འདི་དག་སྐོར་ལ། མི་ལ་ལས་དོགས་འདྲི་བྱས་ཏེ། རྒྱུན་དུ་ཕ་མར་གཟིགས་སྐྱོང་བྱེད་པར་ཡོང་མིན་ནི་བུ་ཕྲུག་གིས་ཕ་མར་བཀུར་བསྟི་བྱེད་འདོད་ཡོད་མེད་ལ་རག་ལས་ཤིང་། ཀུན་སྤྱོད་ཐད་ཀྱི་གནད་དོན་འབའ་ཞིག་ཡིན་པས། བཅའ་ཁྲིམས་ཀྱིས་བུ་ཕྲུག་ལ་བཙན་ཤེད་ཀྱི་སྒོ་ནས་ཁྱིམ་དུ་ལོག་ནས་ཕ་མར་གཟིགས་སྐྱོང་བྱེད་དུ་བཅུག་ན་མི་འོས་པའི་འདོད་ཚུལ་འཛིན་པ་རེད། འོ་ན། བཅའ་ཁྲིམས་ལ་ཀུན་སྤྱོད་ཀྱི་གནད་དོན་འདི་འདྲ་གཏན་འབེབས་བྱེད་པའི་དབང་ཆ་ཡོད་དམ།
བཅའ་ཁྲིམས་དང་ཀུན་སྤྱོད་གཉིས་ནི་ཕྱིའི་སྤྱོད་པ་ཚོད་འཛིན་དང་ཚད་ལྡན་དུ་གཏོང་བྱེད་ཡིན་ཡང་། དེ་གཉིས་ལ་རྩ་བའི་ཁྱད་པར་ཡོད་དེ། བཅའ་ཁྲིམས་ནི་གཙོ་བོ་བཙན་ཤེད་རང་བཞིན་དང་། ཀུན་སྤྱོད་ནི་གཙོ་བོ་རང་གཅུན་རང་བཞིན་དུ་གཏོགས་པ་རེད། ཡིན་ན་ཡང་དེ་གཉིས་ལ་འབྲེལ་བ་གཏན་ནས་མེད་པ་མ་ཡིན་ཏེ། བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པའི་ཚད་གཞི་ཁ་ཤས་ནི་ཀུན་སྤྱོད་ཚད་གཞི་ལས་བྱུང་བ་ཡིན་པ་ལ་དཔེར་ན། ཕ་མས་ནར་མ་སོན་པའི་བྱིས་པ་གསོ་སྐྱོང་བྱེད་པ་དང་། ནར་སོན་པའི་བུ་ཕྲུག་ཚོས་ཕ་མ་ལྟ་སྐྱོང་བྱེད་དགོས་པ་ལྟ་བུ་རེད། རང་རྒྱལ་གྱི་རྩ་ཁྲིམས་དང《གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས》གཉིས་ཀའི་ནང་དུ། ཕ་མར་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད་པ་དང་། ནར་སོན་པའི་བུ་ཕྲུག་ཚོར་ཕ་མར་ལྟ་སྐྱོང་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད་པའི་གཏན་འབེབས་བྱས་ཡོད། བུ་ཕྲུག་གི་གསོ་སྐྱོང་འོས་འགན་ལ་དངོས་པོའི་ཐད་ཀྱི་རོགས་སྐྱོར་ཙམ་མ་ཟད་ཕ་མའི་བསམ་པའི་ཞབས་ཏོག་བསྒྲུབ་དགོས་པ་ཡང་འདུས་ཡོད། “ཁྱིམ་དུ་ཡང་ཡང་ལོག་དང”ཞེས་པ་བཅའ་ཁྲིམས་ནང་འཇུག་དོན་ནི་སྤྱི་ཚོགས་ཀྱིས་རྒན་རྒོན་ཚོར་གཟིགས་སྐྱོང་བྱེད་རྒྱུར་དོ་སྣང་ཡོང་བར་འབོད་སྐུལ་གཏོང་ཆེད་ཡིན།
བཅའ་ཁྲིམས་གསར་བ་ལག་བསྟར་བྱེད་པའི་ཉིན་ཐོག་མར། རྒྱལ་ཡོངས་ཀྱི་བསམ་པའི་ཞབས་ཏོག་ཐད་ཀྱི་གྱོད་དོན་ཐོག་མ་དེ་ཅང་སུའུ་ཞིང་ཆེན་ནས་ཁྲིམས་བཅད་ཁྱབ་བསྒྲགས་བྱས། ཁྲིམས་དཔོན་གྱིས་མ་ཆེ་གེ་མོས་རང་གི་ཨ་མ་ཁྲུའུ་ཆེ་གེ་མོ་ལ་ཚད་ངེས་ཅན་གྱི་དཔལ་འབྱོར་ཁ་གསབ་སྟེར་བ་ལས། ཁྲིམས་བཅད་ལ་ནུས་པ་ཐོན་པའི་ཉིན་དེ་ནས་བཟུང་། ཟླ་གཉིས་ཀྱི་ནང་དུ་ཆེས་ཉུང་ན་ཡང་ཐེངས་གཅིག་ལ་ཁྲུའུ་ཆེ་གེ་མོ་ལྟ་རུ་འགྲོ་དགོས་པ་དང་། གལ་ཏེ་བུ་ཕྲུག་གིས་ལྟ་སྐྱོང་གི་འོས་འགན་ལག་བསྟར་མ་བྱས་ན། ཁེ་དབང་འཛིན་མཁན་གྱིས་བཙན་ཤེད་ཀྱི་སྒོ་ནས་ལག་བསྟར་བྱེད་པར་རེ་ཞུ་བྱས་ཆོག་ལ། ལག་བསྟར་གྱི་གོ་རིམ་ཁྲོད་དུ་གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་བལྟས་ནས་དངུལ་ཆད་གཅོད་པའམ་བཀག་ཉར་བཅས་བྱེད་པ་ཡིན།
“ཁྱིམ་དུ་ཡང་ཡང་ལོག་དང”ཞེས་པ《རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སུ་བཅུག་ནས་དངོས་སུ་ལག་བསྟར་བྱས་ཟིན་པ་རེད། འདི་ནི་བཅའ་ཁྲིམས་གྱི་ཡར་ཐོན་ཆེན་པོ་ཞིག་ཡིན་ལ། བཅའ་ཁྲིམས་ཀྱི་མི་གཤིས་རང་བཞིན་མཚོན་ཡོད་ཅིང་། ཀྲུང་གོའི་གཉེན་ཇེ་དུའི་མཛའ་བརྩེར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དང་། རྒན་རྒོན་ཚོས་བུ་ཕྲུག་ཡུལ་ལ་ལོག་པར་རེ་བའི་བསམ་འདུན་དྲག་པོ་དང་མཐུན་པ་རེད། དེ་ན་ཁྱེད་ཉིད་དུས་ཡུན་ག་ཙམ་ཅིག་ལ་ཕ་མར་ཐུག་མེད། རེམ་པར་ཡུལ་ལ་ལོག་དང་། བཟའ་མི་དང་མཉམ་དུ་སྡོད་པའི་བདེ་སྐྱིད་ལོངས་སུ་སྤྱོད་རོགས།