སི་ཁྲོན་གྱི་བོད་སྡེ་སྟོང་གི་སྤུས་ལེགས་པྲ་ཚིལ་འདྲ་བརྙན་ཁང་དུ་ཁམས་པའི་འདས་པའི་འཚོ་བ་སླར་གསོ་བྱས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-09


     སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་དགེ་གནས་ནུབ་ལམ་གྱི་“ལི་ཐང་གནའ་གྲོང་། བོད་སྡེ་སྟོང་”4Aལྗོངས་ཁུལ་གྱི་ཉར་ཚགས་བཟང་པོ་བྱས་པའི་གནའ་ཁང་ཞིག་གི་ནང་དུ་ཁམས་པའི་འདས་ཟིན་པའི་འཚོ་བའི་རྣམ་པ་མཚོན་པའི་པྲ་ཚིལ་གྱི་འདྲ་བརྙན་ཁང་ཐོག་མ་དེ་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་200ཡོད་པའི་ལི་ཐང་གི་ཁམས་པའི་རྟེན་མཛོད་ཁང་འདི་ནི་ལོ་ངོ400ལྷག་གི་ལོ་རྒྱུས་ལྡན་པའི་གནའ་ཁང་ཞིག་ཏུ་བསྐྲུན་ཡོད་ཅིང་། ཁང་པ་དེའི་རྡོ་དང་སོ་ཕག་རེ་རེར་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ཡོད། གནས་འདི་ནི་དེ་སྔོན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་སྲོལ་བཤམས་མཛོད་ཁང་ཞིག་ཡིན་ཞིང་། རྒན་རབས་པ་ཚོའི་འབད་པའི་འོག་གནའ་ཁང་འདི་ཉར་ཚགས་ཐུབ་ཡོད་པ་མ་ཟད། ད་དུང་དེའི་ཁྲོད་དུ་དོམ་གྱི་སྡེར་མོས་སྤྲས་པའི་རྟ་སྒ་སོགས་རིག་དངོས་རྩ་ཆེན་མང་པོ་ཉར་ཚགས་བྱས་ཡོད། ལི་ཐང་བ་ཚོར་མཚོན་ན། འདི་རུ་དམིགས་བསལ་གྱི་དྲན་ཤེས་དང་མེས་པོ་ཚོའི་མཛད་རྗེས་ཡོད་ལ། དེ་བས་ཀྱང་རང་གི་རིག་གནས་ལ་བཅངས་པའི་རེ་བ་དང་བརྩི་མཐོང་ཆེན་པོ་དེ་ཡོད་པ་མ་ཟད། ཁམས་པའི་ངོ་གདོང་དང་བོད་ཀྱི་གནའ་བོའི་འཚོ་བ་སྐྱེལ་སྟངས་དག་པྲ་ཚིལ་གྱི་འདྲ་བརྙན་ལམ་ནས་མི་རྣམས་ཀྱི་མིག་ལམ་དུ་སྟོན་ཡོད། 
     ལི་ཐང་རྫོང་གིས་2019ལོའི་ཟླ་3ཚེས་21ཉིན་ནས་བཟུང་གནའ་ཁང་འདི་བསྒྱུར་བཀོད་བྱེད་འགོ་བརྩམས་པ་དང་། ཆེད་དུ་རྒྱལ་ཁབ་ཕྱི་ནང་གི་ཇུས་འགོད་པ་གདན་དྲངས་ཤིང་། ས་གནས་དེ་གའི་རྒན་རབས་པ་དང་མཁས་དབང་རྣམས་བློ་འདྲི་ས་བྱས་ཏེ། ཁམས་པའི་ངོ་གདོང་གི་ཁྱད་ཆོས་ལ་གཞིགས་ནས་པྲ་ཚིལ་གྱི་འདྲ་བརྙན་21བཟོས་པ་དང་། ལི་ཐང་ས་གནས་རང་གི་མི་མངགས་ནས་ཚ་རུ་དང་སྣམ་བུ། གསེར་ཞྭ་སོགས་གནའ་དུས་ཀྱི་རྒྱན་ཆ་དང་འཚོ་བའི་ཡོ་བྱད་འཚོལ་སྡུད་བྱས་ནས། མེས་པོ་ཚོའི་གཟུགས་བརྙན་དང་འཚོ་བའི་རྣམ་པ་སླར་གསོ་བྱེད་ཐབས་བྱས་ཡོད། 
      ལི་ཐང་བའི་གཟུགས་བརྙན་ལ་གཞིགས་ནས་པྲ་ཚིལ་གྱིས་བཟོས་པའི་འདྲ་བརྙན་21ནི་ཧྲན་ཏུང་དུ་བཟོས་ཤིང་། འགྲེམས་དར་དང་མཐོང་ཚོར་ནི་པེ་ཅིང་ནས་ཡོང་བའི་ཇུས་འགོད་ཚོགས་པས་དངོས་སུ་བཟོས་པ་རེད། གསལ་བཤད་ཚང་མ་ནི་ལྷ་ས་དང་ཧྲང་ཧའེ་ཡི་ཆེད་ལས་ལོ་ཙཱ་བས་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་ལ་ཡིག་སྒྱུར་བྱས་ཡོད། ཆེ་བ་ཤིང་གི་བཟོས་པའི་འབྲི་མཛོད་དང་བོད་སྨན་སྨན་བཅོས་ཡོ་བྱད། ཆུང་བ་ཤིང་སྒམ་ཆུང་ཆུང་ཞིག་དང་ཀོ་བ་ཚང་མ་ལི་ཐང་གི་ས་ཆ་སོ་སོ་ནས་འཚོལ་སྡུད་བྱས་ཤིང་། རྒྱན་གོས་དང་རྒྱན་སྤྲས་སྟངས་ཚང་མ་ལི་ཐང་གི་རྒན་རབས་ཚོའི་མཛུབ་སྟོན་བྱས་ཡོད། ཐབ་ཀ་ཅིག་བཟོ་བར་ངེས་པར་དུ་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱོད་དགོས་ཤིང་རི་མགོ་ནས་ས་བརྐོས་ཤིང་འཁྱེར་ཡོང་དགོས། ལོ་ཟླས་ཟད་པའི་མཐིལ་ཤིང་ནི་ངེས་པར་དུ་སྲོལ་རྒྱུན་གྱི་ཁམས་པའི་བཟོ་རྩལ་ལྟར་ཀ་བ་རྙིང་བས་བསྐྱར་དུ་འདེགས་སྐྱོར་བྱས་ཡོད།
     དུས་ཡུན་ཟླ་བ་གཅིག་གི་རིང་ལ། འོ་མ་བཞོ་བ་དང་། ཇ་བསྲུབས་མ་འཐུང་བ། ཇ་རྟའི་གནའ་ལམ། ཚོང་པས་རྒྱ་མ་འཇལ་བ། ཁམས་པའི་ཚོང་པས་ཕུ་ཐུང་ནང་ནས་ལག་འཐེན་པ། མགྲོན་པོས་ཇ་བསྲུབས་མ་འཐུང་བའི་རྣམ་པ། པི་ཝང་། ཁྱིམ་བདག་གི་ཁང་པ། བོད་ལུགས་ཀྱི་ཐབ་ཚང་། གཉེན་སྒྲིག་ལམ་སྲོལ། མཛོད་ཁང་། བལ་འཐག་པ། བོད་ཡིག་གི་ཡིག་གཟུགས། ལི་ཐང་གི་སྲོལ་རྒྱུན་གྱི་ཁང་པ་སོགས་ཀྱི་པྲ་ཚིལ་འདྲ་བརྙན་གྱིས་ཁམས་པའི་འདས་པའི་ལོ་ཟླ་དག་གསོན་ཉམས་ལྡན་པའི་སྒོ་ནས་སླར་གསོ་བྱས་ཡོད།
     གསར་འགོད་པས་ཤེས་རྟོགས་བྱུང་གསལ། ལས་བྱེད་མི་སྣས་གནའ་དུས་ཀྱི་འཚོ་བའི་རྣམ་པ་སླར་གསོ་བྱེད་དུས་སུ་པྲ་ཚིལ་འདྲ་བརྙན་གྱི་སྐྲ་བསླས་ཡོད་པ་དང་། ལི་ཐིང་གི་ཁྱད་ཆོས་ལྡན་པའི་ཐབ་ཀ་བཟོ་ཆེད་ཁོ་ཚོས་དངོས་སུ་ས་བརྐོས་ཤིང་འཁུར་ཡོང་བ་དང་། རྒན་རབས་པ་ཚོའི་ས་ནས་ཐབ་ཀ་བཟོ་བའི་བརྒྱུད་རིམ་ལ་སློབ་སྦྱོང་བྱས་ཡོད། ཐབ་ཀ་གཅིག་པུ་སྔ་གཞུག་ཏུ་ཐེངས་གསུམ་ལ་བཟོས་ཤིང་། རྒན་ཨ་བུ་ལགས་ཀྱི་རོགས་རམ་འོག་ད་གཟོད་བཟོ་ཐུབ་བྱུང་ཡོད། 

      “པྲ་ཚིལ་གྱི་འདྲ་བརྙན་བོད་ལྗོངས་སུ་མཚོན་བྱེད་བརྩམས་ཆོས་རེ་འགའ་ཡོད་ཀྱང་། བོད་མིའི་གནའ་དུས་ཀྱི་ཐོན་སྐྱེད་དང་འཚོ་བ་པྲ་ཚིལ་གྱི་འདྲ་བརྙན་ལམ་ནས་འགྲེམས་སྟོན་དང་རྟེན་མཛོད་ཁང་བཟོས་ཡོད་པའི་ལི་ཐང་རྫོང་ནི་སི་ཁྲོན་བོད་ཁུལ་གྱི་ཐོག་མ་རེད།










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1