ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་8ཉིན། ཀྲུང་གོའི་རླངས་འཁོར་དང་འཕྲུལ་རྟའི་རྩལ་འགྲན་མཉམ་འབྲེལ་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ནགས་ཚལ་ལྗོངས་ཕྱིའི་མུ་འབྲེལ་འགྲན་བསྡུར་ཉིང་ཁྲིའི་འབབ་ཚིགས་ཀྱི་འགྲན་བསྡུར་བྱ་བའི་སྐུལ་སྤེལ་ཚོགས་འདུ་ལྷ་ས་ནས་འཚོགས། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་དང་རིག་གནས་ཐོན་ལས། ལུས་རྩལ་ཐོན་ལས་བཅས་ཀྱི་འཕེལ་རྒྱས་སྤེལ་རེས་ཀྱི་སྐུལ་འདེད་ལ་ཤུགས་རྒྱག་རྒྱུ་དེ་ཡིན།
སྐུལ་སྤེལ་ཚོགས་འདུའི་ཡུལ་དངོས་སུ་ལྗོངས་ཕྱིའི་ཕུགས་བསམ་ཅན་གྱི་རྒྱལ་ཡོངས་ཐོ་འགོད་སྒོ་འབྱེད་ཀྱི་རྣམ་པ།
འགྲན་བསྡུར་དེ2019ལོའི་ཟླ་6པའི་ཚེས་21ནས་ཚེས་23བར་ཡིན་ལ། འགྲན་རའི་གཞི་ཁྱོན་ལ་མུའུ་300ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་དུ་ཡོད། འགྲན་བསྡུར་ལམ་ཐིག་དེ་འགྲན་རའི་ལམ་ཐིག་དང་ནགས་ཚལ་ལམ་ཐིག་བཅས་རིགས་གཉིས་སུ་ཕྱེས་ཡོད། འགྲན་བསྡུར་ལམ་ཐིག་དེ་རྒྱལ་ནང་དུ་མཐོང་དཀོན་པའི་རླངས་འཁོར་བཞི་མཉམ་དུ་གཏོང་བའི་རྣམ་པར་ཇུས་འགོད་བྱས་ཡོད་པས། ལྟད་མོ་ཧ་ཅང་ཆེ། ཐེངས་འདིར་འགྲན་འཁོར་རུ་ཁག་དང་སྤྲོ་སྐྱིད་ཁང་གི་བསྡོམས་གྲངས་40དང་འགྲན་འཁོར་200ལྷག་ཡོད། ཆེད་ལས་ཚོ་ཆུང་དང་ཡོངས་བསྒྲགས་ཚོ་ཆུང་། འབོར་ཐོན་ཚོ་ཆུང་། བུད་མེད་ཚོ་ཆུང་སོགས་འདུས་ལ། འགྲན་བསྡུར་གྱི་བྱ་དགའ་སྒོར་ཁྲི་70ལྷག་ཡོད། འགྲན་བསྡུར་ལས་གཞན་རླངས་འཁོར་གཡོ་འགྲིལ་རོལ་དབྱངས་དུས་ཆེན་དང་ལྗོངས་ཕྱིའི་ཕུགས་བསམ་ཅན། ཨང་དང་པོའི་འཁོར་ཁག་འདྲི་ཚོང་ཁང་བཅས་གསར་གཏོད་རང་བཞིན་གྱི་བྱ་འགུལ་གསུམ་ཡོད་ངེས།
སྐུལ་སྤེལ་ཚོགས་འདུར་ཞུགས་པའི་བོད་ལྗོངས་ཀྱི་འགྲན་ཞུགས་པ།
ལྗོངས་ཕྱིའི་རུ་ཁག་ཅ་པ་ནས་ཡོང་བའི་སྐལ་བཟང་ཚེ་རིང་གིས་ཆེད་ལས་ཀྱི་ངོས་ཐད་ནས་ཐེངས་འདིའི་འགྲན་ཚོགས་ལ་རང་གི་བསམ་ཚུལ་བརྗོད་དོན།“ལྗོངས་ཕྱིར་མོས་པ་ཡོད་མཁན་དང་ཆེད་ལས་འགྲན་ཞུགས་པའི་ངོས་ཐད་ནས་གླེང་ན། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ས་དབྱིབས་དང་ས་བབ། གནམ་གཤིས་བཅས་ལས་བྱུང་བའི་དཀའ་ངལ་ནི་འགྲན་ཞུགས་པ་རང་ངོས་ཀྱི་གནམ་གཤིས་ཀྱི་འཕྲོད་བསྟུན་རང་བཞིན་དང་། སྐབས་ཐོག་དོན་རྐྱེན་ཀྱི་གདོང་ལེན་ནུས་པ་ཙམ་མ་ཡིན་པར། ད་དུང་དེ་ནི་འགྲན་བསྡུར་གྱི་ཆེད་ལས་རང་བཞིན་གྱི་ཚོད་བགམ་ཞིག་ཀྱང་རེད།”ཅེས་ཟེར།
བོད་ལྗོངས་ཀྱི་འགྲན་ཞུགས་པ་བསོད་ནམས་རྡོ་རྗེ་དང་སྟེང་དུ་མིང་ཐོ་དཔར་ཡོད་པའི་ཞྭ་རྨོག
བོད་ལྗོངས་ནགས་ཚལ་ལྗོངས་ཕྱིའི་མུ་འབྲེལ་འགྲན་སྡུར་སྤེལ་མཁན་དང་། ཀྲུང་གོའི་ནགས་ཚལ་ལྗོངས་ཕྱིའི་འགྲན་བསྡུར་ཕྲེང་བརྒྱུད་ཉིང་ཁྲི་ས་ཚིགས་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་སུང་ཡོན་གྱིས་བརྗོད་དོན།“བོད་ལྗོངས་ནི་ལྗོངས་ཕྱིའི་རླངས་འཁོར་གྱི་འགྲན་ཡུལ་མཆོག་གྱུར་དང་། ལྷག་པར་དུ་ལྗོངས་ཕྱིའི་འགྲན་ཞུགས་པའི་སེམས་ཁོང་གི་དག་ཞིང་རེད། འོན་ཀྱང་། ང་ཚོ་བོད་ལྗོངས་སུ་འདིའི་སྔོན་ལ་རླངས་འཁོར་གྱི་འགྲན་བསྡུར་ཆེ་རིགས་ཡོད་མ་མྱོང་། འགྲན་བསྡུར་འདི་བརྒྱུད་ནས་ཁྱབ་བསྒྲགས་ཀྱི་ཐབས་ལམ་ཤུགས་ཆེན་པོ་དང་མོས་པ་ཅན་གྱི་གར་སྟེགས་བཅས་དང་བོད་ལྗོངས་རང་སའི་ཁེ་ལས་དང་ཕུལ་བྱུང་ཚོང་རྟགས་ཕན་ཚུན་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད།”ཅེས་ཟེར།
མིང་རྟགས་འགོད་པའི་ཡུལ་དངོས།
ཆེས་མཐའ་མཇུག་གི་ཚོང་སྡུད་བརྒྱུད་རིམ་ཁྲོད། ཀོང་ཀྲུའུ་དང་བོད་ལྗོངས་རང་སའི་ཁེ་ལས་ཀྱིས་ཡུལ་དངོས་ནས་ཚོང་སྡུད་གན་རྒྱར་མིང་རྟགས་བཀོད། ཀྲུང་གོའི་ནགས་ཚལ་ལྗོངས་ཕྱིའི་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཧྥན་ཉིང་གིས་བརྗོད་དོན།“ཐེངས་འདིའི་འགྲན་བསྡུར་ནི་བོད་ཀྱི་ལོ་རྒྱུས་སུ་གཞི་ཁྱོན་ཆེས་ཆེ་བའི་ལྗོངས་ཕྱིའི་འགྲན་བསྡུར་དེ་རེད། བོད་ལྗོངས་རང་སའི་ཁེ་ལས་ཐོན་དངོས་དང་ཚོང་རྟགས་ལ་འགྲེམས་སྟོན་གྱི་སྟེགས་བུ་མཁོ་སྤྲོད་གནང་བས། ཚོང་རྟགས་ཀྱི་མ་འོངས་པའི་ཤུགས་རྐྱེན་ནུས་པ་དང་མཚན་སྙན་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད།”ཅེས་ཟེར།