ཨེ་ཤ་ཡའི་ཤེས་རིག་བགྲོ་གླེང་ཚོགས་ཆེན་དེ་ཟླ་ལྔ་པར་པེ་ཅིང་དུ་འཚོགས། 《རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན་》ཞེས་པ་ཨེ་ཤ་ཡའི་ཤེས་རིག་བགྲོ་གླེང་ཚོགས་ཆེན་གྱི་རིག་དངོས་མཉམ་འགྲེམ་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། རྒྱལ་སའི་རྟེན་མཛོད་ཁང་དུ་ཆེད་དམིགས་འགྲེམ་སྟོན་བྱས། ཅིན་རྒྱལ་རབས་ཤར་མ་དང་ནུབ་མ། ལྷོ་བྱང་རྒྱལ་རབས་བཅས་ཀྱི་དུས་སྐབས་སུ། ཀྲུང་ཡོན་ས་ཁུལ་དུ་དམག་འཁྲུག་གི་ཟིང་ཆ་སློང་བའི་གནས་ཚུལ་སྣ་ཚོགས་བྱུང་བ་དང་། དེ་བས་འ་ཞ་རིགས་ཀྱིས་ལེའོ་ཤར་ས་ཆའི་ཞན་པེ་ཚོ་བ་འཁྲིད་ནས་ནུབ་ཕྱོགས་མཚོ་སྔོན་དུ་གནས་སྤར། དུས་རབས་4པའི་རྗེས་ནས་དུས་རབས་7པའི་དུས་སྨད་བར་གྱི་ལོ་ངོ་350ལྷག་ཙམ་གྱི་རིང་ལ། འ་ཞ་རིགས་ཀྱིས་མཚོ་སྔོན་ལོ་རྒྱུས་སུ་གོ་གནས་གལ་ཆེན་ཟིན།
ཝེ་ཅིན་རྒྱལ་རབས་ནས་བཟུང་། རྨ་ཆུའི་ནུབ་རྒྱུད་དུ་དམག་འཁྲུག་མཚམས་མེད་བྱུང་ཞིང་། ཀྲང་ཆན་གྱིས་ལམ་ཁ་གཏོད་པའི་དར་གོས་ཚོང་ལམ་ཡང་རྐྱེན་དབང་གིས་རེ་ཞིག་ཁེགས་པས། ཤར་ནུབ་ཕྱོགས་གཉིས་ཀྱི་ཤེས་རིག་བརྗེ་རེས་དེ་དར་གོས་ཚོང་ལམ་གྱི་ལྷོ་ལམ་ནས་སྤེལ་བ་རེད། དར་གོས་ཚོང་ལམ་གྱི་ལྷོ་ལམ་ཞེས་པ་ནི་མཚོ་སྔོན་གྱི་ཚྭ་འདམ་གཞོང་བརྒྱུད་ནས་ནུབ་ལྗོངས་སུ་སླེབས་ཤིང་། ལམ་ཁ་འདི་ལ་མཚོ་སྔོན་འགྲུལ་ལམ་ཞེས་ཀྱང་ཟེར། འ་ཞ་ཡིས་དར་གོས་ཚོང་ལམ་གྱི་མཚོ་སྔོན་འགྲུལ་ལམ་ནས་ཚོང་དོན་དར་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཡོད།
ཟི་ལིང་གྲོང་ཁྱེར་ཁྲེན་ཧོང་ལྷ་ཁང་གི་སྲང་ལམ་ནས་ཏ་ཟིག་གི་དངུལ་སྒོར་ཐོན་པ་དེ་ནི་ཀྲུང་ནུབ་རིག་གནས་བརྗེ་རེས་ལས་བྱུང་བར་གདོན་མི་ཟ། བྱང་ཕྱོགས་ཀྱི་མི་རིགས་གཞན་པ་དང་རྔ་མོང་གཙོ་བྱས་པ་དག་གིས་ཀྱང་དར་གོས་ཉོ་ཚོང་དང་ཕྱི་ཕྱོགས་གསར་སྤེལ་བྱེད་པའི་སྙིང་སྟོབས་མཚོན་ཞིང་། སྙིང་སྟོབས་འདི་ནི་སྐབས་དེའི་སྤྱི་ཚོགས་སུ་ཀུན་གྱིས་མཆོག་ཏུ་བརྩི་བ་ཞིག་ཡིན། འདི་དག་ཚང་མས་སྤྱི་ལོའི་དུས་རབས་4པའི་དུས་མཇུག་ནས་དུས་རབས་6པའི་དུས་མགོའི་བར་གྱི་མཚོ་སྔོན་ཟི་ལིང་དེ་ཀྲུང་ནུབ་ཚོང་དོན་འགྲོ་འོང་ཕྱོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་ཁྲོད་ནས་གོ་གནས་གལ་ཆེན་ཟིན་པ་གསལ་པོ་མཚོན།
འགྲེམ་སྟོན་ཁྲོད་ཀྱི་དངོས་གཙང་སྤུས་དག་གི་གསེར་གྱི་མེ་ཏོག་གི་མཐའ་རྒྱན་འགའ་ཞིག་ཡོད་པ་དེས་གསར་འགོད་པའི་མིག་དབང་འཕྲོགས། འ་ཞ་རིགས་ཀྱི་སྐྱེས་མའི་རྒྱན་གོས་དང་རྒྱ་རིགས་སྐྱེས་མའི་རྒྱན་གོས་གཉིས་འདྲ་ཆེ་ལ། སྐྲ་སླས་ནས་གསེར་གྱི་མེ་ཏོག་གི་མཐའ་རྒྱན་འདོགས་པ་ལས་ཞན་པེ་མི་རིགས་ཀྱི་སྲོལ་ལམ་ཡང་ཅུང་ཟད་ལྷགས་ཡོད་པ་རྟོགས་ཐུབ།
རྒྱལ་སའི་རྟེན་མཛོད་ཁང་གི་རྒྱལ་ནང་མཉམ་ལས་དང་མི་རིགས་གནའ་དཔྱད་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ཐན་ཞའོ་ལེན་གྱིས། “མེ་ཏོག་འདིའི་ཕྲེང་རྡོག་གི་ཆུ་རིས་ལས་ཁ་ཤས་ལ་གཞིགས་ན། ཏ་ཟིག་ས་ཤན་རྒྱལ་རབས་ཀྱི་ཤན་ཐེབས་ཡོད་ཅིང་། ཞན་པེ་རིགས་ཀྱི་སྐུ་དྲག་གི་ཐོབ་ཐང་མཚོན་པའི་རྟགས་ཤིག་ཏུ་རློམ་ཆོག ཕྲེང་ཆུང་ཆུ་རིས་འདི་རིགས་ནི་ཐང་དང་སུང་རྒྱལ་རབས་སྐབས་སུ་ཧ་ཅང་དར་ཆེ་ལ། ནང་སྒོས་ཐང་རྒྱལ་རབས་ཀྱི་སྐབས་སུ་ང་ཚོས་ཡོ་བྱད་ཚང་མའི་ཐོག་ཏུ་ཆུ་རིས་འདི་ཕབ་ཡོད་པ་མཐོང་ཐུབ་པ་རེད”ཅེས་གསུངས།
འ་ཞའི་སྲིད་དབང་དང་རྒྱལ་ཁབ་བཙུགས་ནས་ལོ་ངོ་350རིང་ལ། ཤར་ནུབ་ས་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་ཀྱང་། མཐའ་སྐོར་གྱི་སྲིད་དབང་དག་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་ཁ་ཤར་བགྲོད་ཐུབ་པར་བདེ་འཇགས་འགན་སྲུང་གི་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།