༄༅།། མྱང་ངམ་ཉང་གི་ཐ་སྙད་ཀྱི་ཐོག་མའི་འབྲི་ཚུལ་དང་དེ་གཉིས་ཀྱི་འབྲེལ་བ་གླེང་བ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-22
པ་དོན། པད་མ་དབྱངས་ཅན།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་བོད་ཀྱི་གདོད་མའི་རུས་ཚན་གཙོ་གྲས་སུ་གྱུར་པའི་མྱང་ངམ་ཉང་དང་ཡུལ་གྱི་བྱེ་བྲག་ཏུ་གྱུར་པའི་མྱང་ངམ་ཉང་གི་ཐོག་མའི་འབྲི་ཚུལ་དང་བར་དུ་འགྱུར་བ་ཇི་འདྲ་བྱུང་བའི་སྐོར་དང་། མྱང་དང་ཉང་གཉིས་ཀྱི་འབྲེལ་བ་སོགས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] ཐ་སྙད། མྱང་། ཉང་། འབྲེལ་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0074-09
མྱང་ཞེས་པའི་ཐ་སྙད་ནི་སྤྱིར་བཏང་དོན་མང་པོ་ལ་འཇུག་ཀྱང་འདིར་གླེང་བར་བྱ་བ་ནི་རུས་ཀྱི་བྱེ་བྲག་ལ་འཇུག་པ་དང་ཡུལ་གྱི་བྱེ་བྲག་ལ་འཇུག་པའི་མྱང་ངམ་ཉང་གི་འབྲི་ཚུལ་དང་། མྱང་དང་ཉང་གཉིས་ཀྱང་སྙིང་ཡུལ་དང་རུས་ཀྱི་དབང་དུ་བྱས་ན་ཡུལ་ལམ་རུས་སོ་སོར་ཐ་དད་པའི་དབང་དུ་འཇུག་གམ་ཡང་ན་འཇུག་ཡུལ་གཅིག་ལ་འཇུག་པའི་ཡུལ་ལམ་རུས་གང་རུང་གི་འབྲི་སྟངས་མི་འདྲ་བ་གཉིས་ཡིན་པའི་སྐོར་གླེང་བར་འདོད་དེ། དེ་ཡང་རུས་ཀྱི་དབང་དུ་བྱས་ན་བོད་ཀྱི་གདོད་མའི་རུས་ཚན་གཙོ་གྲས་ཤིག་ཡིན་ཏེ། རུས་རྒྱུད་འདི་ལས་བྱུང་བའི་མི་སྣ་ཁག་ཅིག་གིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ནས་བློན་གྱི་གོ་གནས་བཟུང་སྟེ་བོད་ཀྱི་མཐོ་རིམ་སྤྱི་ཚོགས་སུ་ཚུད་ཡོད་ཅིང་། ཡུལ་གྱི་དབང་དུ་བྱས་ན་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་མྱང་དང་ཉང་ལོང་ཀོང་གསུམ་གྱི་ཉང་གོ་དོན་ཐ་དད་ཡིན་པའི་བཤད་སྲོལ་ཡོད་ན་ཡང་དོན་དམ་པར་ཇི་ལྟར་ཡིན་ཞེ་ན། འདིར་ནི་ཞྭའི་རྡོ་རིང་གི་ནང་ཇི་ལྟར་འཁོད་པ་དང་ད་བར་ཆོས་འབྱུང་ཡིག་ཚང་དང་ཏུན་ཧོང་གཏེར་ཡིག་སོགས་ཀྱི་ནང་དུ་མྱང་ཞེས་པའི་ཐ་སྙད་དེའི་སྤྱོད་ཐབས་སོགས་ལ་འགྱུར་བ་ཇི་འདྲ་བྱུང་ཚུལ་རགས་ཙམ་བརྗོད་ནས་རྡོ་རིང་གི་ནང་དུ་མྱང་ཏིང་འཛིན་བཟང་པོ་ཞེས་མ་མྱང་ཁོ་ན་དང་ཕྱིས་ཀྱི་ཆོས་འབྱུང་སོགས་ཀྱི་ནང་དུ་ཐོན་པའི་ཉང་ཏིང་འཛིན་བཟང་པོ་ཞེས་པའི་འབྲི་ལུགས་དང་། ཏུན་ཧོང་གཏེར་ཡིག་དང་ཆོས་འབྱུང་དེབ་ཐེར་སོགས་ཀྱི་ནང་དུ་ཡུལ་གྱི་དབང་དུ་ཇི་ལྟར་འབྲི་ཚུལ་བཅས་ཕན་ཚུན་བསྡུར་ནས་མྱང་རུས་དང་མྱང་ཡུལ་གྱི་དག་ཆ་ཇི་ལྟར་བྲིས་ན་ཡང་དག་མིན་སོགས་ལ་དཔྱད་ཁུལ་བགྱིས་པའོ།།
གཅིག ཐ་སྙད་དེའི་ཐོག་མའི་འབྲི་ཚུལ་དང་བྱུང་བ།
དུས་རབས་གཅིག་གི་གོང་ལ་གསར་དུ་རྙེད་པའི་ཏུན་ཧོང་གཏེར་ཡིག་ནི་ད་ལྟའི་བར་སྤུ་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོར། རྩོམ་ཡིག ཡུལ་སྲོལ་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཡིག་ཆ་ཞིག་ཡིན་ཞིང་། དེའི་ནང་བོད་སྐད་བརྡ་རྙིང་གི་ཐ་སྙད་མང་པོ་ཞིག་མཇལ་རྒྱུ་ཡོད་ཅིང་། ལྷག་པར་བཙན་པོའི་རྒྱལ་རབས་སྐབས་ཀྱི་རུས་རྒྱུད་ཆེ་གྲས་མང་པོའི་རུས་མཚན་མཇལ་རྒྱུ་ཡོད། མ་གཞི་《ལྡེའུ་ཆོས་འབྱུང་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན》 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 《སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན》 《རྒྱ་བོད་ཡིག་ཚང་ཆེན་པོ་ལ་》སོགས་པའི་བོད་ཀྱི་ཆོས་འབྱུང་ཡིག་ཚང་ནང་དུ་རྒྱལ་ཕྲན་སིལ་མའི་སྐོར་བརྗོད་སྐབས་མྱང་ངམ་ཉང་ཞེས་པའི་ཐ་སྙད་ཀྱི་འབྲི་སྲོལ་ཐོན་ན་ཡང་ཆོས་འབྱུང་དེ་དག་གཅིག་ནས་རྩོམ་དུས་བསྟན་པ་ཕྱི་དར་ཡིན་པ་དང་གཉིས་ནས་དཔེ་རྙིང་མ་ཡིག་མཇལ་ཐབས་བྲལ་བས་སྐབས་སུ་བབས་པའི་མྱང་ཞེས་པའི་ཐ་སྙད་ཀྱི་འབྲི་སྲོལ་ཐོག་མ་ཇི་འདྲ་ཡིན་མིན་བརྗོད་པར་ཡང་ཏུན་ཧོང་གཏེར་ཡིག་གི་འབྲི་ལུགས་ནས་གླེང་བར་བྱས་ན་གཅིག་ནས་ཡིག་ཆ་དེ་དག་མ་ཡིག་མཇལ་དུ་ཡོད་པ་དང་གཉིས་ནས་ཡིག་ཆའི་ནང་རྙིང་ཤོས་དང་། གསུམ་ནས་ཁུངས་བཙན་རང་བཞིན་ཆེ་བས་ཐ་སྙད་འདིའི་ཐོག་མའི་བྲིས་སྲོལ་ཡང་ཡིག་ཆ་དེ་དག་ལས་གླེང་བར་བྱ།
དང་པོ། ཐོག་མར་ཇི་ལྟར་འབྲི་ཚུལ།
མིག་སྔར་ཡོད་པའི་ཆོས་འབྱུང་དང་ཡིག་ཚང་ཁག་ལས་མྱང་ཞེས་པའི་ཐ་སྙད་དེ་ཐོན་པའི་སྔ་ཤོས་ནི་རྒྱལ་ཕྲན་སིལ་མའི་སྐབས་སུ་ཡུལ་དང་རུས་ཀྱི་མིང་སོ་སོར་ཐེངས་འགའ་ཐོན་ཡོད་པ་དང་དེ་དག་གི་འབྲི་སྲོལ་ལ་ཏུན་ཧོང་ཡིག་རྙིང་ལས་དཔེ་འགའ་ཞིག་དྲངས་ན། ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཨང་P.T.1286ནང་དུ་“མྱང་རོའི་པྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར།”①ཞེས་དང་། “ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོ་ངམ་བྱི་གྲོམ་ཚ།”② “ཡུལ་མྱང་ཡུལ་གྱྀ་རྟ་གསུམ་ནའ།”③ཞེས་ཡུལ་གྱི་མིང་དུ་ཐེངས་གསུམ་ཙམ་ཐོན་ཡོད་ཅིང་དེ་དག་མྱང་ཁོ་ནར་བྲིས་ཡོད། ཡིག་ཆ་དེ་ཉིད་ཀྱི་ནང་དུ་“ཡུལ་རྔེགས་ཡུལ་གྱི་གྲུ་བཞྀ་ན། རྗེ་རྔེགས་རྗེའྀ་ལ་བྲང་། བློན་པོ་སས་པ་དང་མྱང་ནད་གཉིས། །ཡུལ་ཀླུམ་རོའི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས།”④ཞེས་དང་“ཡུལ་མྱང་ཡུལ་གྱྀ་རྟ་གསུམ་ནའ། རྗེ་མྱང་ཙུན་སླང་རྒྱལ།”⑤ཞེས་རྗེ་དང་བློན་པོའི་མཚན་དུ་མྱང་ཞེས་པ་ཁག་གསུམ་ཐོན་ཡོད། དེ་དག་ལས་གོང་མ་གཉིས་ནི་བློན་གྱི་མཚན་དུ་གོ་ཞིང་། རུས་རྒྱུད་མྱང་གི་མི་སྣས་རྒྱལ་ཕྲན་ཁག་གི་བློན་ཆེན་བྱེད་བཞིན་པ་མཚོན་པ་དང་། ཕྱི་མ་དེ་ནི་ཡུལ་མྱང་ཡུལ་ལས་རྗེའི་མཚན་དུ་ཐོབ་པར་མཐོང་སྟེ་ཡིག་ཆ་དེ་ནང་དུ་ཡུལ་དགས་ཀྱི་གྲུ་བཞི་ན་རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན་ཞེས་དང་ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ་རྗེ་མཆིམས་རྗེའྀ་ནེའུ་ཞེས་ཡུལ་མིང་རྗེ་ལ་བཏགས་པའི་རིགས་མང་བར་འདུག གང་ལྟར་ཡིག་ཆ་འདི་ཉིད་ཀྱི་ནང་དུ་ཡུལ་དང་མི་ལ་འཇུག་མིན་ཁྱད་པར་ལ་མ་ལྟོས་པར་ཚང་མར་མྱང་ཞེས་པའི་ཐ་སྙད་དེ་ཁོ་ན་བེད་སྤྱད་ཡོད།
དེ་བཞིན་དུ་P.T.1060ནང་དུ་ཡུལ་ཆུང་རྒྱལ་ཕྲན་སིལ་མའི་སྐབས་སུ་ཐ་སྙད་དེ་གོང་དང་འདྲ་མཚུངས་སུ་ཐེངས་ཁ་ཤས་ཐོན་པར་“མཁར་མྱང་རོ་ཤམ་པོ་དགུ་རྩིགས་ལང་ལྀང་གི་ནང་ནའ།”⑥ཞེས་དང་“མྱང་ཡུལ་ཤིང་ནག་ནའ། ལྷ་མྱང་ལྷའི་བོ་མོ། རྗེ་མྱང་ཙུན་གྱི་རྒྱ་པོ། རྟ་མྱང་རྟ་”⑦ཞེས་ཡུལ་ཁག་གཉིས་ཙམ་གྱི་འབྲི་སྲོལ་གཙོ་བོར་ཐོན་པ་ཚང་མར་མྱང་ཞེས་པའི་ཐ་སྙད་སྤྱད་ཡོད་ལ། ཏུན་ཧོང་གཏེར་ཡིག་P.T.1287ནང་དུ་གྲི་གུམ་བཙན་པོ་ལོ་ངམ་གྱིས་བཀྲོངས་པའི་སྐོར་བཀོད་པའི་ཤོག་དྲིལ་ནང་དུ་“བཙན་པོ་ཡང་མྱང་རོ་ཤམ་པོར་བཤེགས་ནས། མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེས་ནས།”⑧ཞེས་ཡུལ་གྱི་མྱང་ཀུན་ཡང་མ་མྱང་ཁོ་ན་བྲིས་ཡོད།
གཞན་ཡང་བོད་བཙན་པོའི་རྒྱལ་རབས་སྐབས་སུ། མྱང་དབས་གནོན་གསུམ་གྱིས་ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་པང་གསུམ་བློ་ལོག་ནས་སྤུ་རྒྱལ་སྟག་རི་གཉན་གཟིགས་ལ་བློ་གཏད་པ་ནས་སྔ་ཕྱིར་མྱང་གི་མི་རྒྱུད་སྤུ་རྒྱལ་བཙན་པོའི་བློན་ཆེན་གྱི་གོ་གནས་བཟུང་སྟེ་སྤུ་རྒྱལ་བཙན་པོའི་ཆབ་སྲིད་ལ་ནུས་པ་འདོན་མཁན་གྱི་རུས་ཚན་ཞིག་ཏུ་གྱུར་ཡོད་པའི་སྐོར་གསལ་བའི་ཏུན་ཧོང་གཏེར་ཡིག་ཤོག་དྲིལ་P.T.1287ནང་དུ། བོད་བཙན་པོའི་བློན་ཆེན་གྱི་མཚན་གཞུང་མ་ཡིག་སྐབས་“དེའྀ་འོག་ཏུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། བཙན་པོ་ཡབ་ཁྲི་སློན་བཙན། དགུང་དུ་གཤེགས། སྲས་ཁྲྀ་སྲོང་བཙན་གྱྀ་རིང་ལ། མྱང་མང་པོ་རྗེ་ཞང་སྣང་གིས། སུམ་ཁམས་ཐམས་ཅད་འབངས་སུ་དགུག་པར་བཀའ་སྩལ་ཏོ།”⑨ཞེས་རུས་མྱང་གི་བློན་ཆེན་གྱི་མཚན་ལ་མྱང་ཁོ་ན་བྲིས་འདུག་ལ། གནམ་རི་སྲོང་བཙན་དུས་སྐབས་སུ་མྱང་ཙེང་སྐུ་ལ་སོགས་བཙན་པོ་དང་བྲོ་སྩལ་བའི་ཤོག་དྲིལ་ནང་དུ་ཡང་“མྱང་ཙེང་ཅུང་དང་། མྱང་མུ་གསེང་དང་། ཚེས་པོང་ན་གུ་དང་།”⑩ཞེས་དང་“མྱང་དབའས་མནོན་དང་གསུམ།”⑾ཞེས་ཚང་མར་མྱང་ཞེས་པའི་འབྲི་སྲོལ་དེ་ཁོ་ན་ཡིན།
ཞྭའི་རྡོ་རིང་སྔ་ཕྱི་གཉིས་ཀྱི་ནང་དུ་ཡང་“བན་དེ་མྱང་ཏིང་ངེ་འཛྀན་།དབུ་སྙུང་གཙིགས་གཡུང་དྲུང་དུ་གནང་བ་།” eཞེས་དང་“བན་དེ་མྱང་ཏྀང་ངེ་འཛིན་། དབུ་སྙུང་གཙྀགས་སླད་ཀྱིས་གནང་བ།།”⑿ཞེས་མྱང་ཡིག་ཁོ་ན་བྲིས་པ་ལས་ཉང་ཞེས་བྲིས་མེད།
དེར་བརྟེན་མྱང་ཞེས་པའི་ཐ་སྙད་དེའི་འབྲི་ལུགས་ལ་བསྟན་པ་སྔ་དར་རམ་བོད་བཙན་པོའི་རྒྱལ་རབས་སྐབས་དང་ཐ་ན་རྒྱལ་ཕྲན་སིལ་མའི་སྐབས་ནས་ཡུལ་གྱི་དབང་དུ་མྱང་རོ་ཤམ་པོ་དང་མྱང་རོ་ཐལ་བ་ཚ། མྱང་ཡུལ་ཤིང་ནགས། མྱང་ཡུལ་རྟ་གསུམ་སོགས་ཅི་རིགས་སུ་གཅིག་འགྱུར་གྱིས་མྱང་ཞེས་བྲིས་པ་ལས་ཉང་ཞེས་པའི་བྲིས་སྲོལ་ཞིག་མི་འདུག རུས་ཀྱི་དབང་དུ་ཡང་བློན་མྱང་ནད་དང་རྗེ་མྱང་ཙུན། མྱང་ཙེང་ཀུ། མྱང་མུ་གསེང་། མྱང་ཞང་སྣང་། མྱང་ཏིང་འཛིན་བཟང་པོ་སོགས་གཅིག་འགྱུར་གྱིས་མྱང་ཞེས་བྲིས་པ་ལས་ཉང་ཞེས་པའི་འབྲི་སྲོལ་ཞིག་ཀྱང་མེད་པས་ན་མྱང་ཞེས་པའི་ཐ་སྙད་དེས་ཡུལ་དང་རུས་གང་སྟོན་མིན་གྱི་ཁྱད་པར་ལ་ལྟོས་དགོས་མེད་པར་གནའ་ཡིག་ཚང་མར་མྱང་ཞེས་པའི་འབྲི་སྲོལ་ཁོ་ན་ལས་མ་འདས་པས་“གནའ་རབས་ཀྱི་ཡིག་རྙིང་ལྷད་མེད་ནང་ཉང་དང་མྱང་སོགས་སྒྲ་གདངས་ཉེ་བའི་མིང་ཚིག་དེ་དག་ཅི་རིགས་སུ་བྲིས་པའང་ཡོང་སྲིད་པ་ནི། བོད་ཀྱི་གནའ་བོའི་ཡིག་རྙིང་གི་འགྲོ་སྟངས་ལས་དཔག་ཐུབ་པ་ཞིག་ཡིན།”⒀ཞེས་གསུངས་ནའང་ཡིག་རྙིང་ལྷད་མེད་ནང་མྱང་ཁོ་ན་བྲིས་པ་ལས་གཞན་གྱི་འབྲི་སྲོལ་མ་མཆིས་སོ།།
གཉིས་པ། ཐོག་མར་བྱུང་བའི་གསུང་ཚུལ་གྱི་སྐོར།
འོན་ཀྱང་ཐ་སྙད་དེ་དང་འབྲེལ་བའི་ཡུལ་མྱང་རོའི་མིང་དང་། ཆུ་མྱང་ཆུའི་མིང་། རུས་མྱང་གི་ཐོབ་སྲོལ་ལ་རྗེ་བཙུན་ཏཱ་ར་ན་ཐས་《མྱང་ཆོས་འབྱུང་》ནང་དུ་“རི་བོ་ཆེ་འདི་ཉིད་ཀྱི་རྩེར་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་ཉི་ཤུ་ལྔ་དང་བཅས་པ་ཕེབས་ཏེ་ས་གཞི་རྣམས་བྱིན་གྱིས་བརླབས། དེའི་དུས་སུ་ལྷའི་དབང་པོ་རྒྱ་བྱིན་གྱིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་བསྣམས་ནས་བྱོན་ཏེ་བདུད་རྩིའི་བུམ་པ་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ལྷའི་བདུད་རྩིའི་རོ་མྱང་དུ་གསོལ་ཞུས་པ་དང་། སློབ་དཔོན་གྱིས་བདུད་རྩིའི་བུམ་པ་ཟད་མི་ཤེས་པར་བྱིན་གྱིས་བརླབས། རྗེ་འབངས་ཉི་ཤུ་རྩ་ལྔ་ལ་བུམ་པའི་བདུད་རྩི་སྐྱེས་ཏེ། རིགས་ཀྱི་བུ་ལྷའི་བདུད་རྩིའི་རོ་མྱང་བར་བྱའོ་ཞེས་གསུངས་པས། ཡུལ་གྱི་མིང་ལ་ལྷའི་བདུད་རྩི་མྱངས་པའི་མྱང་ཞེས་བྱའོ། དེ་ནས་ལྷའི་བདུད་རྩི་མང་པོར་སྤེལ་ནས་སློབ་དཔོན་རྗེ་འབངས་བཅས་པས་བདུད་རྩིའི་བུམ་པ་ཐོགས་ཏེ་གནོད་སྦྱིན་གང་བཟང་གི་རྩེར་བདུད་རྩི་ནས་བླུགས་ཏེ་གངས་རི་འདི་ཡང་ལྷའི་བདུད་རྩིས་བྱིན་གྱིས་བརླབས་པས། དེ་དག་གི་ཆུ་བོ་ཆེན་པོ་འདི་ལ་མྱང་གི་ཆུ་”⒁ཞེས་ཡུལ་དང་ཆུ་གཉིས་ཀྱི་མིང་ཐོབ་ཚུལ་ནི་སློབ་དཔོན་གྱི་སྐུ་དུས་སུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་སྐབས་སུ་རྒྱ་བྱིན་གྱིས་བདུད་རྩི་གནང་བའི་རོ་མྱང་བའི་སྐོར་ནས་མྱང་ཞེས་ཐོབ་པར་གསུངས་ནའང་གོང་དུ་དྲངས་པའི་ཏུན་ཧོང་གཏེར་ཡིག་གི་ནང་དུ་རྒྱལ་ཕྲན་སིལ་མའི་སྐབས་ནས་མྱང་ཞེས་པའི་ཐ་སྙད་དེ་བོད་ཀྱི་སྐད་བརྡའི་ནང་དུ་ཡོད་པ་མ་ཟད་ཡི་གེའི་ལམ་དུ་ཡང་བཀོད་ཡོད། མྱང་རོ་ཤམ་པོ་དང་མྱང་རོ་ཐལ་བ་ཚལ་སོགས་དེང་གང་དུ་ཡོད་མིན་ལ་མིག་དམར་ཚེ་རིང་ལགས་ཀྱིས་བརྩམས་གནང་བའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་》དང་འབྲི་གུང་སྐྱབས་མགོན་ཆེ་ཚང་མཆོག་ནས་བརྩམས་གནང་བའི་《བོད་བཙན་པོའི་རྒྱལ་རབས་》སོགས་སུ་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ནང་དུ་ཡོད་པར་གསུངས་པ་མ་ཟད། མཁས་པ་ཕལ་ཆེ་བས་ཀྱང་གཅིག་ཏུ་བཞེད་པས་དོན་དུ་དེ་ནི་ཇོ་ནང་པས་གསུངས་པའི་མྱང་ཡུལ་གནས་སའི་ཁུལ་དུ་ཡོད་པ་ཡུལ་གཅིག་ཏུ་ཡིན་པ་དང་། སློབ་དཔོན་བོད་དུ་ཕེབས་པའི་དུས་ཚོད་སྔ་ཤོས་ལའང་“ཁྲི་སྲོང་དགུང་ལོ་ཉེར་གཅིག་ཆུ་སྟག་སྤྱི་ལོ་761ལོར་གུ་རུ་པད་མ་འབྱུང་གནས་བོད་དུ་ཕེབས་”⒂པ་ཡིན་པས་ན་དུས་ཀྱི་སྔ་ཕྱིའི་ཐོག་ནས་འགལ་བ་ཆེར་སོང་བས་ན་ཇོ་ནང་པའི་དགོངས་པར་མི་འཐད་པར་སེམས།
གཞན་ཡང་“སློབ་མ་རྣམས་ལ་བདུད་རྩི་དེའི་ཆུ་རྒྱུན་གྱི་རོ་མྱང་རྒྱུ་བྱུང་བ་རྣམས་ལ་མྱང་མྱང་ཞེས་གདུང་རུས་ལ་ཡ་མཚན་གསོལ་བར་འདོད་ཅིང་། དེ་ལྟར་འཐད་པར་གོ མྱང་པོ་ནས་ཕེབས་པའི་རྣལ་འབྱོར་གཅིག་གིས་བྱིན་གྱིས་བརླབས་པས་མྱང་ཞེས་ཟེར་བ་ནི་བླུན་ཚིག་ཁོ་ན་ཡིན་ཅིང་མི་འཐད་ལ་ཁུངས་གང་ཡང་མེད་དོ།། བདུད་རྩི་མྱངས་པས་མྱང་ཞེས་པ་ཡིད་ཆེས་ཤིང་ཁུངས་བཙུན་པའི་གནས་སུ་གྱུར་པ་ཡིན་ལགས།”⒃ཞེས་ཐ་ན་གདུང་རུས་ཀྱི་མྱང་དེ་ཡང་སློབ་མ་རྣམས་བདུད་རྩི་དེའི་ཆུ་རྒྱུན་གྱི་རོ་མྱང་རྒྱུ་བྱུང་བ་རྣམས་ལ་མྱང་ཞེས་གསོལ་བར་འདོད་ན་ཡང་མྱང་གི་རུས་རྒྱུད་ཀྱི་མི་སྣ་མ་མཐར་གནམ་རི་སྲོང་བཙན་སྐབས་ནས་བོད་བཙན་པོའི་བློན་ཆེན་གནང་བ་ཤིན་ཏུ་གསལ་ལ་སློབ་དཔོན་ཉིད་ཀྱི་སྐབས་སུ་ཡང་མྱང་དབྱི་གོང་སོགས་ཡོད་པ་ཞྭའི་རྡོ་རིང་ལས་ཀྱང་གསལ་བས་བཞེད་ཚུལ་དེ་དག་ནི་ཕལ་ཆེར་ཏུན་ཧོང་ཡིག་རྙིང་མཇལ་ཐུབ་མེད་པ་དང་ཞྭའི་རྡོ་རིང་སོགས་ལ་དོ་སྣང་གནང་མེད་པའི་རྐྱེན་གྱིས་ཡིན་ངེས་ཏེ། ཡིག་རྙིང་དེ་དག་ལ་རྒྱལ་ཕྲན་སིལ་མའི་སྐབས་ནས་མྱང་ཞེས་པའི་ཐ་སྙད་ཡུལ་རུས་ཅི་རིགས་ལ་ཐོན་པའི་ཕྱིར།
གཉིས། མྱང་དང་ཉང་གི་སྐོར་གླེང་བ།
དང་པོ། བར་དུ་མྱང་དང་ཉང་ཅི་རིགས་འབྲི་ཚུལ་བྱུང་བ། ཡི་གེ་འབྲི་ཚུལ་གྱི་ཐད་ནས་གླེང་ན་དེང་གི་ཆར་མྱང་གི་འབྲི་སྲོལ་གཞན་ཞིག་སྟེ་ཉང་ཞེས་བྲིས་པའང་མང་ཞིང་མཁས་པ་ལ་ལའི་བཞེད་པར་གཙང་མྱང་ཆུའི་རྒྱུད་དུ་གནས་པའི་ཡུལ་ལ་མྱང་སྟོད་དང་མྱང་སྨད། མྱང་རོ། མྱང་གཞུང་ཞེས་འབྲི་དགོས་པ་དང་། ཉང་ལོང་ཀོང་གསུམ་གྱི་ཉང་ཡུལ་གྱི་འབྲི་སྲོལ་ཉང་ཞེས་འབྲི་དགོས་པའི་ (17)སྐོར་འགའ་ཞིག་ཐོས་ནའང་དོན་དུ་དེ་ལྟར་དོན་ལ་གནས་མིན་ད་དུང་བརྟག་པ་བྱེད་དགོས་ངེས་སུ་མཐོང་ལ། རུས་ཀྱི་མྱང་ཞེས་པའི་འབྲི་སྲོལ་ཐད་ལའང་གོང་དང་འདྲ་བར་མིག་སྔར་བྲིས་སྲོལ་ཁག་གཉིས་ཙམ་ཡོད་པར་དཔེ་འགའ་དྲངས་ན“ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇོད་ས་སེར་དགོན་ཅེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ལོར་སྐུ་བལྟམས།”(18) ཞེས་དང་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ནང་དུ“མྱང་ཤེར་མཆོག་དང་མྱང་ཡེ་འབྱུང་། མྱང་བྱང་གྲགས་དང་མྱང་ཤེར་འབྱུང་” (19)ཞེས་བྲིས་ཡོད་པ་དང་། ཡང་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ནང་“ཉང་ཏིང་ངེ་འཛིན་བཟང་པོ།” (20)ཞེས་སོགས་འཁོད་པ་ལྟར་མྱང་དང་ཉང་ཅི་རིགས་སུ་བྲིས་པའི་སྣང་ཚུལ་མཐོང་།
མིག་སྔར་གདུང་རུས་ཞིབ་འཇུག་ལ་མེད་དུ་མི་རུང་བའི་རུས་ཀྱི་བང་མཛོད་ལྟ་བུར་གྱུར་པའི་དཔེ་ཆ་《བཤད་མཛོད་ཡིད་བཞིན་ནོར་བུ་》དང་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེ་ཚལ》 《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ་》སོགས་སུ་རུས་དེའི་སྐོར་གྱི་ཐ་སྙད་ཐད་ཀར་བྲིས་པ་མཐོང་རྒྱུ་མེད། འོན་ཀྱང་བསྟན་པ་ཕྱི་དར་སྐབས་སུ་བརྩམས་གནང་བའི་《ལྡེའུ་ཆོས་འབྱུང》 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 《མཁས་པའི་དགའ་སྟོན》 《དེབ་ཐེར་སྔོན་པོ》 《གུ་བཀྲའི་ཆོས་འབྱུང》 《བདུད་འཇོམས་ཆོས་འབྱུང་》སོགས་ཀྱི་ནང་དུ་ཡུལ་དང་རུས་ལ་མ་ལྟོས་པར་མྱང་དང་ཉང་གཉིས་ཅི་རིགས་བྲིས་པ་སྣང་བས་བཙན་པོའི་རྒྱལ་རབས་སྐབས་སུ་མྱང་ཞེས་པའི་ཐ་སྙད་ཁོ་ན་སྤྱོད་པའི་སྲོལ་ལས་བརྒལ་ཏེ་བར་སྐབས་སུ་རུས་ཀྱི་མྱང་ལ་མྱང་དང་ཉང་གཉིས་ཀ་འབྲི་བའི་སྲོལ་ལ་གཞིགས་ན་དོན་ལ་ཁྱད་པར་མེད་པར་ཐུན་མོང་གིས་རུས་ཚན་གཅིག་སྟོན་པ་ཤ་སྟག་སྟེ། སྔ་རབས་ཀྱི་ལོ་རྒྱུས་དེབ་ཐེར་མང་པོར་རུས་མིང་མི་ཉུང་བ་ཞིག་ལ་“སྒ་ལ་སྒ་དང་དགའ། སྦྲ་ལ་སྦྲ་དང་དབྲ།ལྡོང་ལ་གདོང་དང་ལྡོང་། རྨུ་ལ་རྨུ་དང་དམུ་བཅས་དབྱེར་མེད་དུ་འབྲི་” (21)བ་བཞིན་འབྲི་ལུགས་མི་མཐུན་པ་སྣ་ཚོགས་ཡོད་པ་ལས་དོན་ལ་ཁྱད་པར་མེད་པར་གྱུར་ཡོད། འོན་ཀྱང་ཡུལ་གྱི་ངོས་ནས་བརྗོད་ན་དེབ་ཐེར་མང་པོར་དབྱེར་མེད་དུ་བྲིས་ཡོད་ན་ཡང་གོང་དུ་སྨོས་པ་བཞིན་ཕྱིས་སུ་མཁས་པ་མི་ཉུང་བའི་བཞེད་པར་མྱང་དང་ཉང་གཉིས་ཀྱི་སྟོན་བྱའི་ཡུལ་མི་མཐུན་པར་སོ་སོར་མྱང་ཡུལ་དང་ཉང་པོ་ཡིན་པར་བརྗོད། གང་ལྟར་ཡང་མྱང་དང་ཉང་གཉིས་ཀྱི་འབྲི་སྲོལ་ལ་ཆོས་འབྱུང་ལོ་རྒྱུས་སོ་སོའི་ནང་དུས་རབས་མི་འདྲ་བའི་ལོ་རྒྱུས་བརྗོད་སྐབས། འབྲི་སྲོལ་མི་འདྲ་བའམ་ཡང་ན་དུས་རབས་མི་གཅིག་པའི་ཆོས་འབྱུང་ལོ་རྒྱུས་སོ་སོར་འབྲི་སྲོལ་མི་འདྲ་བ་ཡོད་པའི་འགྱུར་བའི་རང་བཞིན་ཡོང་གི་ཡོད་པར་ཞིབ་ཏུ་དཔྱད་ཚེ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྔོན་ནམ་《ལྡེའུ་ཆོས་འབྱུང་》གི་སྔོན་དུ་བརྩམས་གནང་བའི་《ཡོ་ག་ལྷ་གྱེས་ཅན་》གྱི་ནང་དུ་“ཉང་སྲིན་དང་ཀོང་སྲིན་ཁ་གཡེལ་ནས།” (22)ཞེས་དང་། “མྱང་གོང་དུ་་་་་་་་་ཉང་གི་མེས་པོ་” (23)ཞེས་ཡུལ་གྱི་སྐབས་སུ་ཐ་སྙད་འདི་གཉིས་ཀ་སྤྱོད་པའི་སྲོལ་དར་ཡོད་པ་དང་རུས་ཀྱི་སྐབས་སུ་ཡང་བཙན་པོའི་སྐབས་ཀྱི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་དང་མི་འདྲ་བར་ཉང་ཞེས་འབྲི་བའི་སྲོལ་དར་ཟིན་པར་འདུག གཞན་ཡང་དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ་བརྩམས་(24)གནང་བའི《དབུ་ནག་མིའུ་འདྲ་ཆགས་》ནང་དུ་སྟོད་ཀྱི་“དབྲ་དཀར་མཚོ་དགུ་དེ། རྐོང་པོ་དག་པོ་ཉང་པོ་གསུམ།” (25) ཞེས་དང་། 《བཤད་མཛོད་ཡིད་བཞིན་ནོར་བུའི་》ནང་“བྱ་ཁྲི་ཉང་པོའི་ཡུལ་དུ་གཤུཌ། དེའི་གདུང་ཆད།” (26) ཞེས་ཉང་བྲིས་ཡོད་པ་དང་། 《མིའུ་རིགས་བཞི་ལྷ་སེལ་ལྷ་ཆོས་རྒྱས་པ་》ཞེས་པའི་ནང་དུ་“ཉང་ཡུལ་མྱང་ལྷ་ཡོལ་མོ་དང་།” (27) ཞེས་ཡུལ་གྱི་སྐབས་སུ་མྱང་དང་ཉང་ཅི་རིགས་སུ་བེད་སྤྱོད་བྱེད་པའི་སྲོལ་ལ་བལྟས་ན་མ་མཐར་དུས་རབས་བཅུ་གཅིག་པའི་སྔོན་ནས་མྱང་ཞེས་པའི་ཚབ་ཏུ་ཉང་ཞེས་སྤྱོད་འགོ་ཚུགས་པར་མངོན།
གཉིས་པ། ཚབ་བྱེད་རང་བཞིན་གྱི་འགྱུར་བ་བྱུང་བའི་སྐོར། དུས་རབས་བཅུ་གཉིས་པའི་རྗེས་སུ་བརྩམས་ཤིང་རྩོམ་དུས་ཅུང་གསལ་བར་འཁོད་པའི་ཆོས་འབྱུང་ལོ་རྒྱུས་ཁག་ཅིག་ལ་དབྱེ་ཞིབ་བྱས་ཚེ་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་དུ་བརྩམས་གནང་བའི་《ལྡེའུ་ཆོས་འབྱུང་》ནང་དུ་རྒྱལ་ཕྲན་བཅུ་གཉིས་སྐབས་སུ་“ཡུལ་མྱང་རོ་མཆད་དཀར་ན། རྒྱལ་པོ་རྩང་རྗེ་ཐོད་དཀར།་་་་་་་་་ཡུལ་ཡུལ་ཉང་རོ་ཤམ་པོ་ན། རྒྱལ་པོ་ལོ་ངམ་བྱི་རོམ། ཡུལ་ཉང་ཡུལ་རྣམ་གསུམ་ན། རྒྱལ་པོ་ཉང་བཙུན་གླང་རྒྱབ་བཞུགས།” (28)ཞེས་དང་། གྲི་གུམ་བཙན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྤུར་ཟངས་སྐྱ་ཁ་སྤྲོད་དུ་བཅུག་སྟེ་ཆུ་ལ་གཏོང་སྐབས་“མྱང་ཆུ་སྐྱ་མོའི་གཞུང་ལ་བསྐུར་བས།” (29)ཞེས་བྲིས་པ་དང་། “ངར་ལས་སྐྱེས་ཀྱིས་མྱང་རོ་ཤམ་པོ་མཁར་གྱི་ཕ་རོལ་ན་རྒོད་ཚང་ཡོད་པ་ལ་སྙད་བཏགས་ནས་བྱ་རྒོད་ཀྱི་གསོབ་ཏུ་ཞུགས་ཏེ། མྱང་རོ་ཤམ་པོ་མཁར་རྩེ་ནས་ཕབ།” (30) ཞེས་ཡུལ་གྱི་སྐབས་སུ་མྱང་དང་ཉང་གང་དགར་བྲིས་པ་སྟེ་མྱང་རོ་ཤམ་པོ་ཞེས་པའི་ཡུལ་གཅིག་ལ་ཡང་འབྲི་སྲོལ་གཉིས་ཀ་བྲིས་ཡོད། འོན་ཀྱང་ཉང་ཉི་མ་འོད་ཟེར་(1124-1192)གྱིས་དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་གནང་བའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལ་མཚོན་ན་“ཉང་ཁྲི་ཉང་པོར་སྤྱུགས་པས་ཉང་བཙུན་རྒྱལ་པོ་ལགས་ཏེ་དེ་ཡང་གདུང་ཆད་དོ།” (31) ཞེས་དང་། “ཉང་ཏིང་འཛིན་བཟང་པོ་ལ་སོགས་པ་་་་་་་་” (32)ཞེས་ཉང་ཁོ་ན་བྲིས་པ་ལས་མྱང་ཞེས་བྲིས་པ་གཅིག་ཀྱང་མཐོང་རྒྱུ་མེད། སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་སྤྱི་ལོ་1434ལོར་བརྩམས་གནང་བའི་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ནང་དུ་“ཉང་རོ་རྩིས་གནས་གསར་དུ། ལྷ་ཁང་ཁྲབ་སྒོ་ཅན་རྣམས་བཞེངས།” (33)དང་“ཉང་ཤེར་མཆོག་་་་ཉང་ཡེ་ཤེས་འབྱུང་” (34)ཞེས་ཐ་སྙད་དེ་ཐོན་ཚད་ལ་ཉང་ཞེས་བྲིས་འདུག དཔའ་བོ་གཙུག་ལག་ཕྲེང་བས་སྤྱི་ལོ་1504ནས་1566ལོ་བར་བརྩམས་གནང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་དུ་“དེ་བཞིན་མྱང་རོ་ཕྱོད་དཀར་ན་ཉང་རོ་ཤམ་པོར་ལོ་རྔམ་རྗེ་འབྲོམ་བློན་པོ་ཤེ་སུང་གཉིས།་་་་་་སེ་མོ་གྲུ་བཞི་ན་གཉགས་རྗེ་གྲུ་འཕྲང་སེ་དང་ཉང་གཉིས་བློན།།” (35)ཞེས་དང་“ཉང་སྦས་གནོན་གསུམ་འབངས་སུ་ཆུད་སྐད།” (36) ཞེས་དང་དེབ་འདིའི་ནང་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་སྐབས་བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་ངོ་བཤུས་གནང་བའི་ནང་དུ་“བན་དེ་མྱང་ཏིང་འཛིན།་་་་་་མྱང་བློན་ཁྲི་བཟང་ལེགས་འདུས་” (37)ཞེས་མྱང་ཁོ་ན་བྲིས་ཡོད། གཞན་དུ་“ཉང་དང་ལྡང་མའི་བར་དུ་མི་རབས་གསུམ་ཡོད་” (38)ཅེས་ཉང་ཞེས་བྲིས་པའང་ཡོད། དེས་ན་ཆོས་འབྱུང་འདིའི་ནང་དུ་ཡུལ་དང་རུས་གཉིས་ཀའི་སྐབས་སུ་མྱང་དང་ཉང་ཅི་རིགས་སུ་བྲིས་པ་སྣང་ལ་རུས་ཀྱི་སྐབས་སུ་མྱང་ཞེས་བྲིས་པ་ཅུང་མང་ཞིང་སྤྱི་ཡོངས་ནས་གནའ་ཡིག་གི་འབྲི་སྲོལ་དང་ཉེ་བར་འདུག གུ་རུ་བཀྲ་ཤིས་ཀྱིས་སྤྱི་ལོ་1807ནས་1873ལོར་བརྩམས་གནང་བའི་《གུ་བཀྲའི་ཆོས་འབྱུང་》ནང་དུ་མྱང་ཞེས་པའི་བྲིས་སྲོལ་མེད་ཅིང་ཡུལ་དང་རུས་ཚང་མར་ཉང་ཞེས་བྲིས་ཡོད། དེ་བཞིན་དུ་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་1871ནས་1926ནང་བརྩམས་གནང་བའི་《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་》དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤྱི་ལོ་1962ལོར་བརྩམས་གནང་བའི་《བདུད་འཇོམས་ཆོས་འབྱུང་》ནང་དུ་ཡུལ་རུས་དབྱེར་མེད་དུ་ཉང་ཞེས་བྲིས་ཡོད་པ་ལས་མྱང་ཞེས་བྲིས་པ་གཅིག་ཀྱང་མེད།
གོང་གསལ་ཆོས་འབྱུང་ཁག་གི་ནང་དུ་བྱུང་བའི་མྱང་དང་ཉང་གཉིས་ཀྱི་འབྲི་སྲོལ་ལ་ཞིབ་ཏུ་བསམ་ན་དུས་རབས་བཅུ་གཅིག་པའི་སྔོན་དང་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་སུ་བརྩམས་གནང་བའི་བོན་དཔེ་སོགས་ཀྱི་ནང་དུ་མྱང་དང་ཉང་གཉིས་ཅི་དགར་ཐོན་པ་དང་། དུས་རབས་བཅུ་གཉིས་པའི་ནང་དང་རྗེས་སུ་བརྩམས་པའི་ཆོས་འབྱུང་ལས་《ལྡེའུ་ཆོས་འབྱུང་》དང་《མཁས་པའི་དགའ་སྟོན》 《མྱང་ཆོས་འབྱུང་》ཕུད་གཞན་གྱི་ནང་དུ་མྱང་ཞེས་བྲིས་པ་ཧ་ལམ་མེད་ལ་ཡུལ་རུས་གཉིས་ཀའི་འབྲི་ཚུལ་ལ་ཉང་ཞེས་བྲིས་ཡོད། འོན་ཀྱང་གོང་གསལ་ཆོས་འབྱུང་གསུམ་ལས་གོང་མ་གཉིས་ཀྱི་ནང་དུ་དུས་རབས་བཅུ་གཅིག་པའི་སྔོན་གྱི་《རྒྱལ་རབས་རིན་ཆེན་སྤུངས་པ་》དང་《ཡོ་ག་ལྷ་གྱེས་ཅན》 《ཟངས་མ་གཞུག་རལ་ཅན》 《ལྡེབ་མ་དགུ་རྩེག་ཅན》《ཟིང་པོ་མགོ་སྔོན་ཅན》 《གསང་བ་ཕྱག་རྒྱ་ཅན》 《ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་》སོགས་དཔྱད་གཞིར་གནང་བ་གསལ་བ་དང་ཐ་ན་སྤུ་རྒྱལ་དུས་ཀྱི་བཀའ་གཙིགས་ཡི་གེ་དང་རྡོ་རིང་ཡི་གེ་སོགས་དྲངས་ཡོད་ཅིང་དཔྱད་གཞིའི་ཐོག་ནས་དཔེ་རྙིང་མང་བས་ན་ཤུགས་སུ་མྱང་ཞེས་པའི་འབྲི་སྲོལ་སྤྱད་པ་མང་བར་འདུག ནང་དོན་གྱི་ཐད་ནས་གླེང་ན་ཡང་རྒྱལ་ཕྲན་སིལ་མ་དང་སྤུ་རྒྱལ་དུས་ཀྱི་ལོ་རྒྱུས་སོགས་ཀྱི་སྐོར་ཆོས་འབྱུང་གཞན་ལས་ཀྱང་མང་བས་ན་མྱང་ཞེས་པའི་འབྲི་སྲོལ་དེ་ཉང་ལས་ཁ་གྲངས་ལྟོས་བཅས་ཀྱིས་ཆོས་འབྱུང་གཞན་ལས་མང་བར་འདུག 《མྱང་ཆོས་འབྱུང་》ལྟ་བུར་མཚོན་ན་མྱང་ཞེས་བྲིས་པ་མང་ནའང་དེས་ནི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་མྱང་ཁོ་ན་བྲིས་ཤིང་ཇོ་ནང་པ་ཁོང་རང་ཉིད་ཀྱི་ལྟ་བ་ཁྱད་པར་བ་ཞིག་སྟོན་པའི་ཁུལ་ཙམ་མཚོན་པའི་ཕྱིར་ན་རུས་དང་ཡུལ་སྤྱིར་དེ་ལྟ་བུའི་དབྱེ་ཞིབ་བྱེད་ཐབས་བྲལ།
དེས་ན་སྔོན་གྱི་དཔེ་རྙིང་སྟེ་དུས་རབས་བཅུ་གཅིག་སྔོན་གྱི་དཔེ་རྙིང་དང་ཡིག་རྙིང་གི་དཔྱད་གཞིར་བཟུང་ནས་བཀོད་པའི་རིགས་དེ་དག་ཕུད་ཚེ་སྤྱིའི་ཆ་ནས་མྱང་ཞེས་བྲིས་པ་ཉུང་ལ་ཕལ་ཆེ་བར་ཉང་ཞེས་པའི་སྤྱོད་སྲོལ་ཆགས་ཡོད་པ་དང་། རུས་ཀྱི་ངོས་ནས་བརྗོད་ན་ཉང་ཉི་མའི་འོད་ཟེར་ནས་བཟུང་སྟེ་མྱང་ཞེས་པའི་རུས་བྲིས་པ་མེད་ཅིང་ཚང་མར་ཉང་ཞེས་བྲིས་ཡོད། ཉང་གི་གདུང་རུས་ལ་བཙན་པོའི་སྐབས་ཀྱི་དཔེ་རྙིང་དང་ཡིག་རྙིང་ཚང་མར་མྱང་ཞེས་བྲིས་ནའང་ཉང་ཉི་མའི་འོད་ཟེར་སྔོན་གྱི་གདུང་རུས་ཁ་ཤས་ལ་དུས་རབས་བཅུ་གཅིག་སྔོན་གྱི་དཔེ་ཆ་འགར་མྱང་དང་ཉང་གཉིས་ཅི་རིགས་སུ་བྲིས་ཡོད་པར་བལྟས་ན། མྱང་ཞེས་པའི་ཚབ་ཏུ་ཉང་འབྲི་བའི་འགོ་ཚུགས་དུས་ནི་དུས་རབས་བཅུ་པའམ་དགུ་པའི་དུས་མཇུག་ཏུ་ཡིན་ཞིང་། དེ་ནས་བཟུང་མྱང་དང་ཉང་གཉིས་ཀྱི་འབྲི་སྲོལ་ལ་ཡུལ་རུས་ལ་མ་ལྟོས་པའི་གཅིག་གྱུར་གྱི་འགྱུར་བ་ཞིག་དུས་རབས་ཀྱི་བཞུར་རྒྱུན་དང་བསྟུན་ནས་བྱུང་བ་ནི་བཙན་པོའི་སྐབས་སུ་མྱང་ཁོ་ན་སྤྱོད་པའི་སྲོལ་ལས་དུས་རབས་དགུ་པ་བཅུ་པའི་ནང་དུ་ཉང་ཞེས་བྲིས་པའི་སྲོལ་ཐོན་པ་དང་མཉམ་དུ་མྱང་དང་ཉང་གཉིས་ཅི་དགར་སྤྱོད་པ་དང་། དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ནས་བཙན་པོའི་སྐབས་ཀྱི་ལོ་རྒྱུས་སམ་དཔེ་རྙིང་དྲངས་པ་ཕུད་གཞན་རྣམས་སུ་ཉང་ཁོ་ན་འབྲི་བའི་སྲོལ་རིམ་བཞིན་ཐོན་སྟེ་དུས་རབས་བཅུ་དགུར་སླེབས་དུས་ཡོངས་སུ་ཉང་ཁོ་ན་འབྲི་སྲོལ་ཐོན་པ་ལྟར་དུ་མཆིས། ལྷག་པར་དུ་དུས་རབས་བཅུ་གཅིག་རྗེས་ཀྱི་དཔེ་ཆ་དེ་དག་ནང་དུ་སྤྱིར་བསྟན་པ་སྔ་དར་སྐབས་སུ་བྱུང་བའི་མྱང་གི་རུས་རྒྱུད་ལ་མྱང་ཞེས་པའི་འབྲི་སྲོལ་ཡོད་པ་དང་སྐབས་འགར་ཉང་ཞེས་པའི་འབྲི་སྲོལ་ཡང་ཡོད། དཔེ་ཆ་དེ་དག་ནང་ཕྱི་དར་སྐབས་སུ་བྱུང་བའི་མི་སྣའི་རུས་ལ་ཉང་ཞེས་པའི་འབྲི་སྲོལ་ཁོ་ན་ཐོན་པ་ལས་མྱང་ཞེས་པའི་འབྲི་སྲོལ་མེད། སྒོས་སུ་དཔེ་ཆ་ཕྱི་མ་ཕྱི་མའི་ནང་དུ་མྱང་ཞེས་བྲིས་པའི་ཁ་གྲངས་སྔ་མ་སྔ་མ་ལས་ཇེ་ཉུང་ཇེ་ཉུང་དུ་གྱུར་ཏེ་བའི་ཚབ་བྱེད་ཀྱི་འགྱུར་བ་ཞིག་བྱུང་བར་མངོན།
ཡུལ་གྱི་མྱང་ཡུལ་སྟོད་སྨད་བར་གསུམ་དང་ཉང་ལོང་ཀོང་གསུམ་གྱི་ཉང་གི་སྐབས་སུ་ཡང་གོང་སྨོས་བཞིན་བཙན་པོའི་རྒྱལ་རབས་སྐབས་དང་བསྟན་པ་སྔ་དར་གྱི་ཡིག་ཚང་ནང་དུ་དབྱེར་མེད་དུ་མྱང་ཞེས་བྲིས་ཡོད་པ་དང་། ཉང་དང་མྱང་གཉིས་གང་དགར་བྲིས་བའི་དུས་དང་བསྟུན་ནས་ཡུལ་གྱི་མྱང་དེ་ཡང་ཅི་དགར་འབྲི་བའི་སྲོལ་ཞིག་བྱུང་བ་དང་རྗེས་ཀྱི་ཡིག་ཚང་ཕལ་ཆེ་བར་དབྱེར་མེད་དུ་ཉང་ཞེས་བྲིས་ཏེ། གཏེར་སྟོན་བརྒྱ་རྩའི་ནང་དུ་“གཙང་ཉང་སྟོད་དུ་སྐུ་འཁྲུངས་” (39)ཞེས་དང་“ཉང་སྟོད་ཁུ་ལེ་” (40)དང་“ཉང་དཀར་མདའ་ཤམ་བུར་འཁྲུངས་” (41)དང་། “ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆ་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་” (42)དང་ “་་་་་་ཉང་སྟོད་ཁུ་ཡུལ་་་་་་ཉང་སྨད་པ་ཚབ་” (43)ཞེས་པ་སོགས་ཀྱི་ཡུལ་གཉིས་ཀར་ཉང་ཞེས་བྲིས་ཡོད། འོན་ཀྱང་བར་སྐབས་སུ་《མྱང་ཆོས་འབྱུང་》ནང་དུ་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་མྱང་དེ་མ་མྱང་འབྲི་དགོས་པའི་སྐོར་གསུངས་པ་ནས་མཁྱེན་ལྡན་མང་པོའི་ཐུགས་ལ་ཉང་ལོང་ཀོང་གསུམ་གྱི་ཉང་དེ་ཉང་ཞེས་འབྲི་དགོས་པའི་བསམ་ཚུལ་འཁྲུངས་ཡོད་ན་ཡང་དོན་དུ་ཡིག་ཚང་རྙིང་པ་རྣམས་ཀྱི་ནང་དུ་དེ་དག་དབྱེར་མེད་དུ་མྱང་ཁོ་ན་བྲིས་པས་ཡུལ་གྱི་མྱང་ལ་མྱང་ཞེས་བྲིས་ན་ཡིག་ཚང་རྙིང་པའམ་ཐོག་མའི་འབྲི་སྲོལ་ཡིན། མ་ཟད་ཉང་ལོང་ཀོང་གསུམ་གྱི་ཉང་དེ་ཡང་ཇི་ལྟར་བྲིས་ན་ཡང་དག་མིན་ལ་བསམ་ཚེ་རྒྱ་མདའ་རྫོང་ཉང་པོ་ཤང་གི་གཞུང་དུ་རྒྱུག་པའི་ཆུ་ལ་དེང་གི་དུས་སུ་ཉང་ཆུ་ཞེས་བྲིས་ཡོད་པ་དང་དེ་ནི་རྒྱ་སྐད་ནང་尼洋河ཞེས་བྲིས་ཡོད་ཅིང་སྒྲ་དེ་ནི་བོད་སྐད་བརྡ་རྙིང་གི་ནང་དུ་མྱང་ཆུ་ཞེས་པའི་སྐབས་མྱང་ཞེས་ཀློག་པའི་སྒྲ་གདངས་རྒྱ་སྐད་དུ་ཕབ་པ་ཡིན་པར་བསམ་སྟེ། 《西番译语》ནང་དུ་སྐམ་ལམ་ཞེས་པའི་སྒྲ་ལ་རྒྱ་སྐད་དུ་“思幹蓝”fཞེས་པ་ལྟར་གྱི་ཀློག་ཚུལ་དང་འདྲ་བས་ན་ཉང་ལོང་ཀོང་གསུམ་གྱི་ཉང་དེ་སྔ་རབས་སུ་མྱང་ཞེས་འབྲི་བཞིན་ཡོད་པ་གསལ་བར་མཆིས་ལ། མིག་དམར་ཚེ་རིང་ལགས་ཀྱིས་“འོན་ཀྱང་རང་ཅག་བོད་ཀྱི་ལོ་རྒྱུས་ཐོག་དེ་ལྟ་བུའི་གཅིག་གྱུར་གྱི་འབྲི་སྲོལ་ཞིག་ཡོད་བཟོ་ཁོ་བོས་མཐོང་ཐོས་མ་བྱུང་ཞིང་། དེ་ལས་ལྡོག་སྟེ་གཙང་ཁུལ་རྒྱལ་རྩེ་རྫོང་སོགས་བརྒྱུད་ནས་རྒྱུག་འགྲོ་བའི་གཙང་པོ་དེ་ལ་ཉང་ཆུ་ཞེས་དང་ཀོང་པོ་ཉང་པོའི་གཙང་པོ་དེ་ལ་མྱང་ཆུ་ཞེས་བྲིས་པའང་ལོ་རྒྱུས་དེབ་ཐེར་ནང་མང་པོ་མཐོང་རྒྱུ་འདུག” (44) ཅེས་གསུངས་པ་ནི་དོན་ལ་གནས་པའི་བདེན་གཏམ་ཉག་ཅིག་གོ།
གསུམ། དེ་ལྟར་འགྱུར་བ་བྱུང་བའི་དབྱེ་ཞིབ།
དེ་ཡང་མྱང་ཞེས་པའི་ཚབ་ཏུ་ཉང་ཞེས་བྲིས་ཡོད་ཅིང་དེ་ལྟར་བྲིས་ན་ཆོག་པའི་རྒྱུ་མཚན་དང་དེ་ལྟར་ཐོན་པའི་རྒྱུ་མཚན་ཞིབ་ཏུ་བསམ་ན། གཅིག་ནས་མྱང་ཞེས་པའི་མིང་གཞི་མ་དེ་ནི་སྡེ་པ་བཞི་པའི་ཡི་གེ་བཞི་པ་ཡིན་པ་དང་ཉང་ཞེས་པའི་ཉ་དེ་ནི་སྡེ་པ་གཉིས་པའི་ཡི་གེ་བཞི་པ་ཡིན་ཞིང་གནས་དང་བྱེད་པའི་སྦྱོར་བའི་ཆ་ནས་“ཨི་ཨེ་ཅ་ཆ་ཇ་ཉ་དང་།། ཙ་ཚ་ཛ་ཞ་ཡ་ཤ་རྣམས།། ལྕེ་དབུས་ཡན་ཆད་རྐན་ལ་རེག།” (45) ཅེས་པ་ལྟར་ཉ་དང་ཡ་གཉིས་ཉེ་བར་ཡོད་པ་དང་། གཉིས་ནས་ཡི་གེ་ཕོ་མོའི་ཆ་ནས་ང་ཉ་ན་མ་ཤིན་ཏུ་མོ་ཞེས་གཉིས་ཀ་ཤིན་ཏུ་མོའི་ཁོངས་སུ་གཏོགས་པས་སྒྲ་ཕན་ཚུན་མཚུངས་པའམ་ཤིན་ཏུ་ཐག་ཉེ་བ་དང་། གསུམ་ནས་དབྱངས་ཅན་སྒྲ་མདོའི་འགྲེལ་པར་“ཉ་མ་ཞེས་པ་སྣ་ལྡན་ལྔའི་བསྡུས་མིང་སྟེ། ཉ་མ་ལ་ཡང་ན་ཉ་མ་རྣམས་སོ།” (46)ཞེས་སྒྲ་འདོན་ཚུལ་མཚུངས་པར་གསུངས་པ་དང་། བཞི་ནས་མ་ལ་ཡ་བཏགས་བརྒྱབ་པའི་མྱ་དེ་ཀློག་པའི་སྒྲ་དང་ཉ་ཞེས་ཀློག་པའི་སྒྲ་གཉིས་དུས་གང་ཙམ་གོང་ནས་ཁྱད་པར་མེད་ཅིང་སྒྲ་གདངས་མཚུངས་པའི་དབང་གིས་ཕན་ཚུན་ཚབ་བྱེད་ཀྱི་སྲོལ་རང་བཞིན་དུ་བྱུང་བར་བསམ། དེ་ལས་ཀྱང་གསལ་བཤད་ལམ་ཙམ་ཐུབ་པ་ནི་བཙན་པོའི་རྒྱལ་རབས་སྐབས་སུ་མྱ་ཞེས་ཀློག་པའི་སྒྲ་གདངས་དེ་ཉ་དང་ཅུང་ཟད་མི་འདྲ་ཞིང་དེ་ཡང་གོང་སྨོས་རྒྱ་སྐད་ལས་གསལ་ནུས་ཏེ་མིང་གཞི་དང་འདོགས་ཅན་སོ་སོར་འཕྲལ་ནས་ཀློག་དགོས་ཤིང་དུས་རབས་བཅུ་པ་ཙམ་དུ་དེའི་ཀློག་ཚུལ་ལ་འགྱུར་བ་ངེས་ཅན་བྱུང་ནས་ཉ་ཞེས་ཀློག་པའི་སྒྲ་དང་ཉེ་བར་བྱུང་བས་ན་དུས་རབས་དེའི་སྔོན་དུ་མྱང་ཞེས་ཁོ་ན་བྲིས་པ་དང་ཀློག་ཚུལ་ལ་འགྱུར་བ་བྱུང་བའི་རྗེས་སུ་ད་བཟོད་གཞི་ནས་མྱང་གི་ཚབ་ཏུ་ཉང་ཞེས་པའི་བྲིས་སྲོལ་དར་བར་བསམ་མོ།།དེར་བརྟེན་རུས་ཀྱི་སྐབས་སུ་ཞྭའི་རྡོ་རིང་ནང་དུ་གསལ་བ་བཞིན་དུ་མྱང་ཏིང་འཛིན་བཟང་པོ་དང་མྱང་ཉི་མའི་འོད་ཟེར་སོགས་ཀྱི་འབྲི་ལུགས་སྤྱད་ཚེ་སྔོན་གྱི་ཡིག་ཚང་རྙིང་པ་དག་དང་མཐུན་ལ་ཁུངས་བཙན་པའི་རང་བཞིན་མཆིས་པར་སེམས། དེང་གི་དུས་སུ་ཡོངས་ཁྱབ་ཏུ་དར་བའི་ཉང་ཞེས་འབྲི་སྲོལ་སྤྱད་ནའང་འགལ་བ་ཆེར་མེད་པར་སེམས་ཏེ་མི་རིགས་ཤིག་གི་སྐད་ཀྱི་འགྱུར་བའི་ཁྲོད་དུ་དེ་ལྟར་སྔར་སྲོལ་ལས་བརྒལ་ཏེ་ཚབ་བྱེད་ཀྱི་ནུས་པ་ཐོན་པ་ལས་རུས་ཀྱི་ཆ་ནས་ལོགས་སུ་དགར་བའམ་ཐ་དད་དུ་གོ་བའི་ཁྱད་པར་མེད་པས་སོ།། ཡུལ་གྱི་དབང་དུ་ཡང་གཞི་གཉིས་འཁྲུལ་དོགས་ཀྱི་དགོས་དབང་གིས་མྱང་ཡུལ་སྟོད་སྨད་བར་གསུམ་དང་ཉང་ལོང་ཀོང་གསུམ་ཞེས་བྲིས་ན་ཆོག་མོད། ཐོག་མའི་འབྲི་ཚུལ་ལྟར་ན་མྱང་ལོང་ཀོང་དང་མྱང་ཡུལ་སྟོད་སྨད་བར་གསུམ་ཞེས་བྲིས་ན་ཤིན་ཏུ་འཐད་པར་མཐོང་ངོ་།།
མཆན་འགྲེལ།
①②③④⑤གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ་5པར་གཞི་དང་པོ། 2010ལོའི་ཟླ་5པར་ཐེངས་གཉིས་པ། ཤ3 ཤ3 ཤ4 ཤ4 ཤ4
⑥⑦འབྲི་གུང་སྐྱབས་མགོན་ཆེ་ཚང་། 《བོད་བཙན་པོའི་རྒྱལ་རབས》 [M] ཤ39 ཤ39
⑧⑨འབྲི་གུང་སྐྱབས་མགོན་ཆེ་ཚང་། 《བོད་བཙན་པོའི་རྒྱལ་རབས》 [M] ཤ108 ཤ89
⑩⑾གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ་5པར་གཞི་དང་པོ། 2010ལོའི་ཟླ་5པར་ཐེངས་གཉིས་པ། ཤ37 ཤ39
⑿⒀ཆབ་འགག་རྟ་མགྲིན་གྱིས་བརྩམས། 《བོད་ཡིག་རྡོ་རིང་ཞིབ་འཇུག》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་ཟླ་4པར་གཞི་དང་པོ། པར་ཐེངས་དང་པོ། ཤ་26ནས་27 ཤ33
⒁མིག་དམར་ཚེ་རིང་ནས་བརྩམས། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་8པར་གཞི་དང་པོ། པར་ཐེངས་དང་པོ། ཤ44
⒂⒃ཇོ་ནང་ཏཱ་ར་ན་ཐ། 《མྱང་ཆོས་འབྱུང》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོའི་ཟླ་བ་5པར་གཞི་དང་པོ། ཤ3 ཤ4
⒄ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་བསྒྲིགས། 《གངས་ཅན་གྲགས་ཅན་མི་སྣའི་འཁྲུངས་འདས་ལོ་ཚིགས་རེའུ་མིག་གསལ་བར་སྟོན་པ་བཞུགས་སོ》 [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་དང་པོའི་པར་གཞི་དང་པོ། པར་ཐེངས་དང་པོ། ཤ3
⒅འབྲི་གུང་ཆེ་ཚང་རིན་པོ་ཆེ་དང་ཇོ་ནང་པ་ཏཱ་ར་ན་ཐ་སོགས་ཀྱིས་བཞེད་པ།
⒆ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཟབ་མོ་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བེེཌཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་ས》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོའི་ཟླ་བ་12པར་གཞི་དང་པོ། ཤ67
⒇སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་12པར་ཐེངས་དང་པོ། ཤ་750ནས་751
(21)ཉང་ཉི་མ་འོད་ཟེར་གྱིས་བརྩམས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་ཟླ་བ་3པར་གཞི་དང་པོ། ཤ་403
(22) མཐའ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས། 《དཔའ་བོའི་བཞུད་ལམ》 [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ་བ་10པར་གཞི་དང་པོ། ཤ2
(23)(24)《བོན་དཔེ་ལས་བྱུང་བའི་ཡ་ཐོག་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཕྱག་དཔེ་འགའ་བཞུགས་སོ》 ཡོ་ག་ལྷ་གྱེས་ཅན། ཤ1561 ཤ157
(25)ཀུན་དགའ་ཡེ་ཤེས། 《སྔ་རབས་བོན་གྱི་ཡིག་རྙིང་དབུ་ནག་མིའུ་འདྲ་ཆགས་ཞེས་པའི་འབྲེལ་ཡོད་གནད་དོན་ཁག་ཅིག་ལ་སླར་དཔྱད་པ》 བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། [J] 2013ལོའི་དེབ་གསུམ་པ། ཤ116
(26)《བོན་དཔེ་ལས་བྱུང་བའི་ཡ་ཐོག་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཕྱག་དཔེ་འགའ་བཞུགས་ས》 དབུ་ནག་མིའུ་འདྲ་ཆགས། ཤ109
(27)《བཤད་མཛོད་ཡིད་བཞིན་ནོར་བུ》 གློག་རྡུལ་དེབ། དཔེ་རིང་མ། ལྡེབ་ག81
(28)《བོན་དཔེ་ལས་བྱུང་བའི་ཡ་ཐོག་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཕྱག་དཔེ་འགའ་བཞུགས་ས》 མིའུ་རིགས་བཞི་ལྷ་སེལ་ལྷ་ཆོས་རྒྱས་པ། ཤ18
(29)(30)(31)མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོའི་ཟླ་6པར་གཞི་དང་པོ། 2010ལོའི་ཟླ་12ཐེངས་གཉིས་པ། ཤ214 ཤ233 ཤ235
(32)(33)ཉང་ཉི་མ་འོད་ཟེར་གྱིས་བརྩམས། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་ཟླ་བ་3པར་གཞི་དང་པོ། ཤ150 ཤ367
(34)(35)སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་བ་6པར་གཞི་དང་པོ། ཤ202 ཤ451
(36)(37)(38)(39)དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་1པར་གཞི་དང་པོ། 2012ལོའི་པར་ཐེངས་གཉིས་པ། ཤ84 ཤ93 ཤ216 ཤ288
(40)《ཟབ་མོ་གཏེར་དང་གཏོན་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བེེཌཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོའི་ཟླ་བ་12པར་གཞི་དང་པོ། ཤ148
(41)(42)(43)གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང》 [M] མཚོ་སྔོན་མི་རིགས་པར་སྐྲུན་ཁང་། 1990ལོའི་ཟླ་བ་10པར་གཞི། 1998ལོའི་ཟླ་བ་7པར་ཐེངས་གཉིས་པ། ཤ162 ཤ168 ཤ176
(44)བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྩམས། 《བདུད་འཇོམས་ཆོས་འབྱུང》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་11པར་གཞི་དང་པོ། ཤ454
(45)《西番译语》内部资料,第204页。
(46)མིག་དམར་ཚེ་རིང་ནས་བརྩམས། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་8 པར་གཞི་དང་པོ། པར་ཐེངས་དང་པོ། ཤ44
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1