༄༅།། 《ཚད་མ་རིགས་པ་ལ་འཇུག་པ་》དང་《ཚད་མ་རིགས་པར་འཇུག་པའི་སྒོ་》གཉིས་བསྟན་བཅོས་གཅིག་ཡིན་མིན་སྐོར་གླེང་བ།
དོ་རྒྱ་དབང་དྲག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-23
དོ་རྒྱ་དབང་དྲག་རྡོ་རྗེ།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིར་རྒྱ་གར་གྱི་ཚད་མའི་བསྟན་བཅོས་《རིགས་འཇུག་》དང་《རིགས་སྒོ་》ཞེས་པ་བསྟན་བཅོས་མི་འདྲ་བ་གཉིས་ཡིན་ཚུལ་བསྟན་པ་དང་། བོད་ཀྱི་བསྟན་འགྱུར་ཁྲོད་བཞུགས་པའི་《རིགས་འཇུག་》དང་《རིགས་སྒོ་》ཞེས་བྱ་བ་གཉིས་འགྱུར་མི་འདྲ་བའི་བསྟན་བཅོས་གཅིག་ཡིན་ཚུལ་བརྗོད་པ་དང་འབྲེལ་ཏེ་རྒྱ་བོད་མཁས་པའི་ལྟ་ཚུལ་མི་མཐུན་པའི་འབྱུང་རྐྱེན་སྐོར་ལ་དབྱེ་ཞིབ་བཏང་ཡོད།
[བརྡ་ཆད་གཙོ་བོ།] ཕྱོགས་གླང་། རིགས་འཇུག རིགས་སྒོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K872“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0023-11
ཉེ་ཆར་ཁོ་བོར་རྒྱའི་ཚད་མ་རིག་པར་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་བྱུང་བ་དང་བསྟུན་ནས་རྒྱ་བོད་གཉིས་ཀྱི་ཚད་མ་རིག་པའི་མཐུན་ཆ་དང་མི་མཐུན་པའི་ཕྱོགས་ལ་བློ་གྲོས་རྩིང་བོས་རྟོག་ཞིབ་རགས་ཙམ་བྱས་པ་ན། རྒྱ་བོད་གཉིས་ཀྱི་ཚད་མའི་ཞིབ་འཇུག་བྱ་ཡུལ་མི་འདྲ་བ་དང་། བྱེད་ཐབས་མི་འདྲ་བ། སྐད་ཡིག་དང་རིག་གནས་ཁོར་ཡུག་མི་འདྲ་བ་ལ་སོགས་པའི་རྐྱེན་གྱིས་ཚད་མའི་ཞིབ་འཇུག་གི་འབྲས་བུའང་སོ་སོར་གནས་ཤིང་། རིག་གནས་ཕན་ཚུན་འབྲེལ་འདྲིས་དང་བགྲོ་གླེང་མ་ཐུབ་པའི་རྐྱེན་གྱིས་ཞིབ་འཇུག་གི་ལྟ་ཚུལ་ཡང་ཕྱོགས་རེ་བའི་ཚུལ་དུ་གནས་པའི་གནས་ཚུལ་ཞིག་འོང་གི་འདུག དཔེར་ན།《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་》(གཤམ་དུ་རིགས་འཇུག་ཅེས་བསྡུས་རྒྱུ)ཞེས་པའི་བསྟན་བཅོས་འདི་རྒྱའི་མཁས་པས་སློབ་དཔོན་བདེ་བྱེད་བདག་པོས་(商羯罗主ཤཀར་ནི་བདེ་བྱེད་ཀྱི་དོན་ཏེ་བདེ་བྱེད་བདག་པོར་གོ་ཞེས་ཟེར)་བརྩམས་པར་ཐག་གིས་བཅད་ཡོད་པ་དང་།བོད་ཀྱི་མཁས་པས་སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་ཡིན་པར་ངོས་འཛིན་གྱི་ཡོད་པ། རྒྱའི་མཁས་པས་《ཚད་མ་རིགས་པ་ལ་འཇུག་པའི་སྒོ་》 (གཤམ་དུ་རིགས་སྒོ་ཞེས་བསྡུས་རྒྱུ་ཡིན་)ཞེས་པ་རྒྱ་འགྱུར་མ་ཁོ་ན་ལས་འགྱུར་ཡིག་གཞན་མེད་པར་འདོད་པ་དང་། བོད་ཀྱི་མཁས་པས་《ཚད་མ་རིགས་པ་ལ་འཇུག་པའི་སྒོ་》ཞེས་པའི་བསྟན་བཅོས་ཤིག་བོད་དུ་ཡོད་པར་འདོད་པ་མ་ཟད། ཚད་མའི་གཞུང་འགྲེལ་དུ་ལུང་ཚིག་ཀྱང་དྲངས་ཡོད་པ་ལྟ་བུ་སོགས་བོད་རྒྱ་མཁས་པའི་དབར་དུ་ལྟ་ཚུལ་མི་མཐུན་པའི་ཧེ་བག་བྱུང་ཡོད་པ་ལྟ་བུ་རེད། དེར་བརྟེན། ཕྲན་གྱིས་འདིར་རྒྱ་བོད་གཉིས་ཀྱི་ཚད་ལྡན་ཡིག་ཆའི་ཁུངས་གཙོ་བོ་ཁག་ཅིག་གཞིར་བཟུང་ནས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་《རིགས་འཇུག་》དང་《རིགས་སྒོ་》གཉིས་བསྟན་བཅོས་གཅིག་ཡིན་མིན་དང་དེ་ལས་འཕྲོས་ཏེ་རྒྱ་བོད་མཁས་པའི་ལྟ་ཚུལ་མི་མཐུན་པ་འབྱུང་རྐྱེན་སྐོར་ལ་དབྱེ་ཞིབ་ཅུང་ཟད་གཏོང་འདོད་པ་ཡིན།
དང་པོ། བོད་ཀྱི་བསྟན་འགྱུར་ཁྲོད་བཞུགས་པའི་《རིགས་འཇུག་》དང་《རིགས་སྒོ་》ཞེས་པ་གཉིས་འགྱུར་མི་འདྲ་བ་ལས་བསྟན་བཅོས་གཅིག་ཡིན་ཚུལ།
བོད་ཀྱི་བསྟན་འགྱུར་པར་གཞི་ལ་སྣར་ཐང་དང་། སྡེ་དགེ པེ་ཅིན། ཅོ་ནེ་བཅས་པར་གཞི་མི་འདྲ་བ་ཁག་ཅིག་ཡོད་པ་ལས་པར་གཞི་དེ་དག་གི་པོད་རྟགས་“ཅེ”ཡི་ནང་དུ་《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་བཞུགས་སོ་》ཞེས་བཀོད་ཡོད་པ་དང་། ཡི་གེ་འགའ་རེའི་འབྲི་སྟངས་མི་འདྲ་བ་མ་གཏོགས་མི་མཐུན་པ་ཆེན་པོ་མེད། འདིར་སྣར་ཐང་ཤིང་དཔར་གཞིར་བཟུང་ན། མདོ། ཅེ། ཤོག་གྲངས་188སྟེང་། ཁ་བྱང་དུ་《རིག་པ་ལ་འཇུག་པ་བཞུགས་སོ་》ཞེས་འཁོད་པ་དང་། ཁྱོན་བསྡོམས་སྣ་རིང་ཤོག་ངོས་11ཐིག་ཕྲེང་74ཡོད། བསྟན་བཅོས་འདི་རྒྱ་གར་གྱི་ཚད་མའི་བསྟན་བཅོས་ཡིན་པ་དང་། འདིར་འཁོད་ཀྱི་འགྱུར་མ་འདི་རྒྱའི་འགྱུར་མ་ལས་བསྒྱུར་བ་ཡིན་པས། འགྱུར་བྱང་དུ། རྒྱའི་སྐད་དུ། གཡེན་མིང་གཞེའ་ཅིང་ལིའི་ལུན། (因明入正理论)བོད་སྐད་དུ། ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་ཞེས་བྱ་བ།① ཞེས་དང་། བསྟན་བཅོས་ཀྱི་མཇུག་ཏུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སམ་ཙང་གིས་བསྒྱུར་ཅིང་། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཞིང་། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་། བོད་ཀྱི་དཔེ་གཉིས་པོ་ལེགས་པར་བཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ།། རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང་། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ།།② ཞེས་འཁོད་པ་ལྟར། ཚད་མའི་བསྟན་བཅོས་འདི་རྒྱ་ནག་གི་ཐང་སན་བླ་མས་སྤྱི་ལོ་647ལོར་རྒྱའི་སྐད་དུ་བསྒྱུར་བ་དང་། ཕྱིས་ས་སྐྱ་བའི་སྐབས་འགྲོ་མགོན་འཕགས་པའི་བུ་སློབ་གཙང་ཉང་སྟོད་ཀྱི་བཙུན་པ་སྟོན་གཞོན་དང་རྒྱའི་དགེ་བཤེས་སང་གྱང་ཇུས་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ལ། དུས་རབས་བཅུ་བཞི་བའི་འགོར་རྒྱའི་སུང་ལྷོ་མའི་རྒྱལ་རྒྱུད་དུ་འཁྲུངས་པའི་བཙུན་པ་ཆོས་ཀྱི་རིན་ཆེན་(赵显)གྱིས་ས་སྐྱའི་གཙུག་ལག་ཁང་དུ་ཡང་བསྐྱར་འགྱུར་བཅོས་མཛད་པ་དེ་ཡིན།ཡང་བསྟན་འགྱུར་ཁྲོད་ཀྱི་འགྱུར་གཞན་ཞིག་ནི། 《ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞུགས་》ཞེས་པའི་འགྱུར་དེ་ཡིན་ལ། འགྱུར་འདི་སྡེ་དགེ་དང་ཅོ་ནེའི་དཔར་ནང་བཀོད་མེད་པ་དང་། སྣར་ཐང་དང་པེ་ཅིན་དཔར་གཉིས་ཀྱི་པོད་རྟགས་“ཅེ”ནང་བཀོད་ཡོད་ལ།འགྱུར་འདི་སྣར་ཐང་དཔར་ལྟར་ན། མདོ། ཅེ། ཤོག་གྲངས་183སྟེང་། ཁ་བྱང་དུ། 《ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཞུགས་》ཞེས་འཁོད་ཡོད་པ་དང་། ཁྱོན་བསྡོམས་སྣ་རིང་ཤོག་ངོས་10ཐིག་ཕྲེང་67ཡོད། འགྱུར་མ་འདི་རྒྱ་གར་སྐད་ལས་ཐད་ཀར་བོད་སྐད་དུ་བསྒྱུར་བའི་འགྱུར་ཡིག་ཅིག་ཡིན་པས། འགྱུར་བྱང་དུ། རྒྱ་གར་སྐད་དུ། ནྱ་ཡ་པྲ་བེ་ཤ་ན་མ་པྲ་མཱ་ཎི་པྲ་ཀ་ར་ཎི། བོད་སྐད་དུ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ།③ ཞེས་དང་། མཇུག་ཏུ། རིགས་པར་འཇུག་པའི་སྒོ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། ཁ་ཆེའི་པཎྜིཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་པ་ལས། ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།།④ ཞེས་འཁོད་པ་ལྟར། བོད་འགྱུར་མའི་བསྟན་བཅོས་འདི་ཕལ་ཆེར་དུས་རབས་བཅུ་བཞི་པའི་ནང་ལོ་ཆེན་གྲགས་པ་རྒྱལ་མཚན་(འགྱུར་འདི་བསྒྱུར་དུས་དང་སྒྱུར་མཁན་གྱི་སྐོར་དཔྱད་གཞི་ཆེ་བས་འོག་ཏུ་འཆད་)དང་ཁ་ཆེའི་པཎྜིཏ་ཐམས་ཅད་མཁྱེན་དཔལ་བསྲུང་པ་གཉིས་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན།
གོང་གསལ་བསྟན་འགྱུར་ཁྲོད་བཞུགས་པའི་ཚད་མའི་བསྟན་བཅོས་འདི་གཉིས་ཀྱི་མགོ་ནས་མཇུག་བར་གཤིབ་བསྡུར་ཐེངས་ཤིག་བྱས་ཚེ། རྒྱའི་མཁས་པ་དཡང་ཧྭ་ཆོན་(杨化群)གྱིས་གསུངས་⑤པ་ནང་བཞིན་བསྟན་བཅོས་འདི་གཉིས་ཀྱི་མཚན་བྱང་དང་འགྱུར་ཚིག་མི་འདྲ་བ་མ་གཏོགས་འགྱུར་མ་འདི་གཉིས་ཀྱི་མ་ཕྱིའི་བསྟན་བཅོས་གཅིག་ཡིན་པ་གསལ་པོར་མཐོང་ཐུབ་སྟེ། དཔེར་ན། 《རིགས་འཇུག་》ལས། སྒྲུབ་ནུས་པ་དང་སུན་འབྱིན་ནུས།། ལྟར་སྣང་བཅས་པས་གཞན་གོ་བྱེད།། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པས་བདག་རིག་བྱེད།།⑥ ཅེས་བསྟན་བཅོས་ཀྱི་བརྗོད་དོན་ཚིགས་སུ་བཅད་པས་བཀོད་པ་དང་། 《རིགས་སྒོ་》ལས། སྒྲུབ་པ་དང་ནི་སུན་འབྱིན་ཉིད།། ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པས་བདག་རིག་ཕྱིར།།⑦ ཞེས་བཀོད་ཡོད་པ་ལྟར། ཚིག་གི་སྒྱུར་སྟངས་མི་འདྲ་བ་མ་གཏོགས་བསྟན་དོན་ཆ་ཐམས་ཅད་ནས་གཅིག་མཚུངས་ཡིན་པ་དང་། དེ་བཞིན་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་སྐབས་སུ། 《རིགས་འཇུག་》ལས། འདིར་བསྒྲུབ་བྱའི་མཚན་ཉིད་ནི་སྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་སྒྲུབ་པར་བྱེད་པ་སྟེ། རང་གིས་བསྒྲུབ་པར་བྱ་བར་འདོད་པ་འདི་ནི་བསྒྲུབ་བྱ་ཡིན་ནོ།། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའོ།།⑧ ཞེས་བཀོད་པ་དང་། 《རིགས་སྒོ་》ལས། དེ་ལ་ཕྱོགས་ནི་རབ་ཏུ་གྲགས་པའི་ཆོས་ཅན་རབ་ཏུ་གྲགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་རང་གིས་སྒྲུབ་བྱ་ཁོ་ནར་འདོད་པ་མངོན་སུམ་ལ་སོགས་པས་གནོད་པ་མེད་པ་ཅན་འདི་ལྟ་སྟེ། སྒྲ་མི་རྟག་ཅེས་པ་ལྟ་བུའོ།།⑨ཞེས་བཀོད་པ་ལྟར། བསྒྲུབ་བྱ་དང་ཕྱོགས། གཏན་ཚིགས་དང་ཕྱོགས་ཆོས་ལྟ་བུས་མཚོན་འགྱུར་གྱི་ཐ་སྙད་མི་འདྲ་བ་དང་སྒྱུར་སྟངས་ཀྱི་ཚིག་མི་འདྲ་བ་མ་གཏོགས་བསྟན་བཅོས་ཀྱི་ནང་དོན་གཅིག་མཚུངས་སུ་བྱུང་ཡོད། དེ་ཡང་ཡིན་ཏེ། འགྱུར་གཅིག་ནི་རྒྱ་ཡིག་ལས་བསྒྱུར་བ་དང་ཅིག་ཤོས་ནི་ཐད་ཀར་ལེགས་སྦྱར་ལས་བསྒྱུར་བ་ཡིན་པས་འགྱུར་ཚིག་མི་འདྲ་བ་བྱུང་ཡང་སྲིད་ལ། འགྱུར་འདི་གཉིས་ཀྱི་ལེགས་སྦྱར་མ་དཔེའང་གཅིག་ཡིན་མིན་ཆ་མ་འཚལ་བས།བོད་ཀྱི་བསྟན་འགྱུར་ཁྲོད་བཞུགས་པའི་《རིགས་འཇུག་》དང་《རིགས་སྒོ་》གཉིས་བསྟན་བཅོས་གཅིག་ཡིན་ནའང་།སྒྱུར་སྟངས་ལ་མཐུན་མི་མཐུན་གྱི་ཁྱད་པར་ཅུང་ཟད་བྱུང་ཡོད། (འདིའི་སྐོར་གཞན་དུ་དཔྱད་བསྡུར་བྱ་རྒྱུ་ཡིན)
འགྱུར་མ་འདི་གཉིས་བསྟན་བཅོས་གཅིག་ཡིན་ཡང་མཚན་བྱང་མི་འདྲ་བ་གཉིས་བྱུང་བའི་རྒྱུ་མཚན་ནི་ལེགས་སྦྱར་གྱི་མ་དཔེ་ལ་ཐུག་ཡོད། ལེགས་སྦྱར་བསྟན་བཅོས་འདིའི་མ་དཔེ་རྒྱ་གར་གཅེར་བུ་བའི་ལག་ཏུ་ཡོད་པར་བཤད་ཅིང་། སློབ་དཔོན་སེང་བཟང་⑩གིས་བསྟན་བཅོས་འདི་ལ་འགྲེལ་བའང་གནང་ཡོད། འདིའི་མ་དཔེ་དང་བཅས་པ་སྤྱི་ལོ་1930ལོར་རྒྱ་གར་དུ་ཐོག་མར་པར་བསྐྲུན་བྱས་ཤིང་།ད་ལྟའང་མཐོང་སྣང་དུ་ཡོད་པ་འདི་ཡིན།⑾ བསྟན་བཅོས་འདིའི་མཚན་བྱང་ལ་ལེགས་སྦྱར་གྱི་མ་དཔེ་རུ། ནྱཱ་ཡ་པྲ་བེ་ཤ་ཀ་སཱུ་ཏྲ་མ། ཞེས་འཁོད་པ་དང་། རྒྱ་འགྱུར་མ་དང་བོད་འགྱུར་མ་ནང་“ཚད་མ”དང་“བསྟན་བཅོས་”ཞེས་པའི་སྒྲ་སྦྱར་འདུག་པས། འདི་ནི་རྒྱའི་ལོ་ཙཱ་བ་དང་བོད་ཀྱི་ལོ་ཙཱ་བས་ཕྱིས་སུ་སྣོན་པ་བྱས་པར་མངོན་ནོ།། བསྟན་བཅོས་འདིའི་མཚན་བྱང་སྒྱུར་སྟངས་མི་འདྲ་བ་གཞན་ཡང་ཡོད་དེ།ཝཱ་རཱ་ཎ་སིའི་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་སློབ་དཔོན་ཆེན་མོ་སེམས་རྡོར་གྱིས་རིགས་པར་འཇུག་པའི་མདོ་ཞེས་བསྒྱུར་ཡོད། བོད་འགྱུར་མའི་མཚན་བྱང་དུ་བྱུང་བའི་“སྒོ”ཞེས་པའི་ཚིག་འདི། ལེགས་སྦྱར་སྐད་ཀྱི་མཚན་ཟུར་ལ་དངོས་སུ་ཡོད་པར་མི་སྣང་ཡང་། རིགས་པ་ལ་འཇུག་པ་ཞེས་པའི་འཇུག་པ་དང་སྒོ་གཉིས་ཞིབ་པར་བསམ་ན་དོན་ཉེ་བར་འགྲོ་བས་ན། ཚིག་གི་ལྷག་མར་བསམ་ནས་“སྒོ”་ཞེས་པ་ཕྱིས་སུ་སྣོན་པ་བྱས་པའང་སྲིད། ཡང་བསྟན་བཅོས་ཀྱི་བྱེད་ལས་ལ་བལྟོས་ཏེ། “སྒོ་”ཞེས་པ་ཕྱིས་སུ་ཁྱད་པར་གསལ་བྱེད་ཀྱི་ཚུལ་དུ་སྦྱར་བའང་སྲིད་དེ། དཔེར་ན། བོད་སྐད་བཀའ་འགྱུར་ནང་བཞུགས་པའི་མདོ་ཐམས་ཅད་ཀྱི་མཚན་དུ།“ཐེག་པ་ཆེན་པོའི་མདོ་”ཞེས་པའི་ཚིག་ལེགས་སྦྱར་ལ་ཡོད་རུང་མེད་རུང་། བོད་སྐད་ཀྱི་མཚན་དུ་ཐམས་ཅད་ལ་ཡོད་པ་བཞིན་ནོ།། དེས་ན་བོད་སྐད་དང་རྒྱའི་སྐད་ལ་ཡོད་པའི་ཚིག་ཟུར་ཐམས་ཅད་ལེགས་སྦྱར་གྱི་རྩ་བར་ཡོད་མི་དགོས་སོ།།⑿ ཞེས་ཝཱ་རཱ་ན་སིའི་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་སློབ་དཔོན་སེམས་རྡོར་གྱིས་གསུངས་པ་དེའང་ལེགས་བོད་ཀྱི་གཞུང་ལ་རྒྱུས་ཡོད་པའི་མཁས་པའི་ལེགས་བཤད་ཅིག་རེད་སྙམ།
དེས་ན་བསྟན་འགྱུར་ཁྲོད་ཀྱི་《རིགས་འཇུག་》རྒྱ་འགྱུར་མའི་མཇུག་ཏུ་“རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང་།དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ།།” ཞེས་འཁོད་པ་དེས་རྒྱ་འགྱུར་མ་དང་བོད་འགྱུར་མའི་མཚན་བྱང་སྒྱུར་སྟངས་མི་འདྲ་བ་ལས་བསྟན་བཅོས་གཅིག་ཏུ་ངོས་འཛིན་པ་གསལ་པོར་བསྟན་ཡོད་པ་དང་། ཉེ་རབས་ཀྱི་རྒྱའི་མཁས་པ་ལིས་ཁྲིན་སོགས་ཚད་མ་ཞིབ་འཇུག་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བོད་ཀྱི་མཁས་པས་སློབ་དཔོན་ཕྱོགས་གླང་ལ་《རིགས་སྒོའི་》བསྟན་བཅོས་ཤིག་ཡོད་པ་ཤེས་ཀྱང་བསྟན་བཅོས་དེ་མ་རྙེད་པར་ཕྱིས་དཔེ་དེབ་འདི་(རིགས་འཇུག་རྒྱ་འགྱུར་མ་)མཐོང་བ་དང་། 《རིགས་སྒོ་》⒀ཡིན་པར་གོ་ནོར་བྱུང་བ་རེད།⒁ ཅེས་བཀོད་ཀྱང་། གོང་དུ་ཞུས་པ་ལྟར་མཚན་བྱང་འདི་ལེགས་སྦྱར་སྐད་བོད་དུ་བསྒྱུར་བའི་འགྱུར་ཁྱད་ཅིག་ཡིན་ངེས་ཀྱང་སྲིད་པ་དང་། དེ་མ་ཟད་སྔོན་གྱི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་མ་ཕྱིའི་ཡི་གེ་ལ་རབ་ཏུ་བྱང་བའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཞིག་དང་མཉམ་དུ་བསྒྱུར་བའི་སྲོལ་ཞིག་འདུག་པས། བོད་ཀྱི་ལོ་ཙཱ་བ་དང་མཁས་པ་རྣམས་ལ་ནོར་འཁྲུལ་དེ་འདྲ་འབྱུང་སྲིད་དམ་སྙམ་མོ།། གཞན། བོད་དུའང་《རིགས་འཇུག་》 དང་བསྟན་བཅོས་གཅིག་པའི་《རིགས་སྒོ་》འདི་དང་མིང་མཚུངས་པའི་རིགས་སྒོ་ཞེས་བྱ་བའི་བསྟན་བཅོས་གཞན་ཞིག་ཀྱང་ཡོད་པ་འོག་ཏུ་འཆད་པར་འགྱུར་རོ།།
གཉིས་པ། སྤྱིར་《རིགས་འཇུག་》དང་《རིགས་སྒོ་》གཉིས་བསྟན་བཅོས་སོ་སོ་བ་ཡིན་ཚུལ།
བོད་ཀྱི་བསྟན་འགྱུར་ཁྲོད་བཞུགས་པའི་《རིགས་འཇུག་》དང་《རིགས་སྒོ་》གཉིས་ནི་སྔ་མ་རྒྱ་ཡིག་ལས་བོད་དུ་བསྒྱུར་བའི་འགྱུར་ཡིག་ཅིག་ཡིན་པ་དང་། ཕྱི་མ་ཐད་ཀར་ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པས། འགྱུར་མ་དེ་གཉིས་ནི་འགྱུར་མི་འདྲ་བའི་བསྟན་བཅོས་གཅིག་ཡིན་པ་གོང་དུ་བརྗོད་ཟིན་པ་ལྟར་དོགས་པ་ཅི་ཡང་མེད་པ་དང་། འདིར་འཁྲུལ་གཞི་འབྱུང་རྐྱེན་གཙོ་བོ་ཞིག་ནི། རྒྱ་གར་ཚད་མའི་བསྟན་བཅོས་ཁྲོད་དུ་《རིགས་པར་འཇུག་པ་》ཞེས་པ་དང་། 《རིགས་པར་འཇུག་པའི་སྒོ་》ཞེས་པའི་བསྟན་བཅོས་མི་འདྲ་བ་གཉིས་བྱུང་ཡོད་པ་དེ་རེད། ཚད་མ་བསྒྲུབ་པར་བྱ་བའི་ཕྱིར་རང་གི་རབ་ཏུ་བྱེད་པ་རིག་པའི་སྒོ་ལ་སོགས་པ་རྣམས་ལས་འདིར་གཅིག་ཏུ་བཏུས་ཏེ།⒂ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་ཀྱི་འགོ་རུ་གསུངས་པ་དེ་དང་། གཞན་ལེགས་སྦྱར་སྐད་དུ་《རིགས་པ་ལ་འཇུག་པ་》ཞེས་པའི་ཚད་མའི་བསྟན་བཅོས་ཤིག་ཡོད་པ་མཐོང་སྣང་དུ་བྱུང་བ་འདི་རེད། བསྟན་བཅོས་འདི་གཉིས་ཀ་རྒྱའི་ལོ་ཙཱ་བ་ཐང་སན་བླ་མས་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་དང་། 《རིགས་འཇུག་》རྒྱ་འགྱུར་མར་ཡིག་འབྲུ་2000ཙམ་ཡོད་པ་དང་། 《རིགས་སྒོ》རྒྱ་འགྱུར་མར་ཡིག་འབྲུ་7000ཙམ་ཡོད། རྒྱའི་ཚད་མའི་ལོ་རྒྱུས་སྟེང་《རིགས་འཇུག་》གི་འགྲེལ་བ་ཅུང་མང་ལ། ནང་དོན་ཉུང་ཞིང་རྟོགས་སླ་བའི་ཆ་ནས་འགྲེལ་ཆུང་ཞེས་འབོད་ལ།《རིགས་སྒོ་》ཅུང་རྟོགས་དཀའ་བའི་ཆ་ནས་འགྲེལ་ཆེན་ཞེས་གྲགས། རྒྱའི་ཚད་མ་རིག་པའི་ཞིབ་འཇུག་གི་འབྲས་བུའང་གཙོ་བོ་བསྟན་བཅོས་འདི་གཉིས་ལ་བརྟེན་པ་ཡིན། ཁྱད་པར་དུ་《རིགས་འཇུག་》ལ་ལེགས་སྦྱར་གྱི་མ་ཡིག་དང་རྒྱ་འགྱུར་མ། བོད་འགྱུར་མ་གསུམ་ཡོད་པས་ཞིབ་འཇུག་བྱས་པ་ཅུང་ཞིབ་ཅིང་རྒྱས་ལ། 《རིགས་སྒོའི་》རྒྱ་ཡིག་གི་འགྱུར་མ་གཏོགས་ལེགས་སྦྱར་གྱི་མ་ཕྱི་མ་རྙེད་པས་ཞིབ་འཇུག་གཏིང་ཟབ་པ་ཞིག་བྱུང་ཐུབ་མེད། རྒྱའི་《རིགས་འཇུག་》གི་འགྱུར་བྱང་དུ། བདེ་བྱེད་བདག་པོས་མཛད་ཅེས་བཀོད་པ་དང་། 《རིགས་སྒོའི་》འགྱུར་བྱང་དུ་ཕྱོགས་ཀྱི་གླང་པོས་མཛད་ཅེས་འཁོད་ཡོད་པས། 《རིགས་འཇུག་》བདེ་བྱེད་བདག་པོས་བརྩམས་པར་དོགས་པ་ཅི་ཡང་མེད་ནའང་།བོད་ཀྱི་མཁས་པས་ཕྱོགས་ཀྱི་གླང་པོས་མཛད་པར་འདོད་དེ་འདིའི་སྐོར་འོག་ཏུ་འཆད་པར་འགྱུར།
རྒྱ་འགྱུར་མའི་《རིགས་འཇུག་》དང་《རིགས་སྒོའི་》བསྟན་བཅོས་གཉིས་ནི་རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་གཏན་ཚིགས་ཀྱི་གཞུང་སོ་སོ་བ་གཉིས་ཡིན་པ་དང་། ལྷག་པར་དུ་《རིགས་སྒོ་》ཞེས་པའི་བསྟན་བཅོས་འདི་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རིགས་པ་ལ་འཇུག་པའི་སྒོ་བྱ་བའི་བསྟན་བཅོས་དེ་ཡིན་པར་ཁ་ཚོན་བཅད་ནས་བཤད་ཆོག་སྟེ། ཉེ་ཆར་ཁོ་བོས་རྒྱ་འགྱུར་མའི་《རིགས་སྒོ་》བོད་ཡིག་ཏུ་བསྒྱུར་བཞིན་པའི་སྐབས་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་བསྡུར་ནས་བརྟག་ཚེ། 《རིགས་སྒོའི་》ནང་དོན་མང་པོ་ཞིག་ཀུན་བཏུས་ནང་མཐོང་རྒྱུ་ཡོད་པར་བརྟེན། རྒྱ་འགྱུར་མའི་《རིགས་སྒོ་》འདི་སློབ་དཔོན་གྱིས་མཛད་པར་རིགས་པ་ཡང་དག་ཅིག་རྙེད་ཐུབ་པ་དང་། དེ་མ་ཟད།རྒྱལ་ཚབ་རྗེའི་《ཐར་ལམ་གསལ་བྱེད་》དང་། མཁས་གྲུབ་རྗེའི་《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་》ལ་སོགས་པའི་བོད་ཀྱི་ཚད་མའི་འགྲེལ་ཆེན་དུ། རིགས་སྒོ་ནས་ལུང་དྲངས་པའི་ལུང་ཚིག་ཁག་ཅིག་《རིགས་འཇུག་》ནང་མཐོང་རྒྱུ་མེད་པ་དང་། དེ་ལས་ལྡོག་སྟེ་ལུང་ཚིག་དེ་རྣམས་རྒྱ་འགྱུར་མའི་《རིགས་སྒོ་》ནང་མཛུབ་མོས་རི་སྟོན་གྱིས་བསྟན་དུ་ཡོད།དཔེར་ན། 《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་》ལས། རིགས་པའི་སྒོར་བསྒྲུབ་བྱའི་རྒོལ་བས་ཁས་བླངས་པའམ། འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ། ཞེས་གསུངས་པ་དེ་ནི།⒃ ཞེས་པའི་ལུང་ཚིག་དེ་《རིགས་འཇུག་》རྒྱ་འགྱུར་མ་དང་བོད་འགྱུར་མ་གཉིས་ཀའི་ནང་དུ་མཐོང་རྒྱུ་མེད་པ་དང་། ཏག་ཏག་《རིགས་སྒོ་》རྒྱ་འགྱུར་མའི་ནང་དུ།བསྒྲུབ་པར་བྱ་བར་འདོད་པ་ཕྱོགས་སུ་བརྗོད་དེ། འགལ་བའི་དོན་གྱིས་མ་བསལ་(乐为所成立说名宗,非彼相违义能遣)བའོ།།⒄ ཞེས་འབྱུང་བ་ལྟར། ཚིག་འདི་གཉིས་དོན་གཅིག་ཏུ་འབབ་པ་དང་། ཡང་། 《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་》དུ། རིགས་སྒོར། “རང་ཚིག་འགལ་བའི་དཔེར་བརྗོད་དུ། ངག་ཐམས་ཅད་རྫུན་ཡིན་ཞེས་དམ་བཅས་པ་དང་། ཁས་བླངས་དང་འགལ་བའི་དཔེར་བརྗོད་དུ་འུག་པ་བས་སྒྲ་རྟག་པར་དམ་བཅས་པ་བཀོད་པའི་ཕྱིར།”⒅ ཞེས་པའི་ལུང་འདྲེན་གྱི་ཚིག་དེར། རྒྱ་འགྱུར་མའི་《རིགས་སྒོ་》ནང་དུའང་། གང་ལ་འགལ་བའི་དོན་མ་ཡིན་པ་ནི་ཚིག་དང་སྒྲས་བསལ་བ་སྟེ། སྨྲ་བའི་དོན་ཐམས་ཅད་རྫུན་ནོ་ཞེས་བསྒྲུབ་པ་ལྟ་བུའོ།། ཡང་ན་ཁས་བླངས་དམ་བཅའ་དང་འགལ་བ་ནི་དཔེར་ན་འུག་པ་བས་སྒྲ་རྟག་པར་བསྒྲུབ་པར་ལྟ་བུའོ།། (若非违义言声所遣:如立一切言皆是妄,或先所立宗义相违,如獯狐子声为常)⒆ཞེས་འབྱུང་བ་ལྟར། ཊཱིཀ་ཆེན་དུ་དྲངས་པའི་ལུང་དང་རིགས་སྒོ་རྒྱ་འགྱུར་མའི་ནང་བཀོད་པའི་ཚིག་གཉིས་གཅིག་མཚུངས་ཡིན་པ་དང་།འོན་ཀྱང་། 《རིགས་འཇུག་》རྒྱ་བོད་ཀྱི་འགྱུར་མ་གཉིས་ཀར་ཚིག་འདི་བཞིན་བཀོད་མེད་དེ། ཡིད་འཆེས་པས་བསལ་བ་ནི་དཔེར་ན་བྱེ་བྲག་པ་སྒྲ་རྟག་པར་བསྒྲུབ་པ་ལྟ་བུའོ། … རང་ཚིག་གིས་བསལ་བ་ནི་དཔེར་ན་བདག་གི་མ་མོ་གཤམ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ།།⒇ ཞེས་འབྱུང་བ་ལྟར། “ངག་ཐམས་ཅད་རྫུན་ཡིན་”ཞེས་པར་《རིགས་འཇུག་》ཏུ་“བདག་གི་མ་མོ་གཤམ་ཡིན་”ཞེས་བཀོད་པ་དང་། “འུག་པ་བ་”ཞེས་པར་《རིགས་འཇུག་》ཏུ་“བྱེ་བྲག་པ་”ཞེས་བཀོད་པས་ཚིག་དོན་ཐམས་ཅད་མི་མཐུན་པ་དང་། ཊཱིཀ་ཆེན་གྱི་ལུང་ཚིག་དེ་《རིགས་སྒོ་》རྒྱ་འགྱུར་མ་དང་ཚིག་དོན་ཐམས་ཅད་མཐུན་པ་མ་ཟད། ཚིག་སྔ་ཕྱིའི་གོ་རིམ་ཡང་མཐུན་པར་ཡོད་པས། 《རིགས་སྒོ་》ནས་དྲངས་པའི་ལུང་ཚིག་ཅིག་ཡིན་པ་ཁ་ཚོན་བཅད་ནས་བཤད་ཆོག དེར་བརྟེན་བོད་ཀྱི་བསྟན་འགྱུར་ནང་བཞུགས་པའི་འགྱུར་མ་དེ་གཉིས་ལས་གཞན་པའི་《རིགས་སྒོ་》ཞེས་བྱ་བའི་བསྟན་བཅོས་ཤིག་ཡོད་པ་མ་ཟད། བོད་ཀྱི་མཁས་པས་མཇལ་མྱོང་ཡོད་པའང་ངེས་ཤེས་འདྲོངས་ཐུབ། ཞུས་ཆེན་ལོ་ཙཱ་བ་ཚུལ་ཁྲིམས་རིན་ཆེན་གྱི་《བསྟན་འགྱུར་དཀར་ཆག་》ཏུ། རྒྱའི་དཔེ་ལས་རིགས་པ་ལ་འཇུག་པ་ཞེས་སྣང་། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ།། འདི་རིགས་པའི་སྒོ་དང་གཅིག་ཏུ་འདོད་པ་མི་འཐད་དེ། ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ།།(21) ཞེས་གསུངས་པའང་གནད་འདི་ལ་ཁ་གཏད་པ་ཡིན་ནོ།། ཡིན་ནའང་《སྡེ་བདུན་ཡིད་ཀྱི་མུན་སེལ་》ལ་སོགས་ཚད་མའི་བསྟན་བཅོས་ཁ་ཅིག་ཏུ་རིགས་སྒོ་ནས་ཞེས་ལུང་ཚིག་དྲངས་པའི་སྐབས་སུ་《རིགས་འཇུག་》ལ་གོ་བའི་སྐབས་ཤིག་ཀྱང་ཡོད་དེ། 《རིགས་འཇུག་》ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བ་དེའི་མིང་ལ་《རིགས་སྒོ་》ཞེས་ཀྱང་འབོད་པའི་ཕྱིར་རོ།།
དེས་ན་《རིགས་འཇུག་》དང་《རིགས་སྒོ་》གཉིས་བསྟན་བཅོས་སོ་སོ་བ་ཡིན་པར་མ་ཟད། བོད་ཀྱིས་མཁས་པས་ཀྱང་《རིགས་སྒོ་》ཞེས་བྱ་བའི་བསྟན་བཅོས་དེ་ལ་མཇལ་མྱོང་ཡོད་པ་གཏན་ཚིགས་ཡང་དག་ཏུ་གྲུབ་ཡོད།ཡིན་ནའང་། བོད་ཀྱི་མཁས་པས་ལེགས་སྦྱར་གྱི་མ་དཔེའི་སྟེང་ནས་གཟིགས་སམ། ཡང་ན་《རིགས་སྒོ་》བོད་དུ་འགྱུར་ཡོད་པ་གང་ཡིན་ང་ཚོས་མུ་མཐུད་དཔྱད་ཞིབ་བྱེད་དགོས་པའི་གནད་དོན་ཞིག་ཡིན།
གསུམ་པ། མུ་མཐུད་མཐའ་དཔྱོད་གཏོང་དགོས་པའི་དོགས་གཞི།
1.《རིགས་འཇུག་》སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་ཡིན་མིན། ཚད་མའི་བསྟན་བཅོས་《རིགས་པ་ལ་འཇུག་པ་》འདི་ཡང་སྙིང་སུའི་བརྩམས་ཆོས་ཡིན་མིན་ཐད་བོད་རྒྱ་མཁས་པ་གཉིས་ལ་གཅིག་མཐུན་གྱི་ལྟ་ཚུལ་ཞིག་བྱུང་ཐུབ་མེད། རྒྱ་ནག་གི་ཐང་སན་བླ་མའི་འགྱུར་བྱང་དུ་བདེ་བྱེད་བདག་པོས་(商羯罗主)མཛད་ཚུལ་འཁོད་ཡོད་པས། རྒྱའི་ཚད་མ་མཁས་པས་《རིགས་འཇུག་》སློབ་དཔོན་བདེ་བྱེད་བདག་པོས་མཛད་པར་མགྲིན་གཅིག་ཏུ་བརྗོད་ཡོད། ཡིན་ནའང་། བོད་དུ་《རིགས་འཇུག་》རྒྱ་ལས་བསྒྱུར་བ་དང་ལེགས་སྦྱར་ནས་ཐད་བསྒྱུར་བྱས་པ་གཉིས་ཀའི་ནང་དུ་སློབ་དཔོན་ཕྱོགས་གླང་གིས་མཛད་ཚུལ་འཁོད་པ་ལས་བདེ་བྱེད་བདག་པོའི་མིང་ཙམ་ཡང་མཐོང་རྒྱུ་མེད་དོ།། བོད་རྒྱའི་སྔོན་བྱོན་མཁས་པས་《རིགས་འཇུག་》སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་ཡིན་མིན་ཐད་ཀྱི་དོགས་སློང་བྱས་པའི་ཡི་གེ་མཐོང་སྣང་དུ་མ་བྱུང་ཡང་། དུས་རབས་སྔོན་མའི་སྐབས་ནས་བཟུང་། རྒྱའི་མཁས་པས་གནད་དོན་འདི་ལ་ཐོག་མར་དཔྱད་གཏམ་སྤེལ་ཡོད་དེ། 《རིགས་པ་ལ་འཇུག་པའི་པར་གཞི་གསུམ་དང་མཆན་འགྲེལ་》ཞེས་པར། འགྱུར་མའི་མ་ཕྱིའི་རྩོམ་པ་པོ་ནི་བདེ་བྱེད་བདག་པོ་(ཕྱོགས་གླང་གི་སློབ་མ་)ཡིན་ལ། སུང་རྒྱལ་རབས་ཀྱི་སྐབས་བོད་སྐད་དུ་བསྒྱུར། བོད་ཀྱི་མཁས་པས་ཕྱོགས་གླང་ལ་《རིགས་སྒོ་》ཞེས་པ་ཞིག་ཡོད་པ་ཤེས་ནས། དེ་འཚོལ་འདོད་ཀྱང་མ་རྙེད། ཕྱིས་བསྟན་བཅོས་འདི་མཐོང་བ་དང་རིགས་སྒོ་ཡིན་པར་གོ་ནོར་བྱུང་བ་དང་། བརྩམས་ཆོས་འདིའི་རྩོམ་པ་པོའང་ཕྱོགས་གླང་ཡིན་པར་ངོས་བཟུང་བ་རེད།(22) ཅེས་མ་བརྟག་མ་དཔྱད་པའི་ངོར་བདེན་མདོག་མདོག་ཅིག་བརྗོད་ཡོད་ཀྱང་། ཅུང་ཟད་བསམ་དགོས་སྙམ་སྟེ། 《རིགས་འཇུག་》རྒྱ་འགྱུར་མ་འདི་བོད་སྐད་དུ་བསྒྱུར་མཁན་ནི་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་བོད་ཀྱི་བཙུན་པ་སྟོན་གཞོན་ཡིན་པས། ཁོང་གཉིས་ཀྱིས་མ་དཔེའི་སྟེང་གི་བདེ་བྱེད་བདག་པོ་ཞེས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་བྲིས་གནང་མཛད་པ་དེ་ལ་དགོངས་པ་ངེས་ཅན་ཞིག་ཡོད་པ་དང་། ཕྱིས་རྒྱའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་ས་སྐྱར་མ་དཔེ་གཉིས་ཀྱི་ནང་དོན་འགྱུར་བཅོས་གཏན་འབེབས་མཛད་པའི་སྐབས་སུའང་སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་ཡིན་ཤག་བྱས་ཡོད་པས། སྐབས་དེའི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་གནད་དོན་འདི་མི་མཐོང་བ་མི་སྲིད་པ་དང་། ལྷག་པར་དུ་སེའུ་བཅུ་བའི་བསམ་ཚོད་ཀྱི་གོ་ནོར་འདི་ལྟ་བུ་འབྱུང་མི་སྲིད་སྙམ།
དེས་ན་《རིགས་འཇུག་》འདི་རྒྱའི་མཁས་པས་བདེ་བྱེད་བདག་པོས་མཛད་ཟེར་བ་དང་། བོད་ཀྱི་མཁས་པས་སློབ་དཔོན་ཕྱོགས་གླང་གིས་མཛད་པར་འདོད་པ་ནི་རྒྱ་བོད་མཁས་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་ཞིག་ཡིན་ནའང་། བརྩམས་ཆོས་གཅིག་ལ་རྩོམ་པ་པོ་གཉིས་མི་སྲིད་པས་ན། དོན་དངོས་སུང་《རིགས་འཇུག་》འདི་སུའི་བརྩམས་ཆོས་ཡིན་པའི་གནད་དོན་འདི་ལ་ང་ཚོ་ནམ་ཡང་གཡོལ་མི་རུང་བར་མུ་མཐུད་དོགས་སློང་དང་དབྱེ་ཞིབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དཔྱོད་དགོས་པའི་ལས་ཤིག་ཡིན། ཐང་སན་ཙང་གི་《རིགས་འཇུག་》རྒྱ་འགྱུར་མའི་འགྱུར་བྱང་དུ་བདེ་བྱེད་བདག་པོས་མཛད་ཅེས་བཀོད་པ་མ་གཏོགས་མཛད་པ་པོའི་ལོ་རྒྱུས་ཅི་ཡང་བཀོད་མེད་པ་དང་། བཱུན་ཀྭོས་(文轨)ཀྱི་《རིགས་པ་ལ་འཇུག་པའི་རྒྱན་འགྲེལ་》དུ། བདེ་བྱེད་བདག་པོས་མཛད། དབང་ཕྱུག་ཆེན་པོ་ལྷ་ལས་མིར་གྱུར་བའི་གཟུགས་ནི་རུས་སྒྲོམ་ཡིན་པས། མིང་ལ་ཤཀར་ཞེས་ཐོགས། སྐབས་དེའི་མིས་དེར་མཆོད་ཅིང་། རྩོམ་པ་པོ་སྐྱེས་དུས་ཀྱང་ལྷ་ལ་མཆོད་པས། ལྷ་བདག་པོ་ཡིན་པའི་ཆ་ནས་བདེ་བྱེད་ནི་བདག་པོའམ་བདེ་བྱེད་བདག་པོ་ཞེས་ཐོགས། (大自在天化身接物形如骨锁号此则以商羯罗时人慕之图形敬事论主诞应因祈此天遂主此天以为号此即以商羯罗为主名商羯罗主也) (23)ཞེས་བཀོད་པ་དང་། ཁཱོས་ཅུས་(窥基)ཀྱི་《ཚད་མའི་འགྲེལ་ཆེན་》དུ། བདེ་བྱེད་བདག་པོ་ཕྱོགས་ཀྱི་གླང་པོའི་སློབ་མ་ཡིན་པར་(24)བཤད་པ་ལྟར། སློབ་དཔོན་ཕྱོགས་གླང་གི་སློབ་མ་བདེ་བྱེད་བདག་པོའམ་དབང་ཕྱུག་སྡེས་མཛད་ཟེར་བ་ནི་རྒྱའི་མཁས་པའི་ངག་ལ་ཡོངས་སུ་གྲགས་པའི་གཏམ་དུ་གྱུར་ཡོད། འདི་ལ་ཝཱ་རཱ་ཎ་སིར་ཆེས་མཐོའི་སློབ་གྲྭ་ན་བཞུགས་པའི་སློབ་དཔོན་སེམས་རྡོར་གྱིས། ད་ལྟ་ཧོར་བོད་རྒྱ་གར་སོགས་ལ་བཞུགས་ཡོད་པའི་ནང་པའི་བཀའ་བསྟན་དང་། དེ་དག་གི་ལོ་རྒྱུས་དང་། མཁས་པའི་བྱུང་རིམ་སོགས་ལ། ཕྱོགས་གླང་གི་སློབ་མར་གྱུར་པའི་བདེ་བྱེད་བདག་པོ་ཟེར་བའི་སློབ་དཔོན་ཞིག་ཡོད་པར་མི་གསལ་ལ། དེས་མཛད་པའི་བསྟན་བཅོས་གཞན་དང་ཁུངས་ལྡན་ལོ་རྒྱུས་མ་མཐོང་ཞེས་དང་། སློབ་དཔོན་དབང་ཕྱུག་སྡེ་དང་བདེ་བྱེད་བདག་པོ་རྒྱ་ནག་སྐད་ལ་མིང་གི་བྱིངས་དོན་འདྲེས་ཏེ་མིང་དེ་གཉིས་རྣམ་གྲངས་སུ་སོང་བའང་སྲིད་མོད། འོན་ཀྱང་བདེ་བྱེད་བདག་པོ་《རིགས་པར་འཇུག་པ་》འདིའི་བྱེད་པོར་འདོད་པ་རྣམས་ཀྱིས་དེ་གཉིས་ཀའི་མཚན་ཐ་དད་བཀོད་འདུག་པས།རྣམ་གྲངས་པར་སྒྲུབ་པའང་དཀའོ།།(25) ཞེས་བདེ་བྱེད་བདག་པོ་ཕྱོགས་གླང་གི་སློབ་མར་མི་འདོད་པ་དང་།དབང་ཕྱུག་སྡེ་དང་བདེ་བྱེད་བདག་པོ་མི་གཅིག་ཏུ་ངོས་འཛིན་པར་ཡང་མི་འདོད་དོ།། བདེ་བྱེད་བདག་པོ་དང་དབང་ཕྱུག་སྡེ་མི་གཅིག་ཡིན་པའི་དབང་དུ་བཏང་ནའང་། དབང་ཕྱུག་སྡེས་ཚུལ་དྲུག་ཏུ་འདོད་པ་བོད་ཀྱི་ཚད་མའི་འགྲེལ་ཆེན་རྣམས་སུ་ཡང་ནས་ཡང་དུ་གསུངས་པ་དང་།《རིགས་འཇུག་》གི་གཞུང་དུ་ཚུལ་གསུམ་ཡིན་པ་འཁོད་ཡོད་པས། 《རིགས་འཇུག་》དབང་ཕྱུག་སྡེས་མཛད་པར་བཀོད་པ་ལའང་ཅུང་ཟད་བསམ་དགོས་པ་ཞིག་འདུག
《རིགས་འཇུག་》སློབ་དཔོན་ཕྱོགས་གླང་གིས་མཛད་ཚུལ་སློབ་དཔོན་སེམས་རྡོར་གྱིས་འདི་ལྟར་དབྱེ་ཞིབ་གནང་ཡོད་དེ།བསྟན་བཅོས་འདི་ཕྱོགས་གླང་གིས་མཛད་པ་ཡིན་པར་བོད་ཀྱི་མཁས་པ་རྣམས་ལ་དོགས་པ་མེད་མོད། སྤྱིར་གསར་རྙིང་གི་མཁས་པ་རྣམས་ལ་འདི་སྐོར་དོགས་པ་མེད་པ་ལྟ་བུ་ནི་མ་ཡིན་ནོ།། རྒྱའི་མཁན་པོ་ཝེན་ཚེགས་ཀྱི་《རྒྱ་གར་གནས་སྐོར་གྱི་ལོ་རྒྱུས་》ལས། རིགས་སྒོའམ་རིགས་འཇུག་འདིའི་སྐོར་ཇི་ལྟར་གསལ་བའི་ཚུལ་ནི། ཝེན་ཚེགས་ཀྱིས་《རིགས་འཇུག་》རྩོམ་སའི་ས་ཆ་དེ་རྒྱ་གར་ལྷོ་ཕྱོགས་ཨདྷ་ཟེར་བའི་ཡུལ་ཞིག་ཏུ་གཟིགས་པར་བཤད་དེ། དེ་ཡང་ཡུལ་དེ་ན་དགྲ་བཅོམ་པ་གཡོ་མེད་ཀྱི་གཙུག་ལག་ཁང་ཞིག་ཡོད་ལ། དེ་ནས་ལྷོ་ནུབ་ཏུ་ཕལ་ཆེར་མི་(སྤྱི་)ལེ་བཞི་ཙམ་སོང་བ་ན། རི་སྟོང་ཞིག་གི་རྩེ་ན་མཆོད་རྟེན་ཞིག་ཡོད་ལ། ས་ཆ་དེ་ཉིད་དུ་རིགས་འཇུག་འདི།བྱང་སེམས་རྒྱལ་བ་ཞེས་པའི་བདག་ཉིད་ཆེན་པོ་ཞིག་གིས་བརྩམས་པར་བཤད་དོ།། ཞེས་དང་། དེ་ཉིད་ཕྱོགས་གླང་ཡིན་ཡང་རུང་། ཡིན་པའི་ལོ་རྒྱུས་དེར་མི་གསལ་ལ། ཡིན་ནའང་། བྱང་སེམས་དེས་རི་ཕུག་ཏུ་བསྟན་བཅོས་རྩོམ་པར་བཞེད་པ་དང་། རྩོམ་པའི་བྱ་བ་ལ་ཞུགས་ཚེ་ས་གཡོ་བ་ལ་སོགས་ཀྱི་ངོ་མཚར་བའི་གནས་ཚུལ་བྱུང་བ་དང་། མུ་སྟེགས་ཀྱི་སློབ་དཔོན་དང་ཕྲད་པའི་སྐོར་རྒྱའི་ལོ་རྒྱུས་དེར་མེད་ཀྱང་། དེར་བྱང་སེམས་དེ་རྒྱལ་པོ་ཞིག་དང་འཕྲད་དེ། སེམས་བསྐྱེད་གཏོང་བར་རྩོམ་པ་དང་། དེའི་ཚེ་འཕགས་པ་འཇམ་དཔལ་དངོས་སུ་བྱོན་ཏེ། རྗེས་སུ་བཟུང་བ་དང་། དེའི་རྗེས་བསྟན་བཅོས་རྩོམ་པའི་བྱ་བ་ལ་ཞུགས་པ་སོགས། མདོར་ན་ཚད་མ་ཀུན་བཏུས་རྩོམ་པའི་ཐོག་མར་བྱུང་བའི་གནས་ཚུལ་འགའ་ཞིག གོང་སྨོས་བསྟན་བཅོས་དེ་རྩོམ་པའི་སྐབས་སུ་བྱུང་བར་བཤད་འདུག་པས།བྱང་སེམས་དེ་ཕྱོགས་གླང་ཡིན་ནམ་སྙམ་སྟེ་དཔྱད་གཞིར་སྣང་།(26) ཞེས་དབྱེ་ཞིབ་གནང་བ་ལྟར། བྱང་སེམས་རྒྱལ་བ་ཞེས་པ་རྒྱའི་སྐད་ལ་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དང་ཉེ་བའི་ཚིག་གཅིག་ཡོད་པར་སྣང་བས། གོང་གསལ་བྱང་སེམས་དེ་ཕྱོགས་གླང་ཡིན་ནམ་སྙམ་པའི་དཔྱད་གཞི་ཞིག་བཏོན་ཡོད།
《རིགས་འཇུག་》སློབ་དཔོན་ཕྱོགས་གླང་གིས་མཛད་པར་འདོད་པའི་དཔྱད་གཞི་གལ་ཆེན་ཞིག་ནི། ཕྱི་ལོ་690-770ནང་བྱོན་པའི་རྒྱལ་བ་བའི་མཁས་མཆོག་སེང་བཟང་ལྷ་ལྡན་གྱིས་ཀྱང་། གཞུང་འདིའི་འགྲེལ་བར། འདི་བདེ་བྱེད་བདག་པོས་མཛད་པར་མ་བཤད་ཅིང་། དེའི་མིང་ཙམ་ཡང་མ་སྨྲོས་ལ། མ་ཟད་འདི་ཕྱོགས་གླང་གིས་མཛད་པར་བཤད་དོ།། གཤམ་གསལ་ཝིངྷཱཅརྱ་ཞེས་པ་དེ་ལ་ཡང་།འདིའི་རྒྱུས་འདུག་པས། འདི་བདེ་བྱེད་བདག་པོའི་ཡིན་པ་མི་འཐད་དོ།།(27) ཞེས་གསུངས་པ་ནི། 《རིགས་འཇུག་》འདི་སློབ་དཔོན་གྱིས་ཡིན་པར་སྒྲུབ་པའི་དཔྱད་གཞི་གལ་ཆེན་ཞིག་སྟེ། སློབ་དཔོན་སེང་བཟང་ནི་དུས་རབས་བདུན་པའི་སྐབས་བྱུང་བ་དང་། ཁོང་གིས་《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་པའི་བསྟན་བཅོས་ཤིག་ཀྱང་བརྩམས་ཡོད་པས། 《རིགས་འཇུག་》མཛད་པ་པོ་སུ་ཡིན་ཐད་མགོ་རྨོངས་མི་སྲིད་སྙམ།
དེ་ལྟར་《རིགས་འཇུག་》མཛད་པ་པོ་སུ་ཡིན་གྱི་གནད་དོན་འདི་དེང་གི་རྒྱ་བོད་མཁས་པ་རྣམས་ཀྱི་རྩོད་གཞི་ཞིག་ཏུ་གྱུར་ཡོད་ཅིང་། འདི་བདེན་འདི་རྫུན་གྱི་ཁ་ཚོན་གཅོད་མི་རུང་བས་ན། མུ་མཐུད་འབྲེལ་ཡོད་ཁུངས་ཐུབ་ཡིག་ཆར་རྩད་གཅོད་བྱས་ཏེ། དྲིས་ལན་དོན་མཐུན་ཞིག་ཡོང་བའི་ཕྱོགས་སུ་བརྩོན་པར་རིགས་སོ།།
2.《རིགས་འཇུག་》བོད་དུ་སྒྱུར་མཁན་གྲགས་པ་རྒྱལ་མཚན་ཡང་སྙིང་སུ་ཡིན་སྐོར། 《རིགས་འཇུག་》བོད་འགྱུར་མ་རིགས་གཉིས་ཡོད་པ་ལས། རྒྱ་ལས་བསྒྱུར་བའི་འགྱུར་ཡིག་དེ་ནི་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་བོད་ཀྱི་བཙུན་པ་སྟོན་གཞོན་གཉིས་ཀྱིས་ཐོག་མར་བོད་སྐད་དུ་བསྒྱུར་བ་དང་། ཕྱིས་རྒྱའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་རྒྱ་དཔེ་དང་བོད་དཔེ་གཉིས་ཐོ་གཏུགས་ཏེ་འགྱུར་བཅོས་མཛད་པ་ད་ལྟ་བསྟན་འགྱུར་ནང་མཐོང་སྣང་དུ་ཡོད་པ་འདི་རེད། ཐོག་མའི་འགྱུར་འདི་བསྒྱུར་བའི་དུས་ནི་དུས་རབས་བཅུ་གསུམ་པའི་སྨད་ཙམ་ཡིན་ངེས་ཏེ།ལྔ་བརྒྱ་པ་རྣམས་ཀྱི་ནང་ནས་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྱུར་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དང་། གངས་ཅན་གྱི་ཁྲོད་ཀྱི་རིགས་པ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་དང་། ཁ་ཆེའི་པཎྜིཏ་ཆེན་པོ་བི་མ་ལ་ཤྲི་དང་། སྐད་གཉིས་སྨྲ་བ་ཆེན་པོ་ཤོང་སྟོན་སྐུ་མཆེད་ལ་སོགས་པ་མཁས་པའི་སྐྱེས་བུ་དུ་མའི་ཞབས་ཀྱི་པད་མོ་ཡུན་རིང་དུ་བསྟེན་པས། …ཞེས་དང་། རྩང་ཉང་སྟོད་རྒྱ་གར་གྱི་ཡུལ་གཉིས་པ་བྱུང་བ་བཙུན་པ་སྟོན་གཞོན་ཞེས་བྱ་བ།(28) ཞེས་ཁོང་གི་《རྣམ་འགྲེལ་གྱི་རྣམ་བཤད་གངས་ཅན་གྱི་རྒྱན་》ཞེས་པའི་མཇུག་བྱང་དུ་བཀོད་པ་ལྟར། 《རིགས་འཇུག་》སྒྱུར་བ་བོ་བཙུན་པ་སྟོན་གཞོན་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་འཁྲུངས་པ་རིགས་འདེད་ཐུབ་པ་དང་། ཚད་མ་རྣམ་འགྲེལ་གྱི་བརྒྱུད་པ་འཛིན་མཁན་སྔ་གྲས་ཤིག་ཡིན་པར་དེབ་སྔོན་ལས་བཤད་ཡོད།(29) ཧོང་མིན་ཞིན་གྱི་《བསྟན་རྩིས་ཀ་ཕྲེང་ལག་དེབ་》དང་དབང་འདུས་ཚེ་རིང་གི་《ལོ་ཙཱ་བའི་མཛད་རྣམ་གསལ་བའི་མེ་ལོང་》ལ་སོགས་པར་དགེ་བཤེས་སྟོན་གཞོན་དུས་རབས་བཅོ་ལྔའི་ནང་བྱུང་བར་བཤད་པ་དེ་ནོར་བའོ།། 《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་པའི་མཆན་གྱི་ནང་དུ། རྒྱའི་དགེ་བཤེས་སིང་གྱང་འཇུས་དང་། བོད་ལོ་སྟོན་གཞོན་(གྲགས་པ་རྒྱལ་མཚན་)གྱིས་…(30)ཞེས་སྟོན་གཞོན་བྱ་བ་གྲགས་པ་རྒྱལ་མཚན་ལ་ངོས་འཛིན་པ་གུག་རྟགས་ནང་འཁོད་ཡོད་དེ། ཁུངས་གང་ཡིན་གསལ་བཤད་ཞུ་མ་ཐུབ།བསྟན་བཅོས་འདི་དུས་རབས་བཅུ་གསུམ་པའི་སྨད་ཙམ་ལ་ཐོག་མར་བོད་སྐད་དུ་བསྒྱུར་རྗེས། དུས་རབས་བཅུ་བཞི་པའི་དུས་འགོར་རྒྱའི་སུང་ལྷོ་མའི་རྒྱལ་རྒྱུད་དུ་འཁྲུངས་པའི་བཙུན་པ་ཆོས་ཀྱི་རིན་ཆེན་(赵显1271-1323)གྱིས་ས་སྐྱའི་གཙུག་ལག་ཁང་དུ་ཡང་བསྐྱར་འགྱུར་བཅོས་མཛད་པ་ཡིན།
ལེགས་སྦྱར་ལས་ཐད་ཀར་བསྒྱུར་བའི་འགྱུར་ཡིག་དེ་ནི།ཁ་ཆེའི་པཎྜིཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་པ་དང་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་གཉིས་ཀྱིས་བསྒྱུར་ཞེས་འཁོད་ཀྱང་། དོན་དངོས་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་འདི་སུ་ཡིན་ཁ་ཚོན་གཅོད་དཀའ་བས་བསྟན་བཅོས་འདི་བསྒྱུར་བའི་དུས་སྐབས་ཀྱང་བཤད་ཁག་པོ་བྱུང་ཡོད། ཁོ་བོས་མཐོང་བའི་རྒྱའི་མཁས་པས་བྲིས་པའི་ཚད་མ་རིག་པའི་དེབ་(31)མང་པོ་ཞིག་ཏུ། གྲགས་པ་རྒྱལ་མཚན་ཞེས་པ་ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་(1147-1216)ཡིན་པར་ངོས་བཟུང་ཡོད་ཀྱང་། དེ་ནི་མ་བརྟག་པའི་ནོར་འཁྲུལ་ཏེ། 《རིགས་འཇུག་》ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་གྱིས་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བ་ཡིན་ན་ཕྱིས་རྒྱ་ཡིག་ལས་བསྒྱུར་བའི་དགོས་པ་ཅི་ཡང་མེད་པ་དང་། ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་གྱིས་《རིགས་འཇུག་》བོད་སྐད་དུ་བསྒྱུར་བའི་བཤད་ཚུལ་ཡང་མཐོང་རྒྱུ་མེད་པའི་ཕྱིར་རོ།། ཁོ་བོས་བུ་སྟོན་གྱི་བསྟན་འགྱུར་དཀར་ཆག་དང་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བསྟན་འགྱུར་དཀར་ཆག་གཙོར་བཟུང་ནས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་མིང་འདྲ་བའི་འབྲེལ་ཡོད་ཡིག་ཆའི་སྐོར་ཞིབ་བསྡུར་བྱས་པ་ན། དགེ་བསྙེན་གྲགས་པ་རྒྱལ་མཚན་དང་། ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན།ཤུད་ཀེ་གྲགས་པ་རྒྱལ་མཚན། ལོ་ཆེན་གྲགས་པ་རྒྱལ་མཚན།བོ་དོང་གྲགས་པ་རྒྱལ་མཚན་སོགས་ལོ་ཙཱ་དང་འབྲེལ་ཡོད་ཀྱི་མཁས་པའི་མིང་མང་པོ་ཞིག་བྱུང་བ་ལས། དགེ་བསྙེན་གྲགས་པ་རྒྱལ་མཚན་ནི་ས་སྐྱ་གོང་མ་གསུམ་པ་ས་ཆེན་གྲགས་པ་རྒྱལ་མཚན་ལ་ངོས་འཛིན་དགོས་པ་དང་། ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་ཤུད་ཀེ་གྲགས་པ་རྒྱལ་མཚན་གཉིས་ནི་མི་གཅིག་ལ་ངོས་འཛིན་དགོས་ཏེ།ལོ་ཙཱ་བ་ཡར་ལུངས་པ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱི་འགྱུར།(32) ཞེས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་གསུངས་པ་ལྟར། ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནམ་ཤུད་ཀེ་གྲགས་པ་རྒྱལ་མཚན་གཉིས་མི་གཅིག་ཡིན་པ་དང་།ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱི་བུ་སློབ་གྲགས་པའི་མཚན་ཅན་བརྒྱད་ཀྱི་གྲས་སུ་བགྲང་(33)པ་ལྟར་ན། ལོ་ཙཱ་བ་འདི་ནི་དུས་རབས་བཅུ་གསུམ་པའི་ནང་གི་མཁས་པ་ཞིག་ཡིན་སྙམ་པ་དང་། བོད་ཀྱི་ལོ་ཙཱ་བའི་ཁྲོད་འགྱུར་ཧ་ཅང་མང་པའི་ལོ་ཙཱ་བ་ཞིག་ཡིན། 《གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་བསྐྱེད་》ལས།《རིགས་པ་ལ་འཇུག་པའི་སྒོ་》སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། འདི་ཉིད་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་པ།(34)ཞེས་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྟན་བཅོས་འདི་བསྒྱུར་བར་བཤད་ཡོད་ཀྱང་། ཅུང་ཟད་བསམ་དགོས་སྙམ་སྟེ། ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་སྐུ་བཞུགས་པའི་ལོ་དུས་བཙུན་པ་སྟོན་གཞོན་ལས་ཅུང་སྔ་བས་ན། ལེགས་སྦྱར་ལས་བསྒྱུར་བའི་《རིགས་འཇུག་》གི་འགྱུར་ཡིག་རྒྱ་འགྱུར་མ་ལས་སྔ་མི་སྲིད་པ་དང་།བུ་སྟོན་རིན་པོ་ཆེས་མཛད་པའི་བསྟན་འགྱུར་དཀར་ཆག་ཏུ།《རིགས་འཇུག་》རྒྱ་འགྱུར་མའི་གནས་ཚུལ་དཀར་ཆག་ཏུ་འཁོད་ཡོད་(35)ཀྱང་། 《རིགས་འཇུག་》ལེགས་སྦྱར་ལས་བསྒྱུར་ཚུལ་ཚིག་གཅིག་ཀྱང་བཀོད་མེད་པ་དང་། ཡར་ལུངས་གྲགས་པ་རྒྱལ་མཚན་གྱི་འགྱུར་མའི་ཁྲོད་དུའང་མཐོང་རྒྱུ་མེད་པས་ན། 《རིགས་འཇུག་》བོད་འགྱུར་མ་འདི་ཡར་ལུངས་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་མ་ཡིན་པ་མ་ཟད། བུ་སྟོན་རིན་པོ་ཆེའི་རྗེས་སུ་བསྒྱུར་བའི་འགྱུར་མ་ཞིག་ཡིན་པས། ད་གཟོད་ཕྱིས་ཀྱི་སྡེ་དགེ་བསྟན་འགྱུར་དཀར་ཆག་དང་སྣར་ཐང་བསྟན་འགྱུར་དཀར་ཆག་ཏུ་སྣོན་མ་བརྒྱབ་སྟེ་བཀོད་པ་ཡིན་ནམ་སྙམ།ལོ་ཆེན་གྲགས་པ་རྒྱལ་མཚན་ནི་ལོ་ཆེན་བྱང་ཆུབ་རྩེ་མོའི་དབོན་པོར་དུས་རབས་བཅུ་བཞི་བའི་སྟོད་དུ་འཁྲུངས་ཤིང་། བོ་དོང་ཨེ་དགོན་པར་བཞུགས་པས་བོ་དོང་གྲགས་པ་རྒྱལ་མཚན་ཡང་ཟེར་བས། ལོ་ཆེན་གྲགས་པ་རྒྱལ་མཚན་དང་བོ་དོང་གྲགས་པ་རྒྱལ་མཚན་གཉིས་མི་གཅིག་ཏུ་ངོས་འཛིན་དགོས་པ་གསལ། ཕྲན་གྱིས་མཐོང་ཐོས་སུ་གྱུར་བའི་དཔྱད་ཡིག་དག་ལ་དབྱེ་ཞིབ་བྱས་པ་ལྟར་ན། 《རིགས་འཇུག་》ལེགས་སྦྱར་ལས་བོད་དུ་སྒྱུར་མཁན་ནི་ལོ་ཆེན་གྲགས་པ་རྒྱལ་མཚན་ཡིན་ནམ་སྙམ་སྟེ། ལོ་ཆེན་གྲགས་པ་རྒྱལ་མཚན་གྱིས་ཚད་མ་རྣམ་འགྲེལ་གྱི་ཊིཀ་ཞིག་ཀྱང་མཛད་ཡོད་ཚུལ་《ཤེལ་དཀར་ཆོས་འབྱུང་》(36)ལས་གསུངས་པ་དང་། ཡང་རྒྱལ་བ་དགེ་འདུན་གྲུབ་པ་འཚོ་བཞུགས་སྐབས་ནས་བཟུང་།《རིགས་འཇུག་》ལེགས་སྦྱར་ལས་བསྒྱུར་བའི་འགྱུར་ཡིག་ནང་གི་ཚིག་དོན་ཇི་བཞིན་ལུང་འདྲེན་གནང་པ་མཐོང་(37)དུ་ཡོད་པས། 《རིགས་འཇུག་》བོད་འགྱུར་མ་འདི་ལོ་ཆེན་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ཡིན་ནམ་སྙམ་པ་ཞིག་འཆར།ཡིན་ནའང་། དེ་ལྟར་སྨྲས་པ་ལའང་དོགས་གཞི་མེད་པ་མ་ཡིན་ཏེ། 《རིགས་འཇུག་》ལེགས་སྦྱར་ལས་བོད་དུ་སྒྱུར་མཁན་ཁ་ཆེའི་པཎྜིཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་པ་ནི་དུས་རབས་ག་དུས་ཀྱི་མི་ཡིན་པ་བརྩད་གཅོད་མ་ཐུབ་ཀྱང་།བུ་སྟོན་རིན་པོ་ཆེས་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜིཏ་དང་ལོ་ཙཱ་བའི་མཚན་ཐོ་བཀོད་པའི་ནང་། ཐམས་ཅད་མཁྱེན་པའི་དཔལ་ཞེས་པའི་མཚན་ཞིག་འབྱུང་(38)བས། གལ་ཏེ་《རིགས་འཇུག་》སྒྱུར་བ་བོ་ཁ་ཆེའི་པཎྡིཏ་ཆེན་པོ་ཐམས་ཅད་མཁྱེན་དཔལ་བསྲུང་པ་དང་པཎྜིཏ་འདི་གཉིས་མི་གཅིག་ཡིན་ན། 《རིགས་འཇུག་》ལེགས་སྦྱར་ལས་བསྒྱུར་བའི་དུས་ནི་བུ་སྟོན་རིན་པོ་ཆེ་ལས་སྔ་བར་གྱུར་བས་ལོ་ཆེན་གྲགས་པ་རྒྱལ་མཚན་ཡིན་མི་སྲིད། དེ་བས་ང་ཚོས་དཔྱད་ཡིག་ཁུངས་བཙན་བཙལ་ཏེ་གནད་དོན་འདིའི་སྐོར་མུ་མཐུད་བརྟག་དཔྱད་གཏོང་དགོས་པས་འདིར་རེ་ཞིག་དེ་ཙམ་གྱིས་བཞག་གོ།
མཆན་འགྲེལ།
①②སྣར་ཐང་བསྟན་འགྱུར་དཔར་མའི་སྡེ་ཚན་མདོ། པོད་རྟགས་ཅེ། ལྡེབ་188,193གསལ།
③④སྣར་ཐང་བསྟན་འགྱུར་དཔར་མའི་སྡེ་ཚན་མདོ། པོད་རྟགས་ཅེ། ལྡེབ་183,288གསལ།
⑤《བོད་ཀྱི་ཚད་མ་རིག་པ》དབྱཱང་ཧྭ་ཆོན་གྱིས་རྩོམ་སྒྱུར་བྱས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་2002ལོར་པར་དུ་བསྐྲུན། ཤོག་ངོས་10ན་གསལ།
⑥⑦⑧⑨སྣར་ཐང་བསྟན་འགྱུར་དཔར་མའི་སྡེ་ཚན་མདོ། པོད་རྟགས་ཅེ། ལྡེབ་188,183,188,183ན་གསལ།
⑩མཁས་པ་འདི་སྤྱི་ལོ་690-770བར་བྱོན་པར་ཝཱ་རཱ་ན་སིའི་ཆེས་མཐོའི་སློབ་གྲྭའི་སློབ་དཔོན་ཆེན་མོ་སེམས་པ་རྡོ་རྗེས་བསྒྱུར་བའི་རིགས་པ་ལ་འཇུག་པའི་འགྲེལ་བ་ཞེས་པའི་གླེང་གཞི་རུ་བཤད། རྒྱའི་མཁས་པ་ལི་ཁྲིན་ལ་སོགས་པས་དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་ཞེས་བྲིས་འདུག
⑾ལེགས་སྦྱར་གྱི་མ་དཔེ་ནི་སྤྱི་ལོ་1983ལོར་དཔར་དུ་བསྐྲུན་ཞིང་ཝ་ར་ན་སིའི་སློབ་དཔོན་སེམས་རྡོར་གྱིས་བསྒྱུར་བའི་སེང་བཟང་གི་རིགས་པ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་ཞེས་པར་བཀོད་འདུག གཞན་ནན་ཅིན་རྒྱ་ནག་ནང་རིག་སློབ་གླིང་ཏུ་ཉར་ཚགས་བྱས་པའི་སྟེང་བཀོད་འདུག
⑿སེང་བཟང་གིས་བརྩམས་ཤིང་སེམས་རྡོར་གྱིས་བསྒྱུར་བའི་《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་བྱ་བ། 1983ལོར་པར་དུ་བསྐྲུན།ཤོག་གྲངས59ན་གསལ།
⒀རྒྱ་ནག་གི་འགྱུར་མའི་ཁྲོད་དུ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་《རིགས་པ་ལ་འཇུག་པ་》དང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་《རིགས་པར་འཇུག་པའི་སྒོ》ཞེས་པའི་བསྟན་བཅོས་སོ་སོ་བ་གཉིས་ཀྱི་འགྱུར་ཡོད་པས་ན། བོད་ཀྱི་མཁས་པས་གོ་འཛོལ་བྱུང་བ་རེད་ཅེས་བརྗོད་པ་ཡིན།
⒁ལིས་ཁྲིན་གྱིས་མཛད་ཅིང་ཀྲུང་ཧྭ་དཔེ་དེབ་ཁང་ནས་2007ལོར་པར་དུ་བསྐྲུན་པའི་《རིགས་པ་ལ་འཇུག་པའི་འགྲེལ་བཤད་》ཤོག་གྲངས་197ན་གསལ།
⒂མི་རིགས་དཔེ་སྐྲུན་ཁང་གིས་1988ལོར་པར་དུ་བསྐྲུན་པའི་ཚད་མ་རིག་པའི་རྒྱ་གཞུང་རྩ་འགྲེལ་བདམས་བསྒྲིགས། དེབ་དང་པོ། ཤོག་གྲངས་28ན་གསལ།
⒃⒄མཁས་གྲུབ་རྗེས་མཛད་ཅིང་སེར་གཙུག་ནང་བསྟན་དཔེ་རྙིང་ཁང་ནས་པར་དུ་བསྐྲུན་པའི་《ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》སྨད་ཆ། ཤོག་གྲངས་446,467ན་གསལ།
⒅⒆ཅིན་ལིན་ནང་བསྟན་པར་ཁང་ནས་1957ལོར་པར་དུ་བཏབ་པའི་《རིགས་པ་ལ་འཇུག་པའི་སྒོ་》ནང་གསལ།
⒇སྣར་ཐང་བསྟན་འགྱུར་དཔར་མའི་སྡེ་ཚན་མདོ། པོད་རྟགས་ཅེ། ལྡེབ་189ན་གསལ།
(21)ཞུས་ཆེན་ལོ་ཙཱ་བ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་ཅིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1985ལོར་དཔར་དུ་བསྐྲུན་པའི་《བསྟན་འགྱུར་དཀར་ཆག》ཤོག་གྲངས་822ན་གསལ།
(22)ལིས་ཁྲིན་གྱིས་མཛད་ཅིང་ཀྲུང་ཧྭ་དཔེ་དེབ་ཁང་ནས་2007ལོར་པར་དུ་བསྐྲུན་པའི་《རིགས་པ་ལ་འཇུག་པའི་འགྲེལ་བཤད་》ཤོག་གྲངས་197ན་གསལ།
(23)བཱུན་ཀོས་ཀྱིས་བརྩམས་པའི་《རིགས་པ་ལ་འཇུག་པའི་འགྲེལ་བ་》རྩོམ་པ་པོ་རྒྱན་དགོན་པའི་གྲྭ་བ་ཡིན་པའི་ཆ་ནས་རྒྱན་འགྲེལ་ཞེས་གྲགས། ནན་ཅིན་རྒྱ་ནག་ནང་རིག་སློབ་གླིང་གིས་1934ལོར་དཔར་དུ་བསྐྲུན།
(24)ཁཱོས་ཅུས་ཀྱིས་བརྩམས་པའི་《རིགས་པ་ལ་འཇུག་པའི་འགྲེལ་བ་》དེ་ནི་འགྲེལ་བ་རྣམས་ལས་ཧ་ཅང་རྒྱས་པ་ཞིག་ཡིན་པས། ཚད་མའི་འགྲེལ་ཆེན་ཞེས་གྲགས། ཅིན་ལིན་ནང་བསྟན་པར་ཁང་ནས་པར་དུ་བསྐྲུན།
(25)སེང་བཟང་གིས་བརྩམས་ཤིང་སེམས་རྡོར་གྱིས་བསྒྱུར་བའི་《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་བྱ་བ། 1983ལོར་པར་དུ་བསྐྲུན། ཤོག་གྲངས་65ན་གསལ།
(26)(27)སེང་བཟང་གིས་བརྩམས་ཤིང་སེམས་རྡོར་གྱིས་བསྒྱུར་བའི་《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་བྱ་བ། 1983ལོར་པར་དུ་བསྐྲུན། ཤོག་གྲངས་60,69ན་གསལ།
(28)བཙུན་པ་སྟོན་གཞོན་གྱིས་མཛད་ཅིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1993ལོར་པར་དུ་བསྐྲུན་པའི་《རྣམ་འགྲེལ་གྱི་རྣམ་བཤད་གངས་ཅན་གྱི་རྒྱན་》ཞེས་པའི་ཤོག་གྲངས་496ན་གསལ།
(29)འགོས་ལོ་གཞོན་ནུ་དཔལ་བས་མཛད་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་པར་དུ་བསྐྲུན་པའི་《དེབ་སྔོན་》སྟོད་ཆ། ཤོག་གྲངས་421ན་གསལ།
(30)སེང་བཟང་གིས་བརྩམས་ཤིང་སེམས་རྡོར་གྱིས་བསྒྱུར་བའི་《རིགས་པ་ལ་འཇུག་པའི་འགྲེལ་བ་སློབ་མ་ལ་ཕན་པ་》ཞེས་བྱ་བ། 1983ལོར་པར་དུ་བསྐྲུན། ཤོག་གྲངས63ན་གསལ།
(31)ཝང་སིན་གྱི་《བོད་ཀྱི་ཚད་མ》དང་། ཧོང་མིན་ཞུན་གྱི་《བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》 ཅུའུ་ཙོང་ལིན་གྱི་《བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་》ལ་སོགས་སོ།།
(32)ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1985ལོར་པར་དུ་བསྐྲུན་པའི་《བསྟན་འགྱུར་དཀར་ཆག》 ཤོག་གྲངས688ན་གསལ།
(33)ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ལྷན་ནས་བསྒྲིགས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2009ལོར་པར་དུ་བསྐྲུན་པའི་《ས་སྐྱའི་ཆོས་འབྱུང་གཅེས་བསྡུས》དེབ་བཞི་པ། ཤོག་གྲངས་318ན་གསལ།
(34)ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུ་ཡིས་1983ལོར་བསྒྲིགས་པའི་《གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་བསྐྱེད་》ནང་ཁུལ། ཤོག་གྲངས་330ན་གསལ།
(35)(36)བུ་སྟོན་གྱིས་མཛད་ཅིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1988ལོར་པར་དུ་བསྐྲུན་པའི་《བུ་སྟོན་ཆོས་འབྱུང་》ཤོག་གྲངས་249,207ན་གསལ།
(37)ངག་དབང་སྐལ་ལྡན་རྒྱ་མཚོས་མཛད་ཅིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་2012ལོར་པར་དུ་བསྐྲུན་པའི་《ཤེལ་དཀར་ཆོས་འབྱུང་དང་བླ་མ་རོག་གི་བན་དེ་ཤེས་རབ་འོད་ཀྱི་གྲུབ་མཐའི་ཆོས་འབྱུང་》ཞེས་པའི་དེབ་དེའི་ནང་བཀོད་པ་དེའོ།།
(38)དགེ་འདུན་གྲུབ་པས་མཛད་ཅིང་སེར་གཙུག་གིས་པར་དུ་བསྐྲུན་པའི་《ཚད་མ་རིགས་རྒྱན》 ཤོག་གྲངས་273ན་གསལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1