【ནང་དོན་གནད་བསྡུས】 དཔྱད་རྩོམ་འདིའི་ནང་དུ་མཚོ་སྔོན་པོ་བོང་སྟག་ས་ཆའི་གེ་སར་རིག་གནས་ལ་རྟོག་དཔྱོད་དང་འཚོལ་སྡུད་བྱས་ཏེ། གེ་སར་ངག་རྒྱུན་ཤུལ་རྟེན་དང་། སྒྲུང་པ། གེ་སར་རྒྱལ་པོའི་ལབ་ཙེ། བསང་མཆོད་བཅས་སྐོར་ལ་འབྲེལ་ཡོད་ཀྱི་རྒྱུ་ཆར་བརྟེན་ནས་དཔྱད་པ་བཏང་ཡོད།
【གནད་ཚིག】བོང་སྟག གེ་སར་རིག་གནས། ཡུལ་དངོས་རྟོག་དཔྱོད།
གླེང་གཞི།
ཡུལ་ཕྱོགས་འདིའི་གེ་སར་རིག་གནས་འཚོལ་སྡུད་དང་རྟོག་དཔྱོད་བྱེད་པར་བདག་ལ་ལས་དབང་ཞིག་དང་ཡང་ན་གོ་སྐབས་ལེགས་པོ་ཞིག་གནང་བྱུང་། གཅིག་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ཚེས་བཅུ་གཉིས་ནས་ཚེས་བཅོ་ལྔའི་ཉིན་བར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ལྔ་ལས་གྲུབ་པའི་རྟོག་དཔྱོད་ཚན་ཆུང་མཚོ་སྔོན་པོ་བོང་སྟག་ས་ཆ་དང་འབྲེལ་ཡོད་ཀྱི་ས་གནས་ཁ་ཤས་སུ་སོང་ནས་གེ་སར་རིག་གནས་སྐོར་ལ་སྤྱི་ཁོག་གི་རྟོག་དཔྱོད་ཐེངས་གཅིག་བྱས། རེབ་དེར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གཉིས་ཀྱིས་ཡུལ་འདིའི་གེ་སར་རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་གཏོང་བའི་སླད་དུ་ཐེམ་ཆེན་རྫོང་མཁར་དམར་ཞང་དུ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་རྟེན་གཞི་བཙུགས་ཤིང་སྒོ་བྱང་ཡང་བཀལ། གཉིས་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གཉིས་ཀྱིས་ལོ་གཅིག་གི་རིང་ལ་ཐེམ་ཆེན་རྫོང་ཐོག་ཏུ་ལས་ཀ་གཉེར་དུ་བསྔགས་པ་ཡིན་པས་བོང་སྟག་ས་ཆའི་གེ་སར་རིག་གནས་སྐོར་ལ་རྟོག་དཔྱོད་དང་འཚོལ་སྡུད་བྱེད་པའི་སྟབས་ཤིན་ཏུ་ལེགས་པོ་ཞིག་འགྲིག་སོང་། རྩོམ་འབྲས་འདི་ནི་བོང་སྟག་ཡུལ་གྱི་གེ་སར་རིག་གནས་འཚོལ་སྡུད་དང་རྟོག་དཔྱོད་ཐོག་མ་ཡིན་ལ། ད་སྔའི་བར་དུ་མཁས་པ་རྒན་གཞོན་སུས་ཀྱང་རྟོག་དཔྱོད་དང་དཔྱད་པ་བཏང་མ་མྱོང་བས། ལམ་མེད་ས་ལམ་དང་ཆུ་མེད་ས་ཆུ་དྲངས་པར་དཀའ་ལས་ཁག་པོ་འདུག་ཀྱང། ཕྲན་ཆུང་བདག་གིས་རང་ནུས་ཡོད་ཚད་སྒོས་ཡུལ་དངོས་རྟོག་དཔྱོད་དང་། རྒྱུ་ཆ་འཚོལ་སྡུད། འབྲེལ་ཡོད་ཀྱི་མཁས་པ་དང་དམངས་ཁྲོད་ཀྱི་ལོ་ལོན་མང་པོ་ལ་རྩད་གཅོད་ཡང་ཡང་བྱས་མཐར་ལས་བྱུང་བའི་འབྲས་བུ་དིལ་འབྲུ་ཙམ་ཡིན་ནོ། །
བོང་སྟག་ཚོ་ཆེན་བཅོ་བརྒྱད་ཅེས་གྲགས་པའི་ཡུལ་ཚོ་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཁོངས་སུ་གཏོགས། ཡུལ་འདིར་ཐེམ་ཆེན་རྫོང་ཟེར་དོན་ཡང་ཡུལ་ཕྱོགས་ཀུན་ན་སྙན་པའི་གྲགས་པ་ཁྱབ་ཡོད་པའི་བླ་རི་བྲག་དཀར་ཐེམ་ཆེན་གནས་དེར་ཡོད་པས་ཐེམ་ཆེན་རྫོང་ཞེས་ཐོགས་པར་བཞེད། ཡུལ་འདི་ལ་ལྷ་མཚོའི་འགོ་ཁུངས་དང་རྟ་མཆོག་གི་ཕ་ས་ཞེས་སྙན་པའི་བ་དན་ཕྱོགས་སོ་སོར་ཁྱབ་འདུག ཐེམ་ཆེན་རྫོང་ནི་མཚོ་སྔོན་པོའི་ནུབ་བྱང་མཚམས་སུ་ཆགས་ཤིང་། ལྷོ་ཕྱོགས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་མཚོ་ནུབ་ཁུལ་དབུས་ལམ་རྫོང་ལ་འདྲེས་འདུག་པ་དང་། ནུབ་ཕྱོགས་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་། ནུབ་བྱང་ཕྱོགས་གཉིས་ཀན་སུའུ་ཞིང་ཆེན་གྱི་སུའུ་པའེ་ས་མཚམས་ཡིན་ལ། མཚོ་ནུབ་དང་། མཚོ་ལྷོ། མཚོ་བྱང་བཅས་ཁུལ་གསུམ་གྱི་འདྲེས་མཚམས་སུ་ཆགས་འདུག རྫོང་མཁར་ཆགས་སར་རྒྱ་མཚོ་ངོས་ལས་མཐོ་ཚད་ལ་སྨིས3406ཡོད། བོང་སྟག་གི་ཡུལ་གྲུ་འདིའི་ས་དབྱིབས་ཤར་ལྷོ་གཉིས་ཀྱི་བར་ཞེང་ཆེ་བ་དང་ནུབ་བྱང་གཉིས་ཀྱི་བར་ཞེང་ཆུང་ཞེས་བཤད་དེ། ལྷོ་ནུབ་མཚམས་སུ་མཚོ་ནག་ཡོད་པས་ས་ཁྲའི་ཐོག་ཏུ་བལྟས་ཚེ་གླང་ཆེན་གྱི་མཆེ་བ་གཡུའི་ཕྲ་རྒྱན་ཅན་ཞིག་དང་འདྲ་བར་བཞེད།[①] མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་བོད་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ཞིང་། རྫོང་ཡོངས་ལ་གྲོང་བརྡལ་གསུམ་དང་ཞང་བདུན། སྲིད་འཛིན་སྡེ་བ་དྲུག་ཅུ་རེ་གཉིས་ཡོད། དེའི་ཁྲོད་བོད་རིགས་དང་། རྒྱ་རིགས། ཧའེ་རིགས། སོག་རིགས། ས་ལར་རིགས་བཅས་མི་རིགས་བཅོ་ལྔ་ལྷག་འདུས་སྡོད་བྱས་འདུག་ཅིང་། གྲངས་ཉུང་མི་རིགས་མི་གྲངས་ཀྱིས་བརྒྱ་ཆའི་བརྒྱད་ཅུ་གྱ་དྲུག་དང་ཚག་དགུ་བརྒྱད་ཟིན་ཡོད།
བོང་སྟག་གི་ཡུལ་གྲུ་འདི་ནའང་བོད་མི་རིགས་འདུས་སྡོད་བྱས་པ་ནས་རང་མི་རིགས་ཀྱི་ རིག་གནས་མང་པོ་ཞིག་རྒྱུན་འཛིན་དང་དར་སྤེལ་བཏང་དང་གཏོང་བཞིན་མཆིས། དཔེར་ན།《བཀའ་འགྱུར》རྡོ་བརྐོས་ཆེན་མོ་དང་། ཀླུ་མང་བྲག་བརྐོས་རི་མོ། ཀླུ་གསེང་ངམ་ལོའུ་སྲིན་བྲག་བརྐོས་རི་མོ། གཏེར་རྡོ་རིན་ཆེན་དངོས་གྲུབ་ཀུན་འབྱུང་། དེ་མིན་གནའ་མཁར་གྱི་རྗེས་ཤུལ་དང་མཆོད་རྟེན་ལབ་ཙེ་སོགས་མང་པོ་ཡོད། དམངས་ཁྲོད་རྩོམ་རིག་གི་དངོས་ཐད་ནས་ཀྱང་དམངས་གླུ་དང་། གཏམ་དཔེ། འབྲས་དཀར། གཏམ་རྒྱུད། ངག་རྒྱུན། ལ་གཞས། རྡུང་ལེན། བཞའ།[②] ཁེད་སོགས་དང་། ལྷག་པར་དུ་བོད་མི་རེ་ཁ་ནས་སྒྲུང་རེ་ཞེས་པའི་དཔེ་ལྟར་གེ་སར་སྒྲུང་ཡང་དུས་རྒྱུན་གྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། དེ་འབྲེལ་གྱི་ངག་རྒྱུན་དང་། གཏམ་རྒྱུད། ཤུལ་རྟེན་སོགས་གེ་སར་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཚུལ་དུ་ལ་དང་ལུང་བར་ཁྱབ་ནས་འདུག ལོ་རྒྱུས་ཀྱི་ཡིག་ཆ་ལས་བོང་སྟག་ཅེས་པའི་མིང་གི་ཐོགས་ཚུལ་ལ་བཞེད་པ་མང་པོ་ཞིག་ཡོད་པ་ལས་གེ་སར་སྒྲུང་ལ་འབྲེལ་བ་ཡོད་པ་འདི་ལྟ་སྟེ། 《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》ལས། སྔོན་གླིང་སྟག་རོང་ཚང་གི་རྨོག་ཞྭ་གཉིས་བོང་སྟག་གི་ཨ་མྱེས་འགས་བདག་བཟུང་བྱས་པས། ཐོག་མར་ཁོ་ཚོའི་མིང་ལ་སྟག་རོང་ཚང་ཞེས་བཏགས་ཤིང་། ཕྱིས་སུ་ཁོ་ཚོའི་རུ་རྨ་ཕ་རུའི་བ་ཡོན་རི་བོ་ནས་བསྡད་པས། ཁོ་ཚོའི་མིང་ལ་བ་ཡོན་ས་ཆར་ཡོད་པའི་སྟག་རོང་ཚང་ཞེས་བོས། ཕྱིས་སུ་འབོད་བདེ་བའི་ཆེད་དུ་བ་ཡོན་ས་ཆར་ཡོད་པའི་སྟག་རོང་ཚང་ཞེས་པའི་ཡིག་འབྲུ་དགུ་བསྡུས་ནས་བང་སྟག་ཚང་ཞེས་བོས་ཤིང་། བ་ཡོན་ས་ཆ་ཞེས་པའི་བ་ཡོན་གྱི་ཡི་གེ་དེ་ཁ་སྐད་ལ་ཟུར་ཆག་ནས“བང”ཞེས་བོས་བཅས་ཟེར།[③] ཞེས་པ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་བོང་སྟག་གི་མིང་ཐོགས་ཚུལ་འདི་ངག་རྒྱུན་ཞིག་དང་ཡང་ན་དོན་དངོས་ལོ་རྒྱུས་ཤིག་ཡིན་པ་སུས་ཀྱང་བདར་ཤ་གཅོད་དཀའ་ཡང་། གླིང་གི་སྟག་རོང་དཔོན་པོའི་རྨོག་ཞྭ་གཉིས་དང་འབྲེལ་ནས་བོང་སྟག་གི་མིང་བྱུང་ཚུལ་བརྗོད་པ་འདི་ལས་བོང་སྟག་གི་འབངས་མི་ཐམས་ཅད་གེ་སར་སྒྲུང་ལ་དགའ་ཞིང་དེ་འབྲེལ་གྱི་རིག་གནས་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་པ་ངང་ངམ་ཤུགས་ནས་རྟོགས་ཐུབ།
སྤྱིར་གེ་སར་རིག་གནས་ཀྱི་འཕེལ་ཕྱོགས་དང་། སྒོས་སུ་སྒྲུང་གསར་གཏོད་མཁན་དང་བརྒྱུད་སྤེལ་མཁན་སྒྲུང་པ་མང་པོས་གསར་རྩོམ་གནང་བའི་སྒྲུང་དཔེ་གསར་བ་མང་པོའི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་ལ་དམིགས་ན། སྒྲུང་བ་རང་རང་གནས་སའི་ཡུལ་དེའི་དཔའ་བོ་ཞིག་དང་། ཡང་ན་མཁས་ཆེན་བླ་མ་གང་ཡིན་གྱི་ལོ་རྒྱུས་དང་། གཏམ་རྒྱུད། ངག་རྒྱུན། དེ་མིན་ཡུལ་དེར་ཁྱབ་པའི་བཤད་པ་སྣ་ཚོགས། གཏམ་དཔེ་སོགས་གེ་སར་རྒྱལ་པོ་དང་སྦྱར་ནས་བཤད་ཡོད་པས། ཁོ་བོས་བསམ་པར། གེ་སར་སྒྲུང་ནི་དམངས་ཁྲོད་དུ་ཁྱབ་པའི་བོད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ཡོད་པ་དེ་ཡིན་ལ། ཡང་གཅིག་བཤད་ན་གེ་སར་སྒྲུང་ནི་བོད་ཀྱི་དམངས་ཁྲོད་ལོ་རྒྱུས་ཀྱི་ཟིན་བྲིས་ཤིག་ཡིན་ཞེས་བཤད་ན་ཆོག་པར་འདོད་ཡོད། གེ་སར་སྒྲུང་གི་ཆེད་མཁས་པ་མང་པོས། གེ་སར་སྒྲུང་ལས་རིག་གནས་དང་། ལོ་རྒྱུས། དམག་དོན། ས་རྒྱུས། ངག་རྒྱུན། གཏམ་རྒྱུད། གཏམ་དཔེ། སྒྱུ་རྩལ། ལུས་རྩལ། དམངས་སྲོལ་ལ་སོགས་པའི་ནང་དོན་མང་པོ་འདུས་པའི་སྣ་འཛོམས་ཀྱི་གླགས་བམ་ཆེན་མོ་ཞིག་ཏུ་ངོས་འཛིན་གྱིན་འདུག དཔེར་ན། ཡུལ་ཤུལ་འབྲི་སྟོད་ཀྱི་སྒྲུང་པ་འཆི་མེད་རབ་བརྟན་ལྟ་བུར་མཚོན་ན། ཁོང་གིས་འཆད་གྱེར་གནང་བའི་སྒྲུང་གི་ནང་དོན་ལས་རང་འཚར་ལོངས་བྱུང་སའི་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་མིང་འདུས་ཡོད་ལ། ས་དེའི་དམངས་ཁྲོད་དུ་ཁྱབ་པའི་གཏམ་རྒྱུད་དང་། ངག་རྒྱུན། གཏམ་དཔེ་ལ་སོགས་པ་མང་པོ་འདུས་ཡོད་པས། ས་དེའི་དམངས་ཁྲོད་དུ་ཁྱབ་པའི་ས་གནས་ལོ་རྒྱུས་ཀྱི་ཟིན་བྲིས་ཞིག་རེད་ཟེར་ན་མི་ཆོག་རྒྱུ་མེད་པར་སྙམ། བོད་བཙན་པོའི་གདུང་རབས་ལོ་རྒྱུས་ནང་འཁོད་པའི་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་སྒྲུང་དེ་མ་སངས་དང་གཉའ་ཁྲི་ནས་སྲོང་བཙན་བར་གྱི་བཙན་པོའི་གདུང་རབས་ལོ་རྒྱུས་དེ་སྒྲུང་བཤད་པ་ཡིན་པ་ལས་ལོ་རྒྱུས་དེབ་ཐེར་མ་ཡིན་པས། སྒྲུང་ཞེས་པ་དེ་དུས་སྐབས་དེའི་ལོ་རྒྱུས་ངག་ཐོག་ནས་བརྒྱུད་པ་དེ་ཡིན་ལ། དེང་གི་གེ་སར་སྒྲུང་དེའང་དམངས་ཁྲོད་ནས་ངག་ཏུ་བརྒྱུད་པའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པ་དེ་ཡིན་པར་འདོད། དེ་བཞིན་དུ་ས་གནས་གང་དུ་སོང་ཡང་ས་དེར་ཁྱབ་པའི་གེ་སར་སྒྲུང་འཚོལ་སྡུད་དང་། དག་སྒྲིག པར་བསྐྲུན། ཞིབ་འཇུག་བཅས་བྱེད་ཐུབ་སོང་ན་ཡུལ་དེའི་དམངས་ཁྲོད་ངག་རྒྱུན་རིག་གནས་སྔོག་འདོན་དང་མྱུར་སྐྱོབ་བྱེད་ཐུབ་སོང་པས། དེར་དམངས་ཁྲོད་ངག་རྒྱུན་ལོ་རྒྱུས་ཀྱི་ཟིན་བྲིས་ཤིག་རེད་ཅེས་བཤད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་མིན་པར་སྙམ། བོང་སྟག་ཡུལ་གྱི་གེ་སར་རིག་གནས་ཀྱང་ས་དེའི་དམངས་ཁྲོད་རིག་གནས་ཀྱི་གཙོ་ཆེ་རུ་ཚུད་ཡོད་ཅིང། ལྷག་ཏུ་དེ་འབྲེལ་གྱི་ངག་རྒྱུན་ཤུལ་རྟེན་མང་བར་མ་ཟད་རྒྱུན་འཛིན་གྱི་སྒྲུང་བའང་རྒན་དར་གཞོན་གསུམ་འཛོམས་པས་གེ་སར་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། དར་སྤེལ་བྱེད་སའི་ཡུལ་གྲུ་ཞིག་ཡིན་པ་གཤམ་ནས་རེ་རེ་བཞིན་བརྗོད་ན་འདི་ལྟ་སྟེ།
དང་པོ། གེ་སར་ངག་རྒྱུན་ཤུལ་རྟེན་སྐོར་བཤད་པ།
གེ་སར་ངག་རྒྱུན་ཤུལ་རྟེན་ནི་གེ་སར་རིག་གནས་ཁྲོད་ཀྱི་གྲུབ་ཆ་ཞིག་དང་། མེད་དུ་མི་རུང་བའི་རིག་གནས་མཚོན་རྟགས་ཤིག་ཡིན་པར་འདོད་ཡོད། རྒྱུ་མཚན་ནི་ལོ་རྒྱུས་རིག་པའི་ངོས་ཐད་ནས་བལྟས་ན་ཤུལ་རྟེན་དེ་དག་ནི་དངོས་ཡོད་ཀྱི་བདེན་དཔང་ཞིག་དང་། ངག་རྒྱུན་ལོ་རྒྱུས་ལྟར་ན་ས་བོན་མེད་ན་འབྲས་བུ་འབྱུང་མི་སྲིད་ཅིང་། ངག་རྒྱུན་ཤུལ་རྟེན་གང་ཞིག་ལའང་ལོ་རྒྱུས་དངོས་དང་ཡང་ན་དེ་འབྲེལ་གྱི་དོན་ཅུང་ཙམ་མེད་པ་ཞིག་མིན་པར། ལོ་རྒྱུས་ཤུལ་རྟེན་ནི་དུས་སྐབས་དེའི་ལོ་རྒྱུས་ཀྱི་མཚོན་བྱེད་ཅིག་དང་རྣམ་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་རིག་གནས་ཀྱི་ཚད་ཐིག་དེ་བདེན་དཔང་བྱས་ཡོད།[④] ཅེས་གསུངས་པ་ཇི་བཞིན། བོད་ཀྱི་མཁས་པ་དཔལ་དོན་གྲུབ་རྒྱལ་གྱིས་ཀྱང་ངག་ཐོག་གི་ལོ་རྒྱུས་ནང་དུ་རྣམ་པ་ལྷ་སྒྲུང་ལ་བཅིངས་པ་ཤས་ཆེ་ན་ཡང་། དེའི་ནང་དུ་མཚར་སྡུག་འོད་སྟོང་འབར་བའི་དངོས་གཙོའི་བསམ་བློ་དང་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་ཡོད་པར་སུ་ཞིག་གིས་བསྙོན་པར་ནུས། ཞེས་གསུང་པ་དང་། ས་གནས་གང་ཞིག་གི་གེ་སར་རིག་གནས་འཚོལ་སྡུད་དང་། དག་སྒྲིག ཞིབ་འཇུག་བཅས་བྱེད་པའི་སྐབས་སུ་དོར་མི་ཆོག་པའི་རིག་གནས་སྣང་ཚུལ་ཞིག་ཡིན་པས་གཤམ་ནས་བོང་སྟག་ཡུལ་གྱི་གེ་སར་ངག་རྒྱུན་ཤུལ་རྟེན་སྐོར་ཞིག་བརྗོད་པར་འདོད་ཡོད།
གཅིག གེ་སར་རྒྱལ་པོའི་བསང་ཁྲི།[⑤]
གེ་སར་རྒྱལ་པོའི་བསང་ཁྲི་ནི་ཐེམ་ཆེན་རྫོང་ཐོག་ནས་སྤྱི་ལེ་ཉེར་བརྒྱད་ཀྱི་ས་མཚམས་སུ་ཡོད་ཅིང་། ས་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་གེ་སར་རྒྱལ་པོ་དེ་ཧོར་གུར་དཀར་རྒྱལ་པོ་འདུལ་དུ་ཡོང་བའི་དུས་སུ་ས་འདི་ན་བསང་མཆོད་བླ་ན་མེད་པ་བྱས་པར་བཞེད། ས་དེ་ནི་ཐེམ་ཆེན་རྫོང་ཁོངས་ཞིན་ཡོན་གྲོང་བརྡལ(新源镇)་རུ་ཁག་ལྔ་བ་ཆུ་ལུང་སྡེ་བའི་[⑥]ཁོངས་སུ་རྟོགས་ལ། ཡུལ་དེའི་ཤར་ཕྱོགས་ཀྱི་བྲག་རི་མང་པོའི་དཀྱིལ་ན་ལྷང་ངེས་གནས་འདུག བསང་ཁྲི་བཞེངས་ཡོད་པའི་བྲག་རི་དེར་རྒྱང་རིང་ནས་བལྟས་ན་རྨོག་ཞྭ་ཞིག་ཐང་ལ་བཞག་པ་དང་མཚུངས། མཐའ་སྐོར་དུ་རི་མང་པོའི་བསྐོར་ཡོད་ལ་སའི་དབྱིབས་ཆགས་ཚུལ་ནི་ཕྱག་རྒྱའི་རང་བཞིན་དང་། ཁུགས་སོ་ནི་ཟླ་སྐོར་ས་ལ་ལྷུང་འདྲའི་རྩྭ་ཆུ་འཛོམས་ཤིང་རྟ་ནོར་ལུག་གསུམ་ཕྱོགས་ཡོངས་སུ་ཁྱབ་འདུག་པའི་གནས་ཤིག་རེད། གེ་སར་རྒྱལ་པོའི་བསང་ཁྲི་ནི་རྨོག་ཞྭ་འདྲ་བའི་བྲག་རི་དེའི་མགོར་ཡོད། དེར་རིམ་པ་གཉིས་ཡོད་དེ། ཆུང་དུས་ནས་ས་དེར་ནར་སོན་པའི་ཨ་ཁུ་རྟ་མགྲིན་ཚེ་རིང་གིས་བསང་ཁྲིའི་འོག་གི་རིམ་པ་དེ་ནི་གནའ་བོ་ཞིག་ནས་ཡོད་པར་བཤད། འོག་གི་རིམ་པ་དེའི་དབྱིབས་གྲུ་བཞི་ཡིན་ཞིང་རྩིག་བྱེད་ཀྱི་བྲག་རྡོ་ཐམས་ཅད་མི་གཅིག་གིས་སྒུལ་མི་ཐུབ་པའི་རྡོ་ལེབ་མང་པོས་གྲུབ། སྟེང་གི་རིམ་པ་དེ་ནི་རྡོ་ལེབ་ཆུང་ཆུང་མང་པོས་དབྱིབས་གྲུ་བཞིའི་གཟུགས་སུ་རྩིག་ཡོད། སྟེང་གི་རིམ་པ་ནི་ས་དེའི་མང་ཚོགས་ཀྱིས་གེ་སར་རྒྱལ་པོའི་མཛད་འཕྲིན་རྗེས་སུ་ཡི་རང་བྱེད་པར་རྗེས་སུ་རྩིག་པ་རེད། ཡུལ་དེའི་མང་ཚོགས་ཀྱིས་འཛམ་གླིང་སྤྱི་བསང་གི་ཉིན་ལ་བསང་ཕུད་པའི་སྲོལ་ཡོད་ཅེས་སྨྲས། གེ་སར་རྒྱལ་པོའི་བསང་ཁྲི་ཡོད་སའི་མདུན་ན་ཀླུ་མང་གི་ཆུ་ཞེས་པར་ལྷོ་ནས་བྱང་ལ་བཞུར་བའི་ཆུ་རྒྱུན་རིང་མོ་ཞིག་འདུག ས་དེའི་སྤྲུལ་སྐུ་བློ་བཟང་བསོད་ནམས་སྙན་གྲགས་ཀྱིས་བཤད་པར། གོ་ཐོས་ལྟར་ན་ཆུ་དེ་མགོ་ཁུངས་ནི་ཀླུ་མང་ཆུ་མགོ་ཞེས་པའི་ཆུ་མགོ་ཞིག་ཡོད་པ་དེར་ཆུ་མིག་བརྒྱ་དང་བརྒྱད་ཡོད། ཁོ་རང་ལོ་འགའ་སྔོན་དུ་ཆུ་མགོ་ཡོད་པའི་ས་དེ་དངོས་སུ་སོང་ནས་ཆུ་མིག་སུམ་ཅུ་སོ་དགུ་དངོས་སུ་མཐོང་མྱོང་ཟེར། བོང་སྟག་སྟོང་དཔོན་ཐོག་དང་པོ་ལྷ་སར་མཇལ་དུ་འགྲོ་བའི་སྐབས་སུའང་གེ་སར་རྒྱལ་པོའི་བསང་ཁྲི་ལས་བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་ལྷ་སར་བསྐྱོད་པའི་ལོ་རྒྱུས་ངག་རྒྱུན་ཡང་ཡུལ་དེ་ན་མ་ཆད་པར་ཁྱབ་ཡོད།
གཉིས། གེ་སར་རྒྱལ་པོའམ་ཧོར་གྱི་བླ་མས་འཕངས་བའི་ཟོ་གཏོར།
གེ་སར་རྒྱལ་པོའམ་ཧོར་གྱི་བླ་མས་འཕངས་བའི་ཟོ་གཏོར་གྱི་ཤུལ་ཏེ་གཏོར་སྐེད་ཅེས་པའི་ཡུལ་དེ་ནི་གེ་སར་རྒྱལ་པོའི་བསང་ཁྲི་ཡོད་ས་དེ་ནས་ལྷོ་ཕྱོགས་ཀྱི་སྤྱི་ལེ་དྲུག་བདུན་ས་མཚམས་ན་བྲག་རི་མཐོན་པོ་ཞིག་གི་རི་སྐེད་དུ་ལྷང་ངེས་འགྱིང་ཡོད། ཡུལ་དེ་ནི་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་བརྡལ(新源镇)རུ་ཁག་བརྒྱད་པ་ཤ་རྫོང་སྡེ་བའི་ཁོངས་སུ་གཏོགས། གཏོར་རྐེད་ན་བྲག་ཐོ་ཆེ་ཆུང་མི་འདྲ་བ་ལྔ་གནས་ཤིང། བྲག་ཐོ་དེ་དག་གི་དབྱིབས་ནི་གཏོར་མའི་གཟུགས་དང་འདྲ་པོ་འདུག དེ་ལའང་བཤད་རྒྱུན་མི་གཅིག་པ་འགའ་ཡོད་དེ། གཅིག་ནི་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་གེ་སར་རྒྱལ་པོས་ཧོར་གུར་དཀར་འདུལ་བའི་དུས་སུ་གེ་སར་རྒྱལ་པོས་བསང་ཁྲི་སྟེང་བསང་གཏོང་རྒྱ་ཆེན་པོ་མཛད་དེ་ཧོར་ཡུལ་འདུལ་བའི་སྔོན་གྱི་ཆོ་ག་ཕྱག་ལེན་ཞིག་མཛད་དེ། དགྲ་འདུལ་དཔའ་བོ་ལྷ་ཡི་ཚོགས། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །དལ་བའི་རིང་ན་མ་མཆོད་ན། །གེ་སར་མིན་པའི་རྟགས་ལ་ཞོག །ཅེས་བརྗོད་དེ་ཧོར་ཕྱོགས་ལ་འཕངས་པའི་ཟོ་གཏོར་ཡིན་པར་བརྗོད། ཡང་གཅིག་ནི་ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་ཧོར་གུར་དཀར་གྱིས་གེ་སར་རྒྱལ་པོ་ས་དེར་ཕེབས་ནས་ཁོ་རང་འདུལ་དུ་ཡོང་ཡོད་པ་ཤེས་རྗེས། ཧོར་གྱི་བླ་མ་ལ་བཀའ་གནང་སྟེ་གླིང་ཕྱོགས་ལ་འཕངས་པའི་གཏོར་མ་ཡིན་པར་བཞེད། གང་ལྟར་ཀྱང་གོང་གི་དམངས་ཁྲོད་ཀྱི་ངག་རྒྱུན་འདི་གཉིས་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། ཧོར་གླིང་གཉིས་འཁྲུག་པའི་སྐབས་སུ་བྱུང་བའི་ངག་རྒྱུན་ཞིག་ཡིན་པ་ཚོར་ཐུབ་པ་དང་གཅིག བྲག་ཐོ་དེ་ལྔ་བོ་གཏོར་མའི་དབྱིབས་དང་འདྲ་ཞིང་། ཡུལ་དེའི་དམངས་ཁྲོད་ནས་གཏོར་སྐེད་ཅེས་བརྗོད་པ་དང་གཉིས་སོ། །
གསུམ། གེ་སར་རྒྱལ་པོའི་མཚམས་ཁང་།
གེ་སར་རྒྱལ་པོའི་མཚམས་ཁང་ནི་གེ་སར་རྒྱལ་པོའི་བསང་ཁྲི་ཡོད་ས་ནས་ནུབ་ཕྱོགས་སུ་སོང་ན་སྤྱི་ལེ་བཅུ་དྲུག་ལྷག་གི་མཚམས་སུ་ཡོད་ལ། ཐེམ་ཆེན་རྫོང་ཞིན་ཡོན་གྲོང་བརྡལ(新源镇)རུ་ཁག་གཉིས་པ་མཚམས་ཁང་སྡེ་བའི་ཁོངས་སུ་གཏོགས་ལ། ས་དེ་ན་མཚམས་ཁང་རིན་ཐང་བྲལ་བ་ཡོད་པས་སྡེ་བའི་མིང་ལའང་མཚམས་ཁང་ཞེས་པར་ཐོགས། མཚམས་ཁང་དེའི་མཐའ་སྐོར་དུ་བྲག་གཡང་གཟར་མང་པོས་བསྐོར་ཞིང་། འགག་ཕྲེང་དོག་མོ་ཞིག་ན་གནས་ཡོད། མཚམས་ཁང་གི་བྲག་རི་ནི་ས་དེའི་བྲག་གཡང་གཟར་མང་པོ་ལས་ཆེས་མཐོ་ཞིང་བརྗིད་ཆགས་པའི་སྨིས་ལྔ་བཅུ་ཡས་མས་ཡོད་པའི་མཚམས་སུ་ཆགས། བྲག་ངོས་ཀྱི་རང་བྱུང་མཚམས་ཁང་དུ་འགྲོ་ན་བྲག་རི་གཟར་མོ་ཞིག་ལ་འཛེག་ནས་འགྲོ་དགོས། བྲག་རྐེད་དུ་ལྕགས་ཐག་ལ་འཇུས་ནས་སོང་ན་ད་གཟོད་ཐོན་ཐུབ། རང་བྱུང་གི་མཚམས་ཁང་དེར་དབྱར་ཁང་དང་དགུན་ཁང་གཉིས་ཡོད། ནམ་ཟླ་དྲོད་བའི་དུས་སུ་དབྱར་ཁང་དུ་འདུག་པ་དང་། ནམ་ཟླ་འཁྱགས་པའི་དུས་སུ་དགུན་ཁང་དུ་འདུག་པ་ཡིན། རང་བྱུང་མཚམས་ཁང་གི་ཉེ་འཁོར་དུ་མཆོད་རྟེན་བཞེངས་འདུག་པ་དང་། དེའི་མཐའ་འཁོར་དུ་སྟོན་པ་དང་། སྒྲོལ་མ། འོད་དཔག་མེད་ལ་སོགས་པའི་ཚྭ་ཚྭ་ཆེ་ཆུང་མི་འདྲ་བ་མང་པོ་མཆོད་འབུལ་བྱས་ཡོད། རང་བྱུང་མཚམས་ཁང་ཡོད་སའི་འདེབས་རོལ་ན་མཚམས་ཁང་ཆུང་ཆུང་མང་པོ་ཡོད་པས་མཚམས་པ་མང་པོ་བསྡད་མྱོང་བ་ཚོར་ནུས། ང་ཚོས་མཐོང་རྩིས་བརྒྱབ་པ་ལས་མཚམས་ཁང་ཆུང་ཆུང་དྲུག་ལྷག་ཡོད། ས་དེར་ལོ་ཉེར་བཞི་ལྷག་གི་རིང་ལ་མཚམས་ཐོག་ཏུ་བསྡད་ཡོད་པའི་ཨ་ཁུ་ཆོས་དབྱངས་རྒྱ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན། མཚམས་ཁང་འདིར་བཤད་ཚུལ་མང་པོ་ཡོད་ཅིང་མདོར་བསྡུས་ན་གཉིས་ཀྱི་ཁོངས་སུ་འདུས་ཏེ། གཅིག་ནི་བོད་ཀྱི་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བཀྲོངས་རྗེས་བྲོས་བྱོལ་བྱས་ནས་གནས་འདི་ན་མཚམས་སུ་བསྡད། ཡང་གཅིག་ནི་འཛམ་གླིང་གེ་སར་རྒྱལ་པོས་ཧོར་འདུལ་སྐབས་སུ་གནས་འདིར་བྱོན་ནས་མཚམས་ལ་བསྡད་མྱོང་སྐད།
བཞི། འབྲུག་མོའི་སྒྱེད་གསུམ་དང་སྒྱེད་གསུམ་བང་ཁ།[⑦]
འབྲུག་མོའི་སྒྱེད་གསུམ་ནི་ཅོང་ཆུ་གྲོང་བརྡལ་(江河镇)ནས་བྱང་ཕྱོགས་སུ་སྤྱི་ལེ་ཉེར་བདུན་མཚམས་ཀྱི་གོ་ན་དགོན་ལྷུན་འགྲུབ་དགེ་འཕེལ་གླིང་[⑧]རྒྱབ་ཕྱོགས་ན་ལྷང་ངེར་གནས་ཡོད། བྲག་ཐོ་གསུམ་པོ་དེ་དགོན་པའི་སྔུན་ནས་བལྟས་ན་སྒྱེད་པུའི་དབྱིབས་ཤིག་ཡིན་པར་ཚོར་ཐུབ། སྒྱེད་གསུམ་ཡོད་པའི་ལུང་བ་དེའི་མིང་ལའང་སྒྱེད་གསུམ་ལུང་བ་ཞེས་པར་ཐོགས་འདུག ས་དེའི་དམངས་ཁྲོད་ངག་རྒྱུན་དུ་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་འཛམ་གླིང་གེ་སར་རྒྱལ་པོའི་བཙུན་མོ་མ་སེང་ལྕམ་འབྲུག་མོའི་ཇ་སྐོལ་སའི་ཐབ་རྡོའམ་སྒྱེད་པུ་ཡིན་ཟེར་བའི་བཤད་སྲོལ་ཡོད། སྒྱེད་གསུམ་ཡོད་པའི་དེའི་གོང་རོལ་དུ་བྲག་གཞོང་ཞིག་འདུག་པ་དེར་དམངས་ཁྲོད་ཀྱི་ངག་རྒྱུན་ལ་སྒྱེད་གསུམ་བང་ཁ་ཞེས་གྲགས། ཡུལ་དེའི་དམངས་ཁྲོད་ཀྱི་བསྟོད་པ་ཞིག་ལས། ས་སྒྱེད་གསུམ་ཕུ་མདོ་བར་གསུམ་ན། །རི་ཡ་མཚན་ཡོད་ནོ་ལོ་རྒྱུས་གཅིག་བཤད། །ཆབ་ཆུ་བོ་ཡོད་ནོ་དཔྱད་པ་ཞིག་གཏོང་། །ལྷོ་གཡུ་འབྲུག་འདྲ་གི་ཆུ་ཡོད་ཟེར་གི །སེང་དཀར་མོ་འདྲ་གི་བྲག་ཡོད་ཟེར་གི །སྟག་དམར་ཡག་འདྲ་གི་རི་ཡོད་ཟེར་གི །བྱ་ཁྱུང་ཆེན་འདྲ་གི་ནགས་ཡོད་ཟེར་གི །རླུང་རྟའི་སྐྱེ་སྤ་བཞི་ལྡན་ཚང་བ་ཟེར་གི །རི་མཐོན་པོ་གནམ་གྱི་ཀ་བ་ཡིན། །ས་དོག་མོ་རིན་ཆེན་གསེར་གཞོང་ཡིན། །ཆབ་ཆུ་བོ་གཡུ་འབྲུག་གྲག་ས་ཡིན། །ནགས་ཕྱུག་མོ་ལྷོ་སྤྲིན་འཐབ་འདྲ་ཡིན། །དབྱར་མེ་ཏོག་གངས་རིའི་རྒྱན་ཆ་ཡིན། །ས་སྒྱེད་གསུམ་ཕུ་མདོ་བར་གསུམ་མ། །དགུང་ཨ་སྔོན་འཁོར་ལོ་རྩིབ་བརྒྱད་ཚང་བ། །ས་དོག་མོ་པདྨ་འདབ་བརྒྱ་ཡིན། །ས་སྒྱེད་གསུམ་ལུང་བའི་ཕུ་སྟོད་ན། །དཀར་པོ་སྤྲིན་གྱི་གུར་ཕུབ་ནས། །དམར་པོ་གློག་གི་ཀ་འཛུགས་ནས། །ཕོ་ཆུང་འབྲུག་གི་བརྡ་བརྒྱབ་ནས། །སྦྲང་ཆར་བསིལ་མའི་ཁྲུས་བྱེད་ལ། །བན་ཚོགས་པ་ཚོགས་འདྲའི་བྲག་ཡོད། །གདུགས་རྒྱལ་མཚན་འདྲ་གི་རི་ཡོད། །མུ་ཏིག་འདྲ་གི་ཆུ་ཡོད། །སྐར་ཚོགས་འདྲ་གི་སྡེ་ཡོད། །དེ་ཡ་མཚན་སྒྱེད་གསུམ་ཕུ་སྟོད་རེད། །ས་སྒྱེད་གསུམ་ལུང་བའི་སྐེད་པ་ན། །གླིང་སེང་ཆེན་རྒྱལ་པོའི་ཐབ་ཀ་ཡོད། །རྟ་རྐྱང་གཡུ་འདོགས་སའི་རྟ་ཕུར་ཡོད། །བྲག་མཎྟལ་འདྲ་གི་རི་ཡོད། །ཉིན་གྱི་རྫ་རི་སྤང་གྲུབ་ཡོད། །སྤང་གི་རྩ་བ་བྲག་གྲུབ་ཡོད། །བྲག་གི་རྩེ་མོ་དགུང་ལ་ཟུག་ཡོད། །བྱ་ཁྱུང་ཆེན་འབབ་སའི་ཚང་ཡོད། །སེང་དཀར་མོ་འགྱིང་སའི་ཁྲི་ཡོད། །རྫ་རི་སྨུག་པོའི་རྫ་འདབས་ན། །སྒར་དགོན་པ་འདེབས་སའི་ས་ཡོད། །ལྷུན་འགྲུབ་དགེ་འཕེལ་གླིང་ཡོད། །[⑨]ཅེས་བསྟོད་པ་འདི་ལས་སྒྱེད་གསུམ་ལུང་པའི་ས་ཆགས་རིམ་དང་ཡང་ན་ཉེ་འཁོར་གྱི་རང་བྱུང་བཀོད་པ་སོགས་ངོ་སྤྲོད་མཛད་ཡོད་པས་འདིར་བཀོད་ན་རྒྱུ་ཆའི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ཅུང་ཙམ་ཡོད་པར་སྣང་།
ལྔ། གེ་སར་རྟ་ཕུར།
གེ་སར་རྟ་ཕུར་ནི་ཅོང་ཆུ་གྲོང་བརྡལ་(江河镇)ནས་བྱང་ཕྱོགས་སུ་སྤྱི་ལེ་ཉེར་བརྒྱད་མཚམས་སུ་ཡོད་པ་དང་། གནས་དེ་རུ་བྲག་རྡོ་ཀེར་དུ་ལངས་ཡོད་པའི་རྟའི་ཕུར་བ་འདྲ་བ་ཞིག་ཡོད་པ་དེར་ཡུལ་མི་རྣམས་ཀྱིས་བཤད་པ་ལྟར་ན། གླིང་གེ་སར་རྒྱལ་པོའི་ཅང་ཤེས་རྐྱང་རྒོད་གཡེར་བ་འདོགས་སའི་རྟ་ཕུར་ཡིན་ཞེས་པའི་བཤད་སྲོལ་ཡོད་ཅིང་། དེར་སེང་ལྕམ་འབྲུག་མོའི་སྒྱེད་པུ་དང་ཐག་མི་རིང་ས་ན་ཡོད་པས་གེ་སར་རྒྱལ་པོས་རྟ་མཆོག་དེར་བཏགས་ཏེ་ཇ་འཐུང་ནས་ངལ་གསོ་བྱས་པའི་ངག་རྒྱུན་ཡོད་པར་བཤད།
དྲུག གེ་སར་མཎྟལ།
གེ་སར་མཎྟལ་ཞེས་པའི་ཤུལ་རྟེན་འདི་ནི་གོང་དུ་བརྗོད་པའི་འབྲུག་མོས་ཇ་སྐོལ་སའི་སྒྱེད་གསུམ་དང་གེ་སར་རྟ་ཕུར་ཡོད་སའི་ཉེ་ལོགས་ན་རང་བྱུང་གི་བྲག་རི་བང་རིམ་ཅན་ཞིག་ཡོད་ལ། རྒྱང་རིང་ནས་བལྟས་ཚེ་མཎྟལ་གྱི་དབྱིབས་དང་འདྲ་ཞིང་། བྲག་རི་དེའི་ཁ་དོག་ཆ་ནས་ཀྱང་མཎྟལ་ལྟ་བུ་ཞིག་ཡིན་པས་ས་དེའི་དམངས་ཁྲོད་ན་གེ་སར་མཎྟལ་ཞེས་གནའ་སྔོན་མོ་ནས་འབོད་པར་གྲགས།
བདུན། གླིང་གི་སོ་དེའུ།
གླིང་གི་སོ་དེའུ་ནི་ཐེམ་ཆེན་རྫོང་ཅུང་ཆུ་གྲོང་བརྡལ་གྱི་ཁོངས་སུ་ཡོད་དེ། རྩྭ་ཐང་ཆེན་མོ་ཞིག་གི་དཀྱིལ་ན་རི་བོ་དེའུ་འབར་ཞིག་ཡོད་པ་དེ་ཡིན་ཟེར། ས་དེའི་དམངས་ཁྲོད་ན་གེ་སར་གྱི་སོ་དེའུ་ཞེས་མིང་བཏགས་ཡོད། ཡུལ་དེའི་དམངས་ཁྲོད་ཀྱི་ས་བསྟོད་ལས། ས་སྒྱེད་གསུམ་ལུང་བའི་སྨད་ནས་བཤད་ན། །གོ་ན་ཟེར་བའི་སྡེ་ཡོད། །སོ་དེའུ་ཟེར་བའི་རི་ཡོད། །རི་འདུས་རྩ་བ་སྤང་གིས་གྲུབ་ཡོད། །རི་འདུས་རྩེ་མོ་བྲག་གིས་གྲུབ་ཡོད། །བྲག་གི་རྩེ་མོ་དགུང་ལ་ཟུག་ཡོད། །རྒོད་ཐང་དཀར་མ་གཏོགས་འཁོར་མ་མྱོང་། །མདུན་རི་ཟབ་མོ་ནགས་ཡིན། །བྱ་ཁྱུང་ཆེན་མ་གཏོགས་གྲགས་མ་མྱོང་། །ཕ་ཨ་ཁུའི་ངག་རྒྱུན་ཡིན་ན། །གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས། །ཕྱོགས་བཞི་དགྲ་བཞི་མ་བཏུལ་གོང་ལ། །དགྲ་ཆེ་བ་ཆམ་ལ་མ་ཕབ་གོང་ལ། །ཆུང་བ་དམ་ལ་མ་བཏགས་གོང་ལ། །ས་དེ་ནས་སོ་བ་བརྒྱབ་ནས་ཟེར་གི །སོ་དེའུ་ཟེར་དོན་དེ་ནས་བྱུང་། །ཡ་མཚན་ཅན་གྱི་ས་ཡིན་ཟེར་གི །རྟེན་འབྲེལ་ཅན་གྱི་རི་ཡིན་ཟེར་གི །[⑩]ཞེས་སོའི་དེའུ་རི་དེ་མཐོང་མ་ཐག་སོ་བ་བྱེད་སའི་དེའུ་འབུར་རེད་ཟེར་ན་མི་ཆོག་རྒྱུ་མེད་པར་འདོད། ངག་རྒྱུན་ཤུལ་རྟེན་གང་རུང་ཞིག་ལ་དེ་འབྲེལ་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་དང་ཡང་ན་དེ་མཐུན་གྱི་མིང་འབྱོར་མོ་ཞིག་ཐོགས་ཡོད་པས་ཤུལ་རྟེན་དེ་དག་སྲུང་སྐྱོབ་ཐོབ་ན་དེ་དང་འབྲེལ་ཡོད་ཀྱི་བཤད་རྒྱུན་ཡང་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་ཐུབ།
བརྒྱད། གླིང་གི་སྒྲུབ་ཕུག[11]
གླིང་གི་སྒྲུབ་ཕུག་དེ་མིང་གཞན་ལ་བཀའ་འགྱུར་སྒྲུབ་ཕུག་དང་། ཨ་མྱེས་རི་ལང་གི་བྲག་ཁུང། ནུབ་ཀྱི་རྒྱལ་མོའི་སྒྲུབ་ཕུག གེ་སར་སྒྲུབ་ཕུག་ཅེས་ཀྱང་འབོད་བཞིན་མཆིས། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་བརྡལ་(新源镇)གྱི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་ནས་སྤྱི་ལེ་ཉི་ཤུ་ལྷག་གི་མཚམས་ཀྱི་རྒྱལ་ལམ་ཨང་གསུམ་གཅིག་ལྔ་བའི་ཤར་འགྲམ་ན་ཡོད། སྒྲུབ་ཕུག་དེ་ནི་རི་མང་པོའི་དཀྱིལ་ན་གནས། རྒྱབ་ཕྱོགས་སུ་ཆུ་ཕྲན་ཞིག་བཞུར་གྱིན་ཡོད། འབྲེལ་ཡོད་ཀྱི་ཡིག་ཆ་ལས། བྲག་ཕུག་ཞབས་ཀྱི་མཐའ་འཁོར་དུ་སྨིས་བཞི་བརྒྱ་དང་མཐོ་ཚད་ལ་སྨིས་ཉེར་ལྔ་ཡོད་པར་བཤད། སྒྲུབ་ཕུག་གི་སྒོ་ནུབ་ཕྱོགས་སུ་འཁོར་འདུག ཕུག་སྒོའི་མཐོ་ཚད་ལ་སྨིས་གསུམ་དང་། བྱང་ཚད་ལ་སྨིས་གཉིས། སྒྲུབ་ཕུག་ནང་གི་རིང་ཚད་ལ་སྨིས་བཅུ་གཉིས་ཡོད། ནང་གི་བྱང་ཚད་ལ་སྨིས་དྲུག་ཡོད། ནང་གི་ཆེས་མཐོ་སའི་ཚད་ལ་སྨིས་བཅོ་བརྒྱད་འདུག་ལ། སྒྲུབ་ཕུག་ནང་གི་ཆེ་ཆུང་ལ་སྨིས་གྲུ་བཞི་མ་བཅུ་ལྷག་ཡོད། སྒྲུབ་ཕུག་འདི་ལའང་དམངས་ཁྲོད་དུ་བཞེད་པ་མི་མཐུན་པ་མང་པོ་བྱུང་ཡོད་དེ། གཅིག་ནི་ནུབ་ཀྱི་རྒྱལ་མོའི་སྒྲུབ་ཕུག་ཡིན་པར་བཞེད་ལ། ནུབ་ཀྱི་རྒྱལ་མོས་ས་འདི་ན་མགྲོན་པོ་གནས་ལེན་དང་བཀའ་བཀོད་གནང་ཚུལ་གྱི་ངག་རྒྱུན་ཞིག་མཆིས། ས་དེའི་དམངས་ཚོགས་ཀྱིས་བཤད་པ་ལྟར་ན། སྒྲུབ་ཕུག་དེ་མདུན་ན་གསར་དུ་བཞེངས་པའི་བཟོ་སྐྲུན་དེ་ནི་ཐའེ་ཝན་ནས་ཡོང་བའི་སྦྱིན་བདག་ཞིག་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས། ཐའེ་ཝན་ན་དམངས་ཁྲོད་དད་མོས་ཤིན་ཏུ་དར་རྒྱ་ཆེ་ཞིང་། བཤད་རྒྱུན་ལ་སྨིས་བརྒྱ་བར་ནས་མཆོད་ཁང་ཞིག་དང་། སྨིས་སྟོང་བར་ནས་ལྷ་ཁང་ཞིག་ཡོད་ཅེས་པ་བཞིན་དམངས་ཁྲོད་དད་མོས་ལས་ལྷ་མོ་མ་ཙོ་ཡི་དད་མོས་(妈祖信仰)དར་ཁྱབ་སོང་འདུག་ལ། ལྷ་མོ་མ་ཙོ་དང་ནུབ་ཀྱི་རྒྱལ་མོ་གཉིས་ནི་མིང་སྲིང་ཡིན་པས་ལྷ་ཁང་འདི་བཞེངས་བ་ཡིན་པར་བཤད། གཉིས་ནི། ཨ་མྱེས་རི་ལང་གི་བྲག་ཁུང་།(二郎洞) བཤད་རྒྱུན་ལ་མཁའ་མཉམ་འཕགས་པས་ལྷའི་ཕོ་བྲང་དཀྲུགས་ནས་ལྷའི་རྒྱལ་པོར་གནོད་པ་བཟོས་རྗེས། ལྷའི་རྒྱལ་པོས་ཨ་མྱེས་རི་ལང་ལ་མཁའ་མཉམ་འཕགས་པ་འཛིན་བཟུང་བྱེད་པར་བཀའ་གནང་། ཨ་མྱེས་རི་ལང་དང་མཁའ་མཉམ་འཕགས་པ་གཉིས་དྲག་རྩལ་འགྲན་ཏེ་ཁུ་ནུ་རི་བོར་སླེབས་ཀྱང་རྒྱལ་ཕམ་གྱི་དབྱེ་བ་མ་འཁོད། དུས་དེར་ཨ་མྱེས་རི་ལང་ཅུང་ཐང་ཆད་དེ་ནུབ་ཕྱོགས་ཀྱི་ཁུ་ནུ་རི་བརྒྱུད་བཀའ་འགྱུར་རི་མགོ་རལ་གྲིས་བཅད་ནས་སར་འཕངས་ཏེ་བྲག་ཁུང་ནང་དུ་སྦས། མཁའ་མཉམ་འཕགས་པས་ཨ་མྱེས་རི་ལང་བཙལ་ཏེ་མ་རྙེད། སྐབས་དེར་རི་མགོ་ཞིག་རི་བོ་མང་བའི་དཀྱིལ་ཏུ་འཕངས་པ་མཐོང་སྟེ་མཁའ་མཉམ་འཕགས་པས་བྲག་མགོ་ལ་རྡོག་པའི་བརྒྱབ་ཅིང་ཁུང་བུ་གཏོལ་པ་དང་། ཨ་མྱེས་རི་ལང་འཇིགས་སྐྲག་དང་བཅས་བྲོས། རྗེས་སུ་མི་རྣམས་ཀྱིས་དེ་ལ་ཨ་མྱེས་རི་ལང་གི་བྲག་ཁུང་ཞེས་མིང་བཏགས་པ་རེད། གསུམ་ནི་གླིང་གི་སྒྲུབ་ཕུག དེར《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》ལས། སྔོན་གྱི་དུས་ཤིག་ལ་ཡུལ་འདི་ན་ཧོར་དམག་གིས་གླིང་གི་དཔའ་རྟུལ་སྣང་ངུ་གཡུ་སྟག་བཀྲོངས་པས་གེ་སར་གྱི་ཐུགས་དགོངས་ཁྲོས་ཤིང་ཡིད་སྐྱོ་སྟེ། ཡུལ་འདིའི་བྱང་ཕྱོགས་ན་བྲག་རི་མཐོན་པོ་རི་སྟོད་དུ་བྲག་ཕུག་ཅན་ཞིག་ཡོད་པ་དེ་མཐོང་ཚེ། སྐེད་ཀྱི་རལ་གྲི་རྣོ་དབལ་ལྡན་པ་དེ་བླངས་ནས་རི་དེའི་མགོའི་བྲག་ཕུག་དང་བཅས་པ་བཅད་ནས་དེང་གི་གནས་འདིར་བཞག་སྟེ། ཁོང་ཉིད་བྲག་ཕུག་ནང་དུ་ལོ་དགུ་དང་ཟླ་དགུ་ཞག་དགུའི་རིང་ལ་མཚམས་བཞུགས་གནང་ནས་བཀའ་འགྱུར་གསུངས་ཏེ་སྒྲུབ་པ་ལ་བཞུགས་པས་མིང་ལ་བཀའ་འགྱུར་སྒྲུབ་ཕུག་ཐོགས། བྲག་ཕུག་བཅད་པའི་ཤུལ་གྱི་བྲག་རི་དེའི་མགོ་མེད་པས་མིང་ལ་མགོ་ལོ་ཟེར། དེ་ནས་བཟུང་དད་ལྡན་གང་ཟག་རྣམས་ཀྱིས་བྲག་ཕུག་འདི་སྒྲུབ་གནས་ཁམས་ཆེན་བརྩིས་ཤིང་ཨ་ལགས་ཨོ་ལོ་ཚང་སོགས་སྒྲུབ་པ་ཉམས་ལེན་མཁན་མང་པོ་ཞིག་སྒྲུབ་གནས་འདིར་མཚམས་བཞུགས་གནང་ཞིང་། སྔོན་གྱི་དུས་ཤིག་ལ་རྣམ་དཀར་གྱི་འཕྲིན་ལས་མཛད་པ་པོ་ཞིག་གིས་སྦྱིན་བདག་མཛད་དེ་སྒྲུབ་ཕུག་གི་སྒོའི་མཐའ་རུ་བཀའ་འགྱུར་གླེགས་བམ་གྱི་དབྱིབས་དང་འདྲ་བའི་རྡོ་གྲུ་བཞི་མ་བརྒྱ་དང་བརྒྱད་བརྩིགས་ཏེ་བཀའ་འགྱུར་དུམ་པ་བརྒྱ་དང་བརྒྱད་ཀྱི་མཚོན་རྟགས་སུ་མཛད་ཅེས་གྲགས།[12] ས་དེའི་མང་ཚོགས་དགུང་ལོ་བརྒྱད་ཅུ་ལ་སོན་པའི་རྒན་པོ་ཚེ་རིང་མགོན་པོས་བཤད་པ་ལྟར་ན།[13] རབ་བྱུང་བཅུ་དྲུག་པའི་ས་ཁྱིའི་ལོར་བཀའ་འགྱུར་མཚོན་རྟགས་སུ་བཞེངས་པའི་རྡོ་མེད་པར་ཏུ་བཏང་། བཤད་རྒྱུན་ལ་ལྕགས་ལམ་བཟོ་བའི་སྐབས་སུ་མེད་པར་དུ་བཟོས་བཏང་། ལོ་ཁ་ཤས་སྔོན་ལ་ས་དེའི་མང་ཚོགས་ཀྱིས་བཀའ་འགྱུར་གྱི་རྡོ་སྐོར་ཞིག་བཙལ་ཏེ་སྒྲུབ་ཕུག་གི་སྒོ་འགྲམ་དུ་བརྩིགས་པར་བཞེད། ང་ཚོ་རྟོག་དཔྱོད་ཚན་ཆུང་སྒྲུབ་ཕུག་གི་སྒོ་འགྲམ་དུ་སོང་བ་ན། གོང་དུ་བརྗོད་པའི་བཀའ་འགྱུར་གྱི་རྡོ་དེ་དག་ཤེལ་སྒོའི་ནང་དུ་བཞག་ནས་སྲུང་སྐྱོབ་བྱས་ཡོད། རྡོ་དེའི་སྟེང་དུ་རང་བྱུང་གི་སྡོང་ལོའི་གཟུགས་རིས་འཆར་འདུག ས་དེའི་དད་ལྡན་མང་ཚོགས་ཀྱིས་ལོ་རེ་རེའི་ཧོར་ཟླ་བཞི་བའི་ཚེས་བཅུ་བཞི་ནས་ཚེས་བཅུ་དྲུག་ཉིན་བར་དུ་སྒྲུབ་ཕུག་གི་མདུན་དུ་སྨྱུང་གནས་སྲུང་བ་དང་མཚམས་བཞུགས་གནང་བའི་སྲོལ་ཞིག་ཀྱང་ཆགས་ཡོད།
གོང་དུ་བརྗོད་པའི་སྒྲུབ་ཕུག་གི་ངག་རྒྱུན་བཞེད་ཚུལ་འདི་དག་ལས། ཆེས་སྣར་འགྲོ་བ་དང་རྒྱུ་ཆའི་བཞེད་པ་དམངས་ཁྲོད་དང་གཅིག་མཚུངས་ཡིན་པ་ནི་གླིང་གི་སྒྲུབ་ཕུག་ཅེས་པ་དེ་ཡིན། རྒྱུ་མཚན་ནི་ཞིབ་འཇུག་པ་ཨ་ལྡོང་དཔལ་རྡོ་ཐར་གྱིས། “二郎洞”ཞེས་པའི་མིང་འདི་ནི་ལོ་རབས་བདུན་ཅུ་བའི་ནང་དམག་དཔུང་89210པའི་རུ་ཁག48པས་ཡུལ་འདི་ལྕགས་ལམ་བསྐྲུན་སྐབས། བོད་སྐད་ལས་“གླིང་”ཞེས་པའི་མིང་འདིར“二郎”ཞེས་སྒྲ་འགྱུར་སོང་ཡིན་ལ། “二郎洞”ཞེས་པའི་ཡིག་འབྲུ་གསུམ་སྒྲུབ་ཕུག་གི་འགྲམ་དུ་གསལ་བོར་བྲིས་ཡོད་པས། དེ་ནས་བཟུང་མི་རྣམས་ཀྱིས་བཀའ་འགྱུར་སྒྲུབ་ཕུག་ཅེས་པའི་མིང་ཕར་གཡུག་ཏེ“二郎洞”ཞེས་བོས་པར་བཞེད། དེ་རྗེས་སུ་མི་རྣམས་ཀྱིས་“二郎”ཞེས་པའི་ཡིག་འབྲུ་གཉིས་ཀྱི་རྗེས་སུ“神”ཞེས་པའི་ཡིག་འབྲུ་བཙན་གྱིས་སྦྱར་ཏེ་དེ་མཐུན་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་བསྒྲིགས་པ་རེད་[14]ཅེས་བཤད་འདུག ནུབ་ཀྱི་རྒྱལ་མོའི་སྒྲུབ་ཕུག་ཅེས་པའི་བཞེད་ཚུལ་ནི་སྒྲུབ་ཕུག་དེ་མདུན་ན་གསར་དུ་བཞེངས་པའི་བཟོ་སྐྲུན་དེ་ཐའེ་ཝན་ནས་ཡོང་བའི་སྦྱིན་བདག་ཞིག་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཡིན་ལ། ཐའེ་ཝན་གྱི་དམངས་ཁྲོད་དད་མོས་ན་ནུབ་ཀྱི་རྒྱལ་མོ་དད་འདུན་ཤིན་ཏུ་ཆེ་བས་ནུབ་ཀྱི་རྒྱལ་མོའི་ལྷ་ཁང་ཞེས་བཏགས་པ་ལས་ཁུངས་ལུང་གང་ཡང་མེད་པར་འདོད་པ་དང་གཅིག གཞན་ཞིག་ནི་སྒྲུབ་ཕུག་གི་མདུན་གྱི་གསར་དུ་བཞེངས་པའི་ལྷ་ཁང་གི་མིང་ཡིན་པ་ལས་སྒྲུབ་ཕུག་གི་མིང་མིན། བཀའ་འགྱུར་སྒྲུབ་ཕུག་ནི་གླིང་གེ་སར་མཚམས་ལ་བསྡད་སའི་སྒྲུབ་ཕུག་ཡིན་པ་དོན་དངོས་དང་མཐུན་པར་འདོད་ཡོད།
དགུ། ཨ་དོམ་དེའུ་སྔོན་ནམ་ཨ་དོམ་གོང་ཆེན།
ཨ་དོམ་དེའུ་སྔོན་ཞེས་པའི་ངག་རྒྱུན་ཤུལ་རྟེན་དེ་ནི་ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་(舟群乡)སྡེ་དམངས་དང་པོ་དེའུ་སྔོན་སྡེ་བའི་མངའ་ཁོངས་དང་། ཐེམ་ཆེན་རྫོང་མཁར་ནས་སྤྱི་ལེ་བརྒྱའི་མཚམས་སུ་ཡོད། ཡུལ་དེའི་ངག་རྒྱུན་ལྟར་ན། སྔོན་ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་སེང་སྟག་ཨ་དོམ་མི་ཡི་སྤྱང་ཀིས་ཉག་ཁ་དེ་བརྒྱུད་ནས་ཧོར་གྱི་རྟ་དེད་ནས་སོང་བས་ཨ་དོམ་དེའུ་སྔོན་ནམ་ཨ་དོམ་གོང་ཆེན་ཞེས་ཐོགས་པར་བཞེད། དེའུ་སྔོན་སྡེ་བའི་རྒན་པ་ཚོས་བཤད་པར། སྔོན་ཆད་ཡུལ་དེ་ན་ཧོར་གླིང་གཡུལ་འཁྲུག་སྐབས་ཀྱི་མདའ་ལ་སོགས་པའི་ཤུལ་རྟེན་ཡང་རྙེད་མྱོང་ཟེར།
བཅུ། ཧོར་ཡ་རྩེ་མཁར་དམར།
ཧོར་ཡ་རྩེ་མཁར་དམར་[15]གྱི་མཁར་ཤུལ་དེ་ནི་ཐེམ་ཆེན་རྫོང་མཁར་དམར་ཞང་(快尔玛乡)གི་མངའ་ཁོངས་སུ་གཏོགས་ལ། མཁར་དམར་ཞང་སྡོད་ས་ནས་སྤྱི་ལེ་ཉི་ཤུ་མཚམས་སུ་གནས། མཁར་དམར་ཤང་གི་ས་མིང་དེའང་ཡ་རྩེ་མཁར་དམར་ལས་ཐོགས་པར་བཞེད། ཡ་རྩེ་མཁར་དམར་ཡོད་སའི་གནས་དེ་ནི་བོང་སྟག་དཔོན་ཚང་གོང་མའི་རྩྭ་ས་ཡིན། མཁར་དམར་གྱི་རི་དེར་རྒྱང་རིང་ནས་བལྟས་ཚེ་མཁར་ཆེན་པོ་གྲུ་བཞི་ཞིག་གི་དབྱིབས་དང་མཚུངས། མཐོང་མ་ཐག་མཁར་གཟི་བརྗིད་ལྡན་པ་ཞིག་ཡིན། ཡ་རྩེ་མཁར་དམར་ཞེས་པའི་ས་མིང་འདི་མིང་རྒྱལ་རབས་ཀྱི་དུས་སྐབས་སུ་བྲིས་པའི《མཚོ་སྔོན་ཟིན་ཐོ》(《青海记》)ལས་བྱུང་ཡོད། བོད་ཀྱི་གེ་སར་སྒྲུང་རབས་ཆེན་མོ་ལས་བརྗོད་པ་དང་མིང་དོན་གཅིག་མཚུངས་ཡིན་པར་སྙམ། ས་དེའི་དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན། མཚོ་ནུབ་ཁུལ་ཐེམ་ཆེན་ས་ཆ་ནི་ཧོར་གུར་དཀར་རྒྱལ་བོའི་མངའ་ཁོངས་ཡིན་པར་བཤད་ལ། ཡ་རྩེ་མཁར་དམར་ནི་ཧོར་གུར་དཀར་རྒྱལ་པོའི་མཁར་ཡིན་པར་གྲགས། མཁར་ཤུལ་དེའི་ཉེ་འཁོར་ནའང་གེ་སར་རྒྱལ་པོའི་ཞབས་རྗེས་དང་། རྟ་རྗེས། ཁྱི་རྗེས་ལ་སོགས་པའི་ཤུལ་རྟེན་མང་པོ་ཡོད་པ་དང་། མཁར་ཤུལ་ཡོད་པའི་ཡུལ་དེ་ན་གནའ་བོའི་སོ་ཕག་ལ་སོགས་པའི་ཤུལ་རྫས་འགའ་རེའང་མཐོང་རྒྱུ་ཡོད་པར་འདུག མཁར་ཤུལ་གྱི་མདུན་ན་དྭངས་ཤིང་གཙང་བའི་ཆུ་རྒྱུན་ཆེན་མོ་ཞིག་བཞུར་བཞིན་ཡོད་ཅིང་། ངག་རྒྱུན་ལ་ཧོར་གྱི་བླ་ཆུ་ཧོར་ཆུ་ཁམ་པ་རིང་མོ་ཡིན་པར་སྨྲ།
གཉིས་པ། གེ་སར་སྒྲུང་པའི་སྐོར་བཤད་པ།
བོད་མི་རེའི་ཁ་ནས་སྒྲུང་རེ་ཞེས་པའི་དཔེ་ལྟར་གེ་སར་སྒྲུང་དར་ཡུལ་ཞིག་ལ་མཚོན་ན། གེ་སར་སྒྲུང་གསར་གཏོད་དང་བརྒྱུད་སྤེལ་བྱེད་པའི་སྒྲུང་པ་ནི་མེད་དུ་མི་རུང་བ་ཞིག་ཡིན། བོང་སྟག་ས་ཆར་མཚོན་ནའང་དམངས་ཁྲོད་ནས་ཕུལ་དུ་བྱུང་བའི་སྒྲུང་པ་མང་པོ་ཡོད་པ་ལས་ཚབ་མཚོན་གྱི་རེ་གཉིས་ངོ་སྤྲོད་བྱའོ། །
གཅིག མིང་དུ་གྲགས་པའི་བུད་མེད་སྒྲུང་པ་ཌཱ་ཀི
བུད་མེད་སྒྲུང་པ་ཌཱ་ཀི་ལགས་ནི་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མི་ཡིན། ཁོ་མོས་བཤད་པའི་སྙན་འཇེབས་ཀྱི་སྒྲུང་གི་དབྱངས་རྟ་དེ་ཕྲན་ལོ་ཆུང་པའི་དུས་ནས་ཁྱིམ་གྱི་སྒྲ་ཕབ་ལས་ཐོས་མྱོང་མོད། ཡིན་ཡང་ཁོ་མོ་དང་བཅར་འདྲི་བྱེད་པའི་གོ་སྐབས་མ་ལྡན། ལས་ཀའི་ཆེད་དུ་བདག་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ཐེམ་ཆེན་རྫོང་དུ་ཡོང་ནས་ཁོ་མོ་དང་འཕྲད་པའི་གོ་སྐབས་ལྡན་བྱུང་། ཁོ་མོས་གེ་སར་སྒྲུང་གི་བརྒྱུད་སྤེལ་ཁང་ཞིག་བཙུགས་ནས་ས་དེའི་གེ་སར་རིག་གནས་སྔོག་འདོན་དང་། བརྒྱུད་སྒྲོག དར་སྤེལ་ཆེད་ལ་བྱས་རྗེས་འཇོག་བཞིན་ཡོད། ཁོ་མོ་ནི་སྒྲུང་པའི་རིགས་ལས་བསླབ་སྒྲུང་གི་རིགས་ལ་གཏོགས་ཤིང་། ཁོ་མོ་སྤྱི་ལོ་གཅིག་དགུ་བཞི་བཅུ་ཞེ་བདུན་ལོར་ཐེམ་ཆེན་རྫོང་མཁར་དམར་ཞང་གི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་སྐྱེས། མོ་ཆུང་དུས་ནས་བློ་རིག་པ་རྣོ་ཞིང་ཡིད་འཛིན་གྱི་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡོད། ཁོ་མོས་བཤད་པ་ལྟར་ན། ཆུང་དུས་ནས་ཕྱུགས་ལས་ཀྱི་ཁོམ་སྐབས་སུ་ལོ་ལོན་རྣམས་ཀྱི་བཤད་པའི་སྒྲུང་ལ་ཉན་ཞིང་བསླབ་པ་ཡིན། སྤྱི་ལོ་གཅིག་དགུ་རེ་བཞི་ལོར་རྒྱལ་ཁབ་ཀྱི་ལས་ཀར་ཞུགས་རྗེས་ཀྱང་གེ་སར་སྒྲུང་བཤད་མཚམས་མ་བཞག་པར་སྤྱི་ལོ་གཅིག་དགུ་གྱ་བཞི་ལོར་རྒྱལ་ཡོངས་ཀྱི་གེ་སར་སྒྲུང་བཤད་ལེན་ཚོགས་ཆེན་གྱིས་གདན་འདྲེན་ལྟར། ཁོ་མོས་ཚོགས་ཐོག་ཏུ་ཞུགས་ནས《ཁམས་གསུམ་བདེ་བཀོད》དང་《ཨ་སྟག་ལྷ་མོ》སོགས་སྒྲུང་སྣ་བཤད་དེ་ཚོགས་ཞུགས་མི་སྣས་དགའ་བསུ་ཆེན་པོ་ཐོབ་ཅིང་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པར་བཞེད། སྤྱི་ལོ་གཅིག་དགུ་གྱ་བདུན་ལོའི་ཟླ་དགུ་པར་མཚོ་སྔོན་པོའི་འགྲམ་དུ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གེ་སར་སྒྲུང་གྱེར་བཤད་ཚོགས་འདུ་སྐབས་དང་པོའི་སྟེང་ཨང་དང་པོའི་བྱ་དགའ་བླངས། འབྲེལ་ཡོད་ཀྱི་མི་སྣས་བཤད་པ་ལྟར་ན། ལོ་དེར་ཁོ་མོ་ལོ་བཞི་བཅུ་ཡིན་ལ། སྒྲུང་བཤད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དེ། ཁོ་མོས་བཤད་པའི་སྒྲུང་ཚིག་གསལ་ཞིང་དབྱངས་རྟ་ངག་ལ་བདེ་བ་དང་སྙན་ཆ་ལྡན་པས་ཚོགས་ཤུགས་ཀྱི་ཆེད་མཁས་པ་མང་པོས་བསྟོད་པའི་མཐེ་བོང་བགྲེངས་མྱོང་། རེབ་དེར་ཡུལ་ཤུལ་དང་། མཚོ་ལྷོ། མགོ་ལོག མཚོ་ནུབ་སོགས་ས་ཁུལ་ལས་སྒྲུང་པ་རྒན་དར་གཞོན་གསུམ་མང་པོ་ཞུགས་ཡོད། ཁོ་མོས་ད་ལྟ་བར་དུ་གེ་སར་སྒྲུང་གི་སྒྲ་ཐག་མང་པོ་ཕབ་བསྐྲུན་བྱས་ཟིན། ལྷག་ཏུ་ཨ་སྟག་ལྷ་མོའི་སྒྲ་ཐག་དེར་རོང་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། དུས་ད་ལྟར་ཁོ་མོ་ལོ་ན་བགྲེས་ཡོད་པས། སྒྲུང་པ་སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོབ་བཅས་བྱེད་པ་ནི་འབྲེལ་ཡོད་ལས་ཁུངས་ཀྱི་ཁྲག་ཏུ་བབས་ཡོད་པའི་འོས་འགན་ཡིན་ཞིང། ཁོ་མོས་ཀྱང་བོང་སྟག་ཡུལ་གྱི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཆེད་ལ་བྱས་རྗེས་མི་དམན་པ་བཞག་པ་དང་ལྷན་དུ་ན་གཞོན་སྒྲུང་པ་མང་པོ་བསྐྱེད་སྲིང་བྱེད་བཞིན་ཡོད་པས་འབྲེལ་ཡོད་ཀྱི་ལས་ཁུངས་དག་གིས་ཐུགས་ཁུར་གནང་རྒྱུ་ནི་གལ་ཤིན་ཏུ་ཆེའོ། །
གཉིས། ན་ཆུང་སྒྲུང་བ་ཁོན་རྩེ་རྒྱལ།
ན་ཆུང་སྒྲུང་བ་ཁོན་རྩེ་རྒྱལ[16]་ནི་སྤྱི་ལོ་ཉིས་སྟོང་གཅིག་ལོར་ཐེམ་ཆེན་རྫོང་མི་རི་གྲོང་བརྡལ་(木里镇)གྱི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་སྐྱེས། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་བཞི་བའི་སློབ་མ་ཡིན། ཁོར་ཁྱད་འཕགས་ཀྱི་ཡིད་འཛིན་ལྡན་ཞིང་བློ་རིག་ཀྱང་རྣོ། དེ་མིན་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ལྡན་པར་མ་ཟད། སྒྲུང་གི་དབྱངས་རྟའང་མང་པོ་ཞིག་ཀྱང་བློར་ཆུད་ཡོད། ཁོར་བཅར་འདྲི་བྱེད་སྐབས་ཁོས་བཤད་རྒྱུར། རང་གེ་སར་སྒྲུང་བཤད་རྒྱུར་དགའ་བ་དེ་ཞང་བོའི་རྐྱེན་ཐེབས་སོང་ཡིན་ཟེར། ཁོས་སློབ་ཆུང་ལོ་རིམ་གསུམ་པ་ནས་གེ་སར་སྒྲུང་བཤད་འགོ་བརྩམས། དུས་རྒྱུན་དམངས་ཁྲོད་ཀྱི་དགའ་སྟོན་དང་ཡང་ན་སློབ་གྲྭའི་བྱ་འགུལ་གང་རུང་ལས་ཁོའི་སྒྲུང་ཐོས་ཐུབ་པས། སློབ་གྲོགས་རྣམས་ཀྱིས་ཁོར་སྒྲུང་བ་ཆུང་ཆུང་ཞེས་པའི་མཚན་སྙན་གནང་ཡོད་དེ། སློབ་གྲྭའི་རྭ་བའི་ནང་མིང་གྲགས་ཡོད་པ་ཞིག་ཏུ་གྱུར་ཡོད་དོ། །
གསུམ་པ། གེ་སར་ཟློས་གར་བཤད་པ།
གེ་སར་ཟློས་གར་ནི་གེ་སར་རིག་གནས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ཤིག་དང་། ཡང་ན་དཔའ་བོའི་ལོ་རྒྱུས་རྗེས་དྲན་དང་། ཚོགས་པའམ་མི་འགས་དཔའ་བོའི་ལོ་རྒྱུས་དེ་ལུས་ཀྱི་སྟངས་སྟབས་དང་ངག་གི་དབྱངས་རྟ་ལས་མངོན་པར་མཚོན་པའི་རྣམ་པ་ཞིག་ཡིན། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་འགྱུར་ལྡོག་བྱུང་བའི་གོམ་འགྲོས་དང་བསྟུན་ནས་གེ་སར་སྒྲུང་རབས་འདིའི་བརྒྱུད་སྤེལ་གྱི་རྣམ་པའང་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། གེ་སར་སྒྲུང་མྱུར་སྐྱོབ་དང་། སྔོག་འདོན། དག་སྒྲིག པར་བསྐྲུན། ཞིབ་འཇུག་བཅས་བྱ་བ་ལས་གཞན། རང་ས་གནས་དང་ཡང་ན་དགོན་པའི་ཁྱད་ཆོས་དང་བསྟུན་ནས་རིག་གནས་ཀྱི་བྱ་འགུལ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་མཆིས་ལ། ལྷག་པར་དུ་གེ་སར་སྒྲུང་བརྒྱུད་སྤེལ་གྱི་རྣམ་པ་འགྱུར་ལྡོག་བྱུང་སྟེ་ཟློས་གར་གྱི་ལམ་ནས་གེ་སར་སྒྲུང་མངོན་པར་མཚོན་བཞིན་གདའ། འདིའང་གེ་སར་རིག་གནས་མངོན་པར་མཚོན་བྱེད་ཀྱི་ལམ་བུ་གསར་བ་ཞིག་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་འདོད། གེ་སར་ཟློས་གར་ལའང་དགོན་པའི་གེ་སར་འཆམ་དང་གར་སྟེགས་ཀྱི་གེ་སར་ཟློས་གར་བཅས་རིགས་གཉིས་ཡོད་ལ། བོང་སྟག་ཡུལ་ལ་མཚོན་ནའང་རང་ས་གནས་ཀྱི་ཁྱད་ཆོས་དང་བསྟུན་ནས་གར་སྟེགས་ཀྱི་གེ་སར་ཟློས་གར་ཞིག་འཁྲབ་སྟོན་བྱས་ཡོད་པ་འདི་ལྟ་སྟེ། ཐེམ་ཆེན་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་མཛད་ཀྱང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པས་འཁྲབ་སྟོན་བགྱིས་པའི《ལྷ་རྟ་རྐྱང་རྒོད》ཞེས་པའི་གེ་སར་ཟློས་གར་ཆེན་མོ་ཞིག་ལེགས་འགྲུབ་གནང་ཡོད། ཟློས་གར་འདི་བོང་སྟག་ཡུལ་དུ་ཁྱབ་པའི་གེ་སར་ངག་རྒྱུན་ཞིག་དང་འབྲེལ་ནས་སྒྲིག་འཁྲབ་བྱས་འདུག དེ་ནི་བླ་རི་གངས་དཀར་ཕྱོགས་ལས་ཀྱི་ཡུལ་དེ་བདུད་ཀྱིས་བཙན་བཟུང་བྱས་ཡོད་པས། གེ་སར་རྒྱལ་པོ་ཡུལ་དེར་སོང་སྟེ་བདུད་རྒྱལ་བཏུལ་ནས་འབངས་མི་ཐམས་ཅད་སྡུག་བསྔལ་ལས་བསྐྱབས་ཏེ་བདེ་ལ་བཀོད་ཞིང་ཕྱིར་རང་ཡུལ་དུ་ལོག་པའི་གཏམ་རྒྱུད་དེ་རྒྱབ་ལྗོངས་བྱས་ནས་སྒྲིག་པའི་གར་སྟེགས་ཀྱི་གེ་སར་ཟློས་གར་ཞིག་ཡིན། བསྡོམས་པའི་འཁྲབ་ཚན་ལྔ་ཡོད་དེ། རིམ་བཞིན་ལྷ་ཕྲུག་མི་ཡུལ་དུ་སླེབས་པ་དང་། ཧོར་གླིང་གཡུལ་འཁྲུག སྐྱེ་འགྲོ་སྐྱོབས་པ། ལྷ་རྟ་འཚོལ་བ། བཀྲ་ཤིས་རྟ་མཆོག་གི་ཕ་ས་བཅས་ཡིན། མི་སྣ་གཙོ་བོ་དགུ་བྱུང་ཡོད་པ། གླིང་རྗེ་གེ་སར་རྒྱལ་པོ་དང་། སེང་ལྕམ་འབྲུག་མོ། ཨ་ཁུ་ཁྲོ་ཐུང་། སྤྱི་དཔོན་རོང་ཚ་ཁྲ་རྒན། ཚ་ཞང་འདན་མ། གསེར་བའི་ཉི་འབུམ་དར་ཡག ཨ་ནུ་དཔའ་སེང་། མི་སྤྱང་རིན་ཆེན་དར་ལི་བཅས་ཡིན་ནོ། །
བཞི་བ། གེ་སར་རྗེས་དྲན་གྱི་ལབ་ཙེ་དང་བསང་མཆོད་སྐོར་བཤད་པ།
གཅིག གེ་སར་རྒྱལ་པོའི་ལབ་ཙེ།
བོང་སྟག་ས་ཆར་མཚོན་ན་དམངས་ཁྲོད་དུ་ལབ་ཙེ་མང་པོ་ཞིག་བསྟད་ཡོད་དེ། དཔེར་ན། བྲག་སེར་ལབ་ཙེ་དང་། གངས་དཀར་ཕྱོགས་ལས་ལབ་ཙེ། བཀྲ་ཤིས་འབྱུང་གནས་སམ་རྟ་མཆོག་ལབ་ཙེ། གཡའ་རིའི་ལབ་ཙེ། གཟིག་ལྡན་ལབ་ཙེ། དགྲ་འདུལ་ལབ་ཙེ། དབོ་ཡུལ་རི་མཆོར་ལབ་ཙེ། ཨའུ་རྩའི་རི་མཆོར་ལབ་ཙེ། ཆའོ་ནའོའི་དཔལ་དེའུ་ཡག་གི་སེང་ཆེན་ལབ་ཙེ། གེ་སར་ལབ་ཙེ་དང་སྒྲོལ་མའི་ཀ་བཞི་ལབ་ཙེ། མེ་རུའི་གེ་སར་ལབ་ཙེ། ཚཱ་ཧན་ཐོ་ལོག་གི་ལབ་ཙེ་སོགས་མང་པོ་ཞིག་འདུག་ལ། ལྷག་ཏུ་བརྗོད་གཞི་འདི་དང་འབྲེལ་བའི་གླིང་རྗེ་གེ་སར་རྒྱལ་པོའི་མཛད་འཕྲིན་རྗེས་དྲན་གྱི་ཆེད་དུ་མེ་རུའི་གེ་སར་ལབ་ཙེ་དང་། ཆའོ་ནའོའི་དཔལ་དེའུ་ཡག་གི་སེང་ཆེན་ལབ་ཙེ།[17] གེ་སར་ལབ་ཙེ་དང་སྒྲོལ་མའི་ཀ་བཞི་ལབ་ཙེ། ཅུང་ཆུ་ཡུལ་གྱི་གེ་སར་རྒྱལ་པོའི་ལབ་ཙེ་བཅས་ལབ་ཙེ་མང་པོ་བཞེངས་ཡོད་དེ། གཤམ་དུ་རེ་གཉིས་ཀྱི་མཚམས་སྦྱོར་འགོད་རྒྱུ་ཡིན།
1.མུ་རུའི་གེ་སར་ལབ་ཙེ་ནི་ཐེམ་ཆེན་རྫོང་ནས་སྤྱི་ལེ་བརྒྱ་དང་བདུན་ཅུ་མཚམས་ཀྱི་མུ་རུ་གྲོང་བརྡལ་(木里镇)གྱི་མངའ་ཁོངས་སུ་ཡོད། ས་དེའི་ཡུལ་མི་ཚོས་གེ་སར་རྒྱལ་པོ་རྗེས་དྲན་གྱི་ཆེད་དུ་བསྟད་པའི་ལབ་ཙེ་ཡིན་པར་བཤད། ལབ་ཙེ་མདུན་དུ་བཀའ་འགྱུར་བརྐོས་ཡོད་པའི་རྡོ་གྱང་བསྒྲིགས་ཡོད་ཅིང་། ལོ་རེའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ས་དེའི་མང་ཚོགས་རྣམས་མཉམ་གཅིག་ཏུ་འཛོམས་ཏེ་ལབ་ཙེ་བསྟོད་པ་དང་བསང་མཆོད་རྒྱ་ཆེན་པོ་བསྒྲུབས་པའི་སྲོལ་ཡོད།
2.ཆའོ་ནའོའི་དཔལ་དེའུ་ཡག་གི་སེང་ཆེན་ལབ་ཙེ་ནི་ཐེམ་ཆེན་རྫོང་སེང་གེ་ཞང་(生格乡)རུ་ཁག་གཉིས་པའི་མངའ་ཁོངས་སུ་གཏོགས། ཆའོ་ནའོ་ཞེས་པ་ནི་སོག་སྐད་ཡིན་ཞིང་སྤྱང་ཀི་ཞེས་པའི་དོན་ཡིན། བོད་སྐད་དུ་དཔལ་དེའུ་ཡག་ཅེས་པར་བཏགས་ཡོད། སྤྱི་ལོ་གཅིག་དགུ་གོ་དགུ་ལོར་རྩྭ་ས་བགོ་བའི་སྐབས་སུ་གསར་དུ་བཞེངས་པའི་ལབ་ཙེ་ཞིག་ཡིན། སེང་གེ་ཞང་རུ་ཁག་གཉིས་པ་སྟེ་འོ་ལུང་སྡེ་བ་(奥龙村)དེ་ནི་ཨ་རྒུ་ཚོ་བའི་ཡུལ་མི་ཡིན་པར་བཞེད་ལ། ཞང་ཆགས་སའི་ཡུལ་ནས་སྤྱི་ལེ་ཉེར་བརྒྱད་མཚམས་ཀྱི་དཔལ་དེའུ་ཡག་རི་མགོར་བཞེངས་འདུག ཡུལ་དེའི་མང་ཚོགས་ཚེ་དབང་ཀྱིས་བཤད་པར། སེང་ཆེན་ལབ་ཙེ་ནི་ཡུལ་དེར་ན་ཚ་མུ་གེ་མང་པོ་བྱུང་བའི་སྟབས་ཀྱིས། སྡེ་བས་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པའི་བཅའ་བ་བསྒྲུབ་པ་དང་མཉམ་དུ་འབྲུག་ཁྱུང་དགོན་པའི་དགོན་བདག་ཨ་ཁུ་ཀུན་བཟང་གྲགས་པ་སོགས་གདན་འདྲེན་བྱས་ནས་ལབ་ཙེ་བཏབ་པ་ལགས། ལབ་ཙེའི་རྟེན་དུ་གེ་སར་གྱི་སྲོག་ཤིང་། གླིང་གི་བླ་རྡོ། གླིང་གི་འུར་ཆ་སོགས་རྟེན་ཐམས་ཅད་བཞག་ཡོད། ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ལབ་ཙེ་བསྟོད་པའི་སྲོལ་ཞིག་ཆགས་འདུག
གཉིས། གེ་སར་དང་འབྲེལ་བའི་གསོལ་མཆོད།
བོང་སྟག་ཡུལ་དུའང་དམངས་ཁྲོད་ཀྱི་གསོལ་མཆོད་མང་པོ་འདོན་བཞིན་ཡོད་པ། གོང་དུ་བརྗོད་པའི་ལབ་ཙེ་རེ་ལ་བསང་མཆོད་ཀྱང་རེ་རེ་ཡོད། དཔེར་ན། ཨ་མྱེས་རྨ་ཆེན་གྱི་བསང་མཆོད་དང་། དཔལ་ལྡན་ལྷ་མོ་རེ་མ་ཏུའི་གསོལ་མཆོད། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བསང་མཆོད། དམ་ཆེན་རྡོ་རྗེ་ལེགས་པའི་མཆོད་པ། གཟའ་རྒོད་མཆོད་པ། གནོད་སྤྱིན་ཙི་དམར་གྱི་གསོལ་མཆོད་འཛམ་གླིང་གེ་སར་རྒྱལ་པོའི་བསང་མཆོད། མ་ཨ་ནེ་གོང་སྨན་རྒྱལ་མོའི་མཆོད་པ་སོགས་ཡོད། ཡུལ་འདིར་ཁྱབ་པའི་གེ་སར་གྱི་མཆོད་པ་ལ། ཡེ། འཛམ་གླིང་གེ་སར་རྒྱལ་པོ། །སྐུ་མཆོག་ནོར་བུ་དགྲ་འདུལ། །གླིང་གི་དཔལ་རྟུལ་སུམ་ཅུ། །འཛམ་གླིང་གསུང་གི་སྤྲུལ་བ། །གསུང་མཆོག་ནོར་བུ་དགྲ་འདུལ། །འཛམ་གླིང་ཐུགས་ཀྱི་སྤྲུལ་བ། །ཐུགས་མཆོག་ནོར་བུ་དགྲ་འདུལ། །ཕོ་ལྷ་དང་དགྲ་ལྷ་མཆོད། །ཟས་ལྷ་དང་གྲོགས་ལྷ་མཆོད། །མགོ་ཡི་ལྷ་ལྔ་མཆོད། །རླུང་རྟ་སྡེ་བཞི་མཆོད། །དགྲ་ལྷ་བཅུ་གསུམ་མཆོད། །[18]ཅེས་པ་དང་། མ་ཨ་ནེ་གོང་སྨན་རྒྱལ་མོའི་མཆོད་པ་ལ་ཡང་། ཡེ། ཨ་ནེ་གོང་སྨན་རྒྱལ་མོ། །བྱང་ཤར་མུ་ཀླས་གཏིང་གི་མཚོ་ནང་ན་བཞུགས་ནི། །འབྱུང་བ་མེ་རླུང་འཚུབ་པའི་གདན་སྟེང་ན་བཞུགས་ནི། །ནངས་སྔ་མོར་དྲེའུ་དམར་རྔོག་སྐྱ་འཆིབ་ནི། །དགུང་ཕྱི་དྲོར་རླུང་ནག་འཚུབ་མ་འཆིབ་ནི། །ལྷ་རིགས་ཉིས་ཁྲི་དགུ་འབུམ། །ཀླུ་རིགས་ས་ཡ་དུང་ཕྱིར། །ཨ་ནེ་གོང་སྨན་རྒྱལ་མོ། །བཙན་པོའི་ཁ་གནོན་བྱེད་དགོས། །གཉོམ་ཆུང་གི་རྒྱབ་རྫི་བྱེད་དགོས། །རྒྱུ་ནོར་གྱི་སྦྱིན་པ་གཏོང་དགོས། །ཅེས་མ་ཨ་ནེ་གོང་སྨན་རྒྱལ་མོའི་མཆོད་པ་འདིའང་ཡུལ་དེར་ཁྱབ་དང་ཁྱབ་བཞིན་མཆིས།
གསུམ། འཛམ་གླིང་བསེ་མཁར།[19]
འཛམ་གླིང་བསེ་མཁར་ནི་ཐེམ་ཆེན་རྫོང་ཐོག་ནས་སྤྱི་ལེ་བདུན་ཅུ་དོན་གསུམ་གྱི་འབྲུག་ཁྱུང་ཞང་(舟群乡)གི་མངའ་ཁོངས་སུ་གནས། ཡུལ་དེའི་མིང་དུ་གྲགས་པའི་འབྲུག་ཁྱུང་དགོན་གྱི་མདུན་ཕྱོགས་སུ་བཞེངས་ཡོད།《རྫོགས་ལྡན་ཞིང་གི་སྨོན་ལམ》ལས། གནས་ཆེན་བཀྲ་ཤིས་འབྱུང་གནས་ཤར་ཕྱོགས་ན་ཁྲ་བོར་ཆེ་ཆུང་གཉིས། དགེ་བསྙེན་རྡོ་རྗེ་འབར་བ། དྲག་རྒྱལ་རྡོ་རྗེ་ཐོག་རྒོད། ཤར་ལྷོའི་མཚམས་སུ་གསེར་ཉ་ཁ་སྤྲོད། འཛམ་གླིང་བསེ་མཁར། ལྷོ་ཕྱོགས་སུ་སྨག་དབུ་ཤིང་། བསེ་གླང་ཁ་སྤྲོད། བྲག་གི་རྔ་མོང་། དུང་གི་དངུལ་དཀར་སྒྲོལ་མ། རྫ་རི་ནགས་རྫོང་ཕྱུག་མོ།[20]ཞེས་འབྲུག་ཁྱུང་དགོན་གྱི་མཚམས་སྦྱོར་ལས་དེ་ཤར་ལྷོའི་མཚམས་ན་འཛམ་གླིང་བསེ་མཁར་ཡོད་པ་བསྟན་ཡོད། བཤད་རྒྱུན་ལ་འབྲུག་ཁྱུང་དགོན་མདུན་གྱི་མཁར་དེ་ནི་དམངས་ཁྲོད་དུ་འཛམ་གླིང་བསེ་མཁར་ཞེས་པར་འབོད། བསེ་མཁར་ཡོད་ས་དེ་ནི་ནག་བཟའ་སྡེ་བའི་རྩྭ་ས་ཡིན་ལ། སྤྱི་ལོ་གཅིག་དགུ་གོ་བརྒྱད་ལོར་རྫོགས་ཆེན་སྤྲུལ་སྐུ་པདྨ་སྐལ་བཟང་འབྲུག་ཁྱུང་དཔལ་ཁ་རྒྱས་པ་ནག་བཟའ་སྡེ་བར་ཕེབས་ནས་སྡེ་བའི་ཕོ་ལྷ་དགྲ་ལྷ་ཉམས་འདུག་ཟེར་བ་དང་། མི་ལ་ན་ཚ་མེད་པ་ཕྱུགས་ལ་གོད་ཁ་མེད་པའི་བཅའ་བ་བསྒྲུབས་ཏེ་བཞེངས་པའི་མཁར་ཡིན། ཡུལ་དེ་ནས་ཡིན་པའི་བཀྲ་ཤིས་རྒྱལ་[21]གྱིས་བཤད་པ་ལྟར་ན། འཛམ་གླིང་བསེ་མཁར་བཞེངས་སའི་ས་ནི་དཔལ་ས་ཐོབ་དགོན་པའི་དགོན་བདག་བླ་མ་ཉི་མ་རྒྱལ་མཚན་དང་། འབྲུག་ཁྱུང་དགོན་པའི་དགོན་བདག་བླ་མ་ཀུན་གྲགས། ནག་བཟའ་སྡེ་བའི་སྡེ་དཔོན་ཕུར་ཁོ་བཅས་ཀྱིས་ས་དཔྱད་ལ་བརྟག་ཅིང་གཏན་ལ་ཕབ། ས་དཔྱད་ལ་བརྟག་པའི་ཉིན་དེར་ཡུལ་དེ་ན་རྟའུ་རྐྱང་རྐྱང་ཞིག་ཀག་ཏུ་ལངས་ནས་མཚེར་སྐད་སྒྲོག་པ་རྟེན་འབྲེལ་དུ་བརྟག་ནས་གནས་དེར་འཛམ་གླིང་བསེ་མཁར་བཞེངས་པ་དང་། རྟའུ་རྐྱང་རྐྱང་དེ་གླིང་རྗེ་གེ་སར་རྒྱལ་པོའི་བཅིབས་པ་ངེས་བཟུང་ནས་ཚེ་ཐར་ལ་བཏང་། བསེ་མཁར་གྱི་གཙོ་སྐུ་ལ་གེ་སར་རྒྱལ་པོ་བཞེངས་པ་དང་ནང་རྟེན་དུ་གེ་སར་གྱི་གསོལ་མཆོད་སོགས་དཔེ་ཆ་ཉེར་བཞི་ལྷག་དང་རྟེན་དང་རྫས་སྣ་མང་འདུས། བསེ་མཁར་གྱི་ཏོག་ནི་རྒྱ་ཕིབས་ཀྱི་རང་བཞིན་ཡིན་པར་བཤད། འཛམ་གླིང་བསེ་མཁར་འགྲུབ་པའི་ཉིན་མོར་ཡུལ་མི་ཁྱིམ་ཚང་རེ་རེར་གེ་སར་གསོལ་འདེབས་དགའ་ལྷ་དགྱེས་པའི་མཆོད་སྤྲིན་དང་གེ་སར་བསྐང་བསྡུས་བཀྲམ་པ་དང་། ཡུལ་དེར་གེ་སར་རྟ་རྒྱུག་འགྲན་ཚོགས་རྒྱ་ཆེན་པོ་སྤེལ་ཞིང། འགྲན་བསྡུར་སྟེང་ཁམས་ཕྱོགས་སུ་དར་རྒྱ་ཆེ་བའི་ཞོ་སྒ་ལེན་པའི་[22]རྩེད་མོའང་རྩེ་མྱོང་བར་བཤད། དེ་ནས་བཟུང་ཧོར་ཟླ་ལྔ་བའི་ཚེས་བཞི་ཉིན་ནག་བཟའ་སྡེ་བའི་ཡུལ་མི་མཉམ་འཛོམས་བྱུང་ནས་འཛམ་གླིང་བསེ་མཁར་བསྟོད་པ་དང་ལོ་རེར་གནས་དེར་གེ་སར་རྟ་རྒྱུག་བྱེད་པའི་སྲོལ་ཞིག་ཀྱང་ཆགས་ཡོད་དོ། །
མཇུག་སྡུད་པ།
བོང་སྟག་ཡུལ་གྲུ་འདིར་མཚོན་ན། བོད་མིས་ས་འཛིན་གྱི་བདག་པོ་བྱས་ནས་རང་མི་རིགས་ཀྱི་རིག་གནས་མང་པོ་ཞིག་འཛིན་སྐྱོང་མཛད་ཀྱང། དེ་ལས་ཀྱང་གེ་སར་རིག་གནས་རི་ལུང་གང་དུ་ཁྱབ་འདུག ཡུལ་དེའི་སྐྱེས་པ་ཕོ་མོ་སུ་ཡིན་ཡང་གེ་སར་སྒྲུང་དང་འབྲེལ་བའི་གནས་ཚུལ་ལ་ཆ་ཡོད་ཅིང་། དེ་མིན་ས་དེའི་ཡུལ་ཕྱོགས་ཀུན་ཏུ་གེ་སར་སྒྲུང་དང་འབྲེལ་བའི་རི་ཆུ་ནགས་གསུམ་གྱི་མིང་འབྱོར་མོ་བཏགས་ནས་འབྲེལ་ཡོད་ཀྱི་གཏམ་རྒྱུད་དང་ངག་རྒྱུན་སྦྱར་ཡོད། དམངས་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ཀྱང་སྲུང་སྐྱོབ་ཐོབ་ཡོད། ཡིན་ཡང་མི་སྒེར་དང་གཞུང་གི་ལས་ཁུངས་སུས་ཀྱང་གེ་སར་རིག་གནས་འདི་འཚོལ་སྡུད་དང་དག་སྒྲིག་བྱས་མ་མྱོང་བས་ཐ་ཐོར་ཏུ་སོང་འདུག ཡང་ན་སྤྱི་ཚོགས་འཕེལ་རྒྱས་དང་། འཚོ་བའི་འཕོ་འགྱུར། ཁོར་ཡུག་བརྡ་འཕྲིན་ཅན་དུ་གྱུར་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྐོར་ཞིག་དེང་རབས་རིག་གནས་ཀྱིས་ཚབ་བྱས་ཏེ་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་མཆིས་པས། ཕྲན་གྱི་འཚོལ་སྡུད་དང་རྟོག་དཔྱོད་ཐུང་ངུ་འདི་ལས་ཡུལ་གྲུ་འདིའི་གེ་སར་རིག་གནས་ལས། སྒྲུང་པ་དང་། ངག་རྒྱུན་ཤུལ་རྟེན། གསོལ་མཆོད་སོགས་དོན་ཚན་བཞི་སྒོ་ནས་མཚམས་སྦྱོར་དང་དབྱེ་ཞིབ་བགྱིས་ཡོད་ལ། འདིས་བོང་སྟག་ཡུལ་གྱི་གེ་སར་རིག་གནས་ལ་སྔོག་འདོན་དང་། མྱུར་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་ཀྱི་ནུས་པ་ཅུང་ཟད་ཨེ་ཐོན་སྙམ་ནས་རྩོམ་འདི་སྤེལ་བ་ལགས།
མཆན་འགྲེལ་དང་ཟུར་བལྟའི་དཔྱད་གཞི།
[①]《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》བོང་སྟག་ཕུན་ཚོགས་ཀྱིས་བརྩམས། 2011ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས54ན་གསལ།
[②] བཞའ་ནི་མགུར་དང་གླུ་གཞས་གཉིས་ཀྱི་བར་དུ་ཡོད་པའི་གྱེར་ཆོག་པའི་གླུ་ཚིག་ཞིག་རེད།
[③] 《བོང་སྟག་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》ཕུན་ཚོགས་ཀྱིས་བརྩམས། 1994ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས25ན་གསལ།
[④]《辽宁历史遗迹的保护和利用研究》田晶著,《学理论》2014年05期.
[⑤]2015ལོའི་ཟླ6པའི་ཚེས15ཉིན་ཐེམ་ཆེན་རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་ལས་གྲོགས་བསོད་ནམས་དབང་ཕྱུག་གི་མཚམས་སྦྱོར་ལས་སྤྲུལ་སྐུ་བློ་བཟང་བསོད་ནམས་སྙན་གྲགས་དང་། ཨ་ཁུ་རྡོ་རྗེ་བྱམས། ཨ་ཁུ་རྟ་མགྲིན་ཚེ་རིང་བཅས་ཀྱིས་ལམ་ཁྲིད་ལ་བརྟེན་ནས་གེ་སར་རྒྱལ་པོའི་བསང་ཁྲི་དང་། གཏོར་མ་འཕངས་སའི་གཏོར་རྐེད། གེ་སར་རྒྱལ་པོའི་མཚམས་ཁང་བཅས་ངག་རྒྱུན་ཤུལ་རྟེན་འཚོལ་ཏུ་སོང་བ་ཡིན།
[⑥] ས་དེའི་ཡུལ་མི་རྟ་མགྲིན་ཚེ་རིང་གིས་སྡེ་བ་འདི་ལ་སྔོན་ཆད་དགྲ་འདུལ་སྡེ་བ་ཟེར་ཞིང། རྗེས་ནས་ཆུ་ལུང་སྡེ་བ་ཞེས་བཏགས་པར་བཞེད།
[⑦] 2015ལོའི་ཟླ8པའི་ཚེས25ཉིན་ཐེམ་ཆེན་རྫོང་རིག་གནས་ཅུའུ་ཡི་གྲོགས་པོ་སྐལ་བཟང་རིན་ཆེན་གྱིས་ལམ་ཁྲིད་དང་འགྲོ་རོགས་ལས་ཅོང་ཆུ་ཡུལ་གྱི་འབྲུག་མོའི་སྒྱེད་གསུམ་དང་། སྒྱེད་གསུམ་བང་ཁ། གེ་སར་རྟ་ཕུར། གེ་སར་མཎྟལ། གླིང་གི་སོ་དེའུ་སོགས་ངག་རྒྱུན་ཤུལ་རྟེན་འཚོལ་དུ་སོང་བ་ལགས།
[⑧] གོ་ན་དགོན་པ་ལྷུན་གྲུབ་དགེ་འཕེལ་གླིང་ནི་སྤྱི་ལོ1886ལོར་བཙུགས། དེང་སྐབས་དགོན་པའི་ནང་རྟེན་གཙོ་བོ་ལ་སྟོན་པ་གཙོ་འཁོར་གསུམ་དང་རྗེ་ཡབ་སྲས་གསུམ། རྒྱན་དྲུག་མཆོག་གཉིས། ཚེ་ལྷ་རྣམ་གསུམ་གྱི་ཟངས་སྐུ་བཅས་སྐུ་འདྲ་མང་པོ་ཡོད།
[⑨] ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་རུ་ཁག་དྲུག་པའི་ཕག་མོ་བཀྲ་ཤིས་ཀྱིས་འཚོལ་སྡུད་བྱས།
[⑩] ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་རུ་ཁག་དྲུག་པའི་ཕག་མོ་བཀྲ་ཤིས་ཀྱིས་འཚོལ་སྡུད་བྱས།
[11] 2014ལོའི་ཟླ5བའི་ཚེ13ཉིན་དང་། 2015ལོའི་ཟླ5པའི་ཚེས2ཉིན། 2015ལོའི་ཟླ8བའི་ཚེས26ཉིན། 2015ལོའི་ཟླ10བའི་ཚེས30ཉིན་བཅས་ཐེངས་བཞི་ལ་ཡུལ་དངོས་རྟོག་དཔྱོད་དུ་སོང་བ་ཡིན།
[12] 《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》བོང་སྟག་ཕུན་ཚོགས་ཀྱིས་བརྩམས། 2011ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས67ནས་68བར་ན་གསལ།
[13] 2014ལོའི་ཟླ5བའི་ཚེས13ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་དབང་གྲགས་དང་། བསོད་རྒྱལ་འབུམ། འབྲུག་མོ། དབང་མོ་འཚོ། དབང་ཆེན་ཚེ་རིང་བཅས་མི་ལྔ་ལས་གྲུབ་པའི་རྟོག་དཔྱོད་ཚན་ཆུང་ཡུལ་དེར་ཐོན་ནས་རྟོག་དཔྱོད་བྱས།
[14]《本土文化的扭曲与变形》阿顿·华多太著,《柴达木开发研究》2010年第4期,P47.
[15] 2014ལོའི་ཟླ5བའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ལྔ་ལས་གྲུབ་པའི་རྟོག་དཔྱོད་ཚན་ཆུང་གིས་ཡུལ་དངོས་ནས་རྟོག་དཔྱོད་བྱས།
[16] 2015ལོའི་ཟླ7པའི་ཚེས3ཉིན་ཐེམ་ཆེན་རྫོང་དཔལ་ཡོན་གཞུང་ལས་ཁང་གི་འགོ་གཙོ་གུ་རུ་བྱང་ཆུབ་ཀྱིས་མཚམས་སྦྱོར་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་སྒྲོལ་མའི་རོགས་རམ་ལ་བརྟེན་ནས་བཅར་འདྲི་བྱས།
[17] 2015ལོའི་ཟླ9པའི་ཚེས23ཉིན་མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གི་གསར་འགོད་པ་བོང་སྟག་རི་ལི་ལ་སྐད་འཕྲིན་བརྒྱུད་ནས་བཅར་འདྲི་ལས་ཐོག་དང་པོའི་མཚམས་སྦྱོར་འབྱོར། ཉིན་དེའི་ཕྱི་དྲོ་བོང་སྟག་རི་ལིའི་མཚམས་སྦྱོར་ལས་ས་དེའི་ཡུལ་མི་ཚེ་དབང་ལ་ཁ་པར་གྱི་ལམ་ནས་བཅའ་འདྲི་བྱས།
[18] 《བོང་སྟག་གཡུ་ལྗོངས་ཕྱུག་མོའི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ་གྱི་གསེད་བཀྲོལ》བོང་སྟག་ཕུན་ཚོགས་ཀྱིས་བརྩམས། 2011ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས599ན་གསལ།
[19] 2015ལོའི་ཟླ9པའི་ཚེས23ཉིན་ཐེམ་ཆེན་རྫོང་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་བཀྲ་ཤིས་རྒྱལ་གྱི་མཚམས་སྦྱོར་དང་རྒྱུ་ཆ་འདོན་སྤྲོད་ལས་ལེགས་འགྲུབ་བྱུང་།
[20] 《རྫོགས་ལྡན་ཞིང་གི་སྨོན་ལམ》འབྲུག་ཁྱུང་དགོན་པ་དང་འབྲེལ་བའི་གནས་རྟེན་བྱིན་རླབས་ཅན་གྱི་མཚམས་སྦྱོར་བསྡུས་པ། རིག་འཛིན་པདྨ་ཀུན་བཟང་གྲགས་པས་བརྩམས། ནང་ཁུལ་གྱི་ཡིག་ཆ། ཤོག་ངོས9ན་གསལ།
[21] ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་ནག་བཟའ་སྡེ་བའི་མི་ཡིན། དེང་ཐེམ་ཆེན་རྫོང་དྲིལ་སྒྲོག་པུའུ་གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པའི་འགན་བཞེས་ཡོད།
[22] ཞོ་སྒ་ལེན་པ་ནི་དབུས་གཙང་ཡུལ་དུ་དར་བའི་རྩེད་མོའི་རྣམ་པ་ཞིག་ཡིན་པར་བཞེད་ལ། མཚོ་སྔོན་པོ་བོང་སྟག་ཡུལ་དུ་ཐང་བདེ་མོ་ལ་གླང་སྒ་ཞིག་འཇོག་པ་དང་། དེའི་མདུན་གྱི་ཐང་ལ་ཞོ་བླུག་སྟེ་དེའི་སྟེང་སིལ་ཏོག་བཞག་ནས་ལག་པ་གཉིས་གླང་སྒ་སྟེང་ལ་བརྟེན་ནས་མགོ་གཞུག་གི་ཀེར་ལངས་ཏེ་ཁ་ཡིས་ཞོ་སྟེང་གི་སིལ་ཏོག་ལེན་པའི་རྩེད་མོ་ཞིག་ཡིན། གཞན་མཚོ་སྔོན་ཡུལ་ཤུལ་དུ་དབྱར་ཟླ་བདུན་པའི་རྟ་རྒྱུག་སྐབས་སུ་རྩེད་མོ་འདི་རྩེ་ལ། རྩེད་མོའི་མིང་ལ་སྒ་ཞོ་ལྡག་པའམ་སྒ་ཞོ་ལེན་པ་ཟེར།