༄༅།། རྒྱུན་དུ་རྣ་སྐྱག་དྲུས་ན་རྣ་བའི་ཉན་ནུས་ལ་གནོད།
ཚེ་འཛིན་སྒྲོལ་དཀར་གྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12
ཁྱོད་ཀྱིས་རྣ་ལ་ཟ་འཁྲུག་ལངས་དུས་ཅི་ཞིག་བྱ་ངེས་ཡིན། མི་མང་ཆེ་ཤོས་ཀྱིས་སྲིང་བལ་དབྱུག་གུ་བཀོལ་ཏེ་རྣ་ནང་དུ་བཏང་ནས་རྣ་སྐྱག་ལེན་ངེས་ཡིན་པར་མ་ཟད། རྣ་སྐྱག་ལངས་ཚར་དུས་ད་གཟོད་ཚོར་སྣང་ཞིག་ལ་སྐྱོན་མེད་པར་ངོས་བཟུང་ཡོད། གལ་ཏེ་ཁྱོད་ཀྱིས་རྒྱུན་པར་འདི་ལྟར་བྱ་རྒྱུ་ཡིན་ན། ཁྱོད་ཀྱིས་ངེས་པར་དུ་གོམས་གཤིས་འདི་བསྒྱུར་ན་བཟང་། རྣ་བ་ནི་མིའི་དབང་པོ་གལ་ཆེ་ཞིག་ཡིན། རྣ་སྐྱག་འདྲུ་དུས་ཡིད་གཟབ་མ་བྱས་ན་ཉན་ནུས་ལ་གནོད་པ་ཆེན་པོ་སྐྱེ་སྲིད།
རྣ་སྐྱག་གི་འབྱུང་ཁུངས།
རྣ་སྐྱག་ཅེས་པ་ནི་རྣ་བའི་ནང་གི་ཟགས་ཐོན་དངོས་རྫས་དང་ཐལ་བ། དེ་མིན་སྐོགས་ལྤགས་སོགས་མཉམ་དུ་བསྲེས་ནས་འབྱུང་པའི་དངོས་པོ་ཞིག་ལ་གོ། རྣ་སྐྱག་ལ་སྐམ་པོ་རང་བཞིན་གྱི་རྣ་སྐྱག་དང་སྣུམ་ཚིལ་རང་བཞིན་གྱི་རྣ་སྐྱག་ཞེས་པའི་རྣ་སྐྱག་སྣ་གཉིས་ཡོད་ལ་དེ་གཉིས་རྒྱུན་ལྡན་གྱི་གནས་ཚུལ་ཡིན། རྣ་སྐྱག་སྣ་ཁ་འདི་གཉིས་གཙོ་བོ་མའི་རྒྱུད་པ་དང་འབྲེལ་བ་ཆེན་པོ་ཡོད། སྤྱིར་བཏང་མི་རྒྱུད་སེར་པོ་ནང་སྐམ་པོ་རང་བཞིན་གྱི་རྣ་སྐྱག་ལྡན་མཁན་མང་ལ་མི་རྒྱུད་དཀར་པོ་དང་མི་རྒྱུད་ནག་པོ་གཉིས་ནང་སྣུམ་ཚིལ་རང་བཞིན་གྱི་རྣ་སྐྱག་ཡོད་མཁན་མང་།
རྣ་སྐྱག་གི་ཕན་ནུས།
མི་མང་ཆེ་ཤོས་ཀྱིས་རྣ་སྐྱག་ནི་མི་གཙང་བ་ཞིག་དང་བཙོག་པོ་ཞིག་ལ་ངོས་བཟུང་ཡོད་ཀྱང་། དོན་དངོས་ཐོག་རྣ་སྐྱག་ལ་འབུ་ཕྲ་ཕྱི་རུ་འདེད་པའི་ནུས་པ་ལྡན་ཡོད། དེར་མ་ཟད་སྣ་སྐྱག་ནི་སྐྱུར་བའི་རང་བཞིན་ཡང་ལྡན་པ་ཞིག་ཡིན་སྟབས་འབུ་ཕྲའི་རིགས་སྐྱེས་པ་ཡང་འགོག་ཐུབ་ཀྱི་ཡོད། གཞན་རྣ་སྐྱག་གིས་རྣ་ནང་དུ་ལྷུང་བའི་སྐྲ་ཐུང་དང་། ས་རྡུལ་སོགས་འགོ་ཐུབ།
ནོར་འཁྲུལ་གྱི་རྣ་སྐྱག་འདྲུ་སྟངས།
ང་ཚོས་རྣ་སྐྱག་འདྲུ་དུས་རྣ་སྐྱག་འགའ་ཤས་ཕྱིར་དྲུད་ཡོང་ན་ཡང་། རྣ་སྐྱག་འགའ་ཤས་ནི་རྣ་བའི་ནང་དུ་བརྫངས་ཡོད། དེར་མ་ཟད་རྣ་སྐྱག་དེ་དག་ནང་དུ་དེད་ན་རྣ་སྐྱི་ལ་འབྱར་སྲིད་པ་དང་། རྣ་སྐྱི་འདར་འགུལ་བྱུང་ན་ད་གཟོད་ང་ཚོས་ཕྱི་རོལ་གྱི་སྒྲ་ཐོས་ཐུབ་པ་ཡིན་པས། རྣ་སྐྱག་དེ་དག་ནང་གི་རྣ་སྐྱི་ལ་འབྱར་བས་ན་ཉན་ཤུགས་ལ་གནོད་པ་གཏོང་གི་ཡོད།
ཡང་དག་པའི་རྣ་བ་གཙང་བཤེར་བྱེད་སྟངས།
ཚྭ་ཆུ་དང་གཏེར་སྣུམ། ཡང་ན་རྣ་བ་གཙང་བཤེར་བྱེད་སའི་སྣུམ་སོགས་སྤྱོད་ནས་རྣ་བ་གཙང་སེལ་བྱས་ཆོག ཡང་ན་སྨན་ཁང་ནང་ཆེད་དུ་རྣ་བ་གཙང་བཤེར་བྱེད་སའི་སྨན་ཆུ་སྤྱོད་ཆོག སྤྱིར་རྣ་བར་རང་བྱུང་གི་གཙང་བྱེད་ནུས་པ་ལྡན་ལ་མི་མང་ཆེ་བའི་རྣ་བ་ནང་གི་རྣ་སྐྱག་རང་བྱུང་གི་ཕྱིར་འབུད་ཐུབ། དཔེར་ན་ང་ཚོས་ཟས་བལྡད་དེ་མྱིད་པ་དང་ཡང་ན་ཀླད་གཡལ་རྒྱག་དུས། དེ་མིན་ཁ་བརྡ་བྱས་སྐབས་དངོས་པོ་དེ་དག་རྣ་ནང་ལས་མར་ལྷུང་འགྲོ་བ་རེད། དེ་བས་ཆེད་ལས་མཁས་པས་ལྷན་རྒྱས་ནས་གང་འདོད་ཀྱིས་རྣ་སྐྱག་ལེན་མི་རུང་བའི་དྲན་སྐུལ་བྱས་ཡོད་པས་ཀུན་གྱི་ཐུགས་ལ་འཇགས་པར་འཚལ། །