༄༅།། དཔྱིད་ཀར་རིམས་འགོག་ནུས་པ་ཇེ་མཐོ་གཏོང་ཐུབ་པའི་ཟས་མཆོག་བཅུ།
བསྟན་འཛིན་ནོར་སྒྲོན་གྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12
ལོ་སར་རྗེས། དྲོད་ཚད་མཐོ་རུ་ཕྱིན་པ་དང་རིམ་བཞིན་དཔྱིད་ཀ་སླེབས། ཡིད་གཟབ་བྱ་དགོས་པ་ཞིག་ལ་དཔྱིད་ཀའི་གནམ་གཤིས་ནི་འགྱུར་ལྡོག་འགྲོ་སླ་བས་དུས་དེར་རིམས་ནད་དང་ཆམ་པ་སོགས་ཤིན་ཏུ་འགོས་སླ། སྐབས་འདིར་དྲོད་སྲུང་རྒྱུ་ལས་གཞན་ད་དུང་རིམས་འགོག་ནུས་པ་མཐོ་རུ་གཏང་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་བས་གཤམ་དུ་རིམས་འགོག་ནུས་པ་བསྐྱེད་པའི་ཟས་མཆོག་བཅུའི་མིང་དང་ཕན་ནུས་བཀོད་ཡོད།
1.ཀེའུ།
མིའི་གཟུགས་པོའི་ཕོ་རླུང་ཉུང་དུ་འགྲོ་བས་དེར་འོས་མཚམས་ཀྱིས་བདག་གཅེས་བྱ་དགོས། ཀེའུའི་རང་བཞིན་དྲོ་བས་མོ་རླུང་དང་གྲང་རླུང་སེལ་ཐུབ་ལ་མིའི་ལུས་པོའི་ཕོ་རླུང་ལ་ཆེས་བཟང་བའི་ཟས་རིགས་ཤིག་ཡིན།
ཡིད་གཟབ། མོ་རླུང་མི་འདང་བ་དང་ཁྲག་རྒྱས་ནད་གཞི་ཡོད་པ། རྨ་རྗེས་ཡོད་པ་དང་མིག་ནད་པ། སྦྲུམ་མ་སོགས་ཀྱིས་བཟའ་མི་རུང་།
2.འབྲ་གོ་དམར་པོ།
འབྲ་གོ་དམར་པོ་ལ་མཆིན་པ་གསབ་གསོ་བྱེད་པ་དང་ལུས་ཤུགས་ཉམས་གསོ་བྱེད་པའི་ནུས་པ་ལྡན་པས་དཔྱིད་ཀ་འབྲ་གོ་དམར་པོ་བཟས་ཚེ་ཕོ་རླུང་གསབ་པ་དང་ལུས་སྟོབས་སྐྱེད་པར་ཕན་ཐོགས་ཆེན་པོ་ཡོད།
ཡིད་གཟབ། མཆིན་པར་གཉན་ཚད་ཕོག་པའི་མིའི་བཟའ་མི་རུང་།
3.སྨྱུག་རྩ།
རྒྱ་ནག་གི་སྨན་གཞུང་དུ། ས་ཐོག་ནས་ཡར་སྐྱེས་པའི་དངོས་པོ་ཡིན་ཚེ་དེའི་རང་བཞིན་ནི་ཕོ་ཡིན། དཔྱིད་ཀར་ཕོ་རླུང་གསོ་དགོས་པས་སྨྱུག་རྩ་འོས་མཚམས་རེ་ཟས་ན་མིའི་གཟུགས་པོའི་ཕོ་རླུང་སྐྱེད་ཐུབ་པ་དང་། མཆིན་མཁྲིས་ཀྱི་ཁྲག་རླུང་གསོ་བའི་གདམ་ཀ་ལེགས་ཤོས་ཤིག་ཡིན།
ཡིད་གཟབ། ཕོ་གྲང་ནད་ཡོད་པ་དང་རྒན་ཁོག །བྱིས་པ་བཅས་ཀྱིས་མང་པོ་བཟའ་མི་རུང་།
4.སྲན་མྱུག
སྲན་མྱུག་ནི་དུས་ཆད་མེད་པར་སྐྱེ་ཐུབ་པའི་སྔོ་ཚལ་ཞིག་ཡིན་པས་སྐྱེ་འཕེལ་གྱི་ནུས་པ་ཤུགས་ཆེན་པོ་ལྡན། དཔྱིད་ཀར་སྲན་མྱུག་འོས་མཚམས་རེ་ཟས་ན་གཟུགས་པོའི་ཕོ་རླུང་གི་སྐྱེ་འཕེལ་ནུས་པར་ཕན་ཐོགས་ཆེན་པོ་ལྡན། དེ་མིན་རང་བཞིན་ཅུང་གྲང་བའི་སྲན་མྱུག་ལ་དཔྱིད་ཀའི་མཆིན་ཁྲག་རྒྱས་པའི་ནད་སེལ་བའི་ནུས་པ་ལྡན།
ཡིད་གཟབ། གྲོད་ཁོག་བཤལ་བ་དང་ཕོ་མཚེར་ཞན་ཞིང་གྲང་བའི་མིས་བཟའ་མི་རུང་།
5.ཚལ་སྣག
འོས་མཚམས་ཀྱིས་ཚལ་སྣག་ཟས་ན་ཁྲག་སྐྱེ་བ་དང་། ཁྲག་བཀག་པ། བརླན་ཤ་སྐྱེ་བ་སོགས་ཀྱི་ནུས་པ་ཡོད། དེར་བརྟེན། དཔྱིད་ཀར་ཚལ་སྣག་ཟས་ན་དུག་སེལ་དང་། སྐམ་ཤས་སེལ་བའི་ཐད་ཕན་ཐོགས་ཆེན་པོ་ཡོད།
ཡིད་གཟབ། མཁལ་མའི་གཉན་ཚད་དང་མཁལ་རྡོ། དེ་བཞིན་ཕོ་རྒྱུ་གྲང་བའི་ནད། གྲོད་པ་བཤལ་བའི་ནད་པས་བཟའ་མི་རུང་།
6.མེ་ཚལ་ལྗང་ཁུ།
དཔྱིད་འགོར་སྔར་ནས་སྐྱེ་བའི་མེ་ཚལ་ལྗང་ཁུ་ལ་ཚ་སེལ་དུག་འཇོམས་ཀྱི་ནུས་པ་ཡོད། འོས་མཚམས་ཀྱིས་ཟས་ན་ཁའི་བད་ཐོར་གྱི་གཉེན་ཚད་དང་། ཁ་སྦུག་གི་རུལ་འགྱུར་ནད། དེ་བཞིན་སོ་ཉིལ་ནས་ཁྲག་དོན་པ་སོགས་ཀྱི་ནད་སྔོན་འགོག་བྱེད་ཐུབ།
ཡིད་གཟབ། མིག་ནད་དང་བསེ་དྲི་ཡོད་པ་རྣམས་ཀྱིས་བཟའ་མི་རུང་།
7.སྦུག་ཚལ།
མཚེར་པ་གསོ་བ་དང་མཆིན་རླུང་གསབ་པ། ཕོ་རླུང་སྐྱེ་བ། དེ་མིན་སྦུག་ཚལ་གྱི་རང་བཞིན་གྲང་བས་ཚ་སེལ་དང་དུག་སེལ་གྱི་ནུས་པ་ལྡན་ལ། མཆིན་ཁྲག་རྒྱས་པར་སྔོན་འགོག་བྱེད་ཐུབ།
ཡིད་གཟབ། མིག་ཤེད་ཉམས་པ་དང་། མིག་ནད་ཡོད་པ། མཚན་ལོང་གི་ནད་ཡོད་མཁན་གྱིས་བཟའ་མི་རུང་།
8.ཞོག་རྒོད།
ཞོག་རྒོད་རོ་མངར་བས་མཚེར་པ་གསོ་བ་དང་། མཆིན་པའི་རླུང་གསོ་ཐུབ། དུས་མཚུངས་སུ་རྟག་ཏུ་ཞོག་རྒོད་ཟས་ན་ཕོ་བའི་གཉེན་ཚད་དང་། ཕོ་བ་རུལ་འགྱུར་གྱི་ནད་ནད་ལོག་བྱེད་པར་སྔོན་འགོག་བྱེད་ཐུབ་ལ། རིམས་འགོག་ནུས་པ་མཐོ་རུ་གཏོང་བ་དང་། རིམས་ནད་ཕོག་ཚད་དམའ་རུ་གཏོང་ཐུབ།
9.ལྕ་ཚལ།
དཔྱིད་ཀར་རོ་མངར་ལ་རང་བཞིན་གྲང་བ། མཆིན་རླུང་སྙོམས་པ། ཁྲག་ཤེད་དམའ་རུ་བཏོང་བའི་ནུས་པ་ལྡན་པའི་ལྕ་ཚལ་ཟས་ན་བཟང་། ཡིད་གཟབ། ཕོ་མཚེར་གྱི་ནད་དང་རྒྱུ་མ་མི་བརྟན་པ། ཁྲག་ཤེད་དམའ་དྲག་པའི་ནད་པ་ཚོས་མང་པོ་བཟའ་མི་རུང་།
10.བཅའ་ལྒ།
བཅའ་ལྒའི་རོ་ཚ་བ་དང་རང་བཞིན་དྲོ་བས་འོས་མཚམས་ཀྱིས་བཟས་ན་ཁྲག་རྩ་རྒྱ་སྐྱེད་དང་། ཁྲག་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཐུབ། དེར་བརྟེན་གཟུགས་པོའི་དྲོད་ཚད་ལྷག་མ་རྣམས་འཁྱེར་འགྲོ་ལ་གཟུགས་པོའི་ནང་གི་གྲང་རླུང་དང་བརླན་གཤེར་དག་ཀྱང་ཕྱིར་འདོན་ཐུབ།
ཡིད་གཟབ། བཅའ་ལྒ་ཟ་རྒྱུ་མང་དྲག་ན་མོ་རླུང་ལ་སྐྱོན་བྱས་ནས་ཚ་དྲོད་རྒྱས་སྲིད། དེའི་རྐྱེན་གྱིས་མོ་རླུང་ཉམས་པ་དང་ཚ་དྲོད་རྒྱས་སླ་བའི་གཟུགས་གཞི་སོགས་དང་། དེ་བཞིན་གཞང་འབྲུམ་ཡོད་པའི་ནད་པས་བཟའ་མི་རུང་། །