མདོ་བསྡུས་སྐྱིད་ཀྱིས་བསྡུ་སྒྲིག་བྱས།
གྱོད་དཔེ།
2002ལོའི་ཟླ་5པ་ནས་བཟུང་། རྣོ་ལྕགས་སྤྱི་གཉེར་ཁང་ག་གེ་མོས་ལས་གཞི་རྒྱ་ཆེར་སྤེལ་བས་གློག་ཁང་བཟོ་གྲྭས་གློག་གནོན(ཧྥོ་ཁྲི110)ཞིག་ལས་འགོ་ཚུགས། མཐོ་གནོན་གློག་སྐུད་དེ་འཐེན་པའི་ལམ་གྲོང་ཁྱེར་ག་གེ་མོའི་འཛུགས་སྐྲུན་ཞང་གི་ཁྱིམ་ཚང་སུམ་ཅུ་ལྷག་གི་ཁང་ཀླད་ནས་འཐེན་དགོས་པས། གྲོང་མི་རྣམས་ཀྱིས་ལས་གཞི་འདིའི་བདེ་འཇགས་ལ་དོགས་པ་སྐྱེས། 2002ལོའི་ཟླ་6པའི་ནང་ཚབ་བྱེད་མི་སྣ་མངགས་ནས་ཁྲིམས་རྩོད་ལས་དོན་ཁང་ག་གེ་མོར་བློ་དྲིས། ཁྲིམས་རྩོད་ལས་དོན་ཁང་གིས་གྲོང་མི་ལ་བཅའ་ཁྲིམས་ཀྱི་བསམ་འཆར་ཡིག་ཆ་ཞིག་འདོན་སྤྲོད་བྱས་ཏེ། མཐོ་གནོན་གློག་སྐུད་དེ་ཁང་ཀླད་ནས་འཐེན་ན་གློག་ཁབ་ལེན་ཁྱབ་འཕྲོ་བྱུང་ནས་མི་ལུས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཐེབས་ངེས། དེ་ན་གྲོང་མི་རྣམས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོང་བྱ་དགོས།
ཁྲིམས་བཤད།
རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《གློག་ཁབ་ལེན་ཁྱབ་འཕྲོའི་ཁོར་ཡུག་སྲུང་སྐྱོང་གི་དོ་དམ་བྱེད་ཐབས།》ཀྱི་དོན་ཚན་གཉིས་པའི་ནང་ཚན་དང་པོའི་གཏན་འབེབས་ལྟར་ན། བྱེད་ཐབས་འདིར་འཁོད་པའི་གློག་ཁབ་ལེན་ཁྱབ་འཕྲོ་ནི་གློག་ཁབ་ལེན་རླབས་ཀྱི་རྣམ་པ་བརྒྱུད་ནས་བར་སྟོང་དུ་བརྒྱུད་བསྒྲགས་བྱེད་པའི་ནུས་ཚད་ཅིག་ཡིན། དེ་གློག་གྱེས་འཕྲོ་མ་ཡིན་པ་ཁོ་ནར་གོ་བ་སྟེ། བརྡ་འཕྲིན་བརྒྱུད་སྤྲོད་ཁྲོད་ཀྱི་གློག་རླབས་འོད་འཕྲོ་དང་། བཟོ་ལས། ཚན་རིག་འཕྲོད་བསྟེན་སྟེང་སྤྱོད་པའི་གློག་རླབས་འོད་འཕྲོ། གློག་གནོན་འགྱུར་སྤྲོད་ལས་བྱུང་བའི་གློག་རླབས་འོད་འཕྲོ་བཅས་འདུས། དེས་ན། གློག་གནོན་མཐོ་བའི་གློག་རླབས་འཕྲོ་བ་ཡིས་མིའི་ལུས་ལ་གནོད་སྐྱོན་ཐེབས་སྲིད་དམ་ཞེ་ན། དོ་དམ་བྱེད་ཐབས་འདིའི་གཏན་འབེབས་ལྟར་ན། གློག་གནོན་ཧྥོ་སྟོང་100ཡན་གྱི་འགྱུར་ལྡོག་གློག་གི་མ་ལག་སྐྱེལ་ན། གློག་ཁབ་ལེན་ཁྱབ་འཕྲོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་། གློག་ཁབ་ལེན་ཁྱབ་འཕྲོའི་སྦགས་བཙོག་བཟོ་ངེས་ཡིན། རྣོ་ལྕགས་སྤྱི་གཉེར་ཁང་ག་གེ་མོའི་གློག་ཁང་བཟོ་གྲྭས་གཏོང་བའི་གློག་གནོན(ཧྥོ་ཁྲི110)ཡིན་ཏེ། གློག་ཁབ་ལེན་ཁྱབ་འཕྲོའི་འཛུགས་སྐྲུན་གྱི་ཁོངས་སུ་གཏོགས། འཛུགས་སྐྲུན་ཁང་གི་དུད་ཁྱིམ་སུམ་ཅུ་ལྷག་གི་གྲོང་མི་ལ་གློག་ཁབ་ལེན་ཁྱབ་འཕྲོའི་སྦགས་བཙོག་བཟོས། གློག་ཁབ་ལེན་ཁྱབ་འཕྲོ་ནི་བཙོག་འགྱུར་གྱི་གྲུབ་ཆ་ཞིག་ཡིན། དེའི་ནང་དུ་ལིང་ཏོག་དང་དྲོད་ཚད་དམའ་བ་ལེགས་སྒྲིག་བྱེད་པའི་ཚད་ལས་བརྒལ་བ། ཚ་བས་རྨས་སྐྱོན་ཐེབས་པ། རྩ་འཁུམ་པ་དང་བཟོད་བསྲན་གྱི་ནུས་པ་ཇེ་ཞན་དུ་འགྲོ་བ་བཅས་འདུས་པ་ཡིན། གློག་ཁབ་ལེན་ཁྱབ་འཕྲོ་དེ་མི་ལུས་ཀྱི་རྩ་རླུང་མ་ལག་ལ་བྱེད་ནུས་བཏོན་ན། རྙིང་ཚབ་གསར་བྱེད་དང་ཀླད་པའི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་ནས། མིའི་བྱ་སྤྱོད་ལ་འགྱུར་ལྡོག་བྱུང་བའམ་འབྲེལ་ཡོད་ཀྱི་མ་ལག་ལ་འགྱུར་ལྡོག་བྱུང་སྟེ། མི་ལུས་ཀྱི་འཁོར་རྒྱུག་མ་ལག་དང་། ནད་འགོག་སེལ་གྱི་ནུས་པ་ཇེ་ཞན་དུ་འགྲོ་བའམ་སྐྱེ་འཕེལ་དང་རྙིང་ཚབ་གསར་བྱེད་ཀྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། ཚབས་ཆེ་ན་འབྲས་སྐྲན་ཡང་འབྱུང་ངེས་ཡིན།
《 གློག་ཁབ་ལེན་ཁྱབ་འཕྲོའི་ཁོར་ཡུག་སྲུང་སྐྱོང་གི་དོ་དམ་བྱེད་ཐབས།》ཀྱི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལྟར་ན། ཁོར་ཡུག་སྦགས་བཙོག་གི་གནོད་འཚེའི་བཟོས་རིགས། ངེས་པར་དུ་ཁྲིམས་ལྟར་ཐད་ཀར་གནོད་འཚེ་ཐེབས་མཁན་གྱི་སྡེ་ཁག་གམ་ཡང་ན་མི་སྒེར་ལ་གྱོང་གུད་གསབ་སྤྲོད་བྱ་དགོས། གཏན་འབེབས་འདི་གཞིར་བཟུང་ན། འཛུགས་སྐྲུན་གྲོང་རྡལ་གྱི་དུད་ཁྱིམ་སུམ་ཅུ་ལྷག་གི་གྲོང་མིས་རྣོ་ལྕགས་སྤྱི་གཉེར་ཁང་ལ་གྱོང་གུད་གསབ་སྤྲོད་དང་ཡང་ན་མཐོ་གནོན་གློག་སྐུད་བསྒྱུར་བཅོས་ཀྱི་བླང་བྱ་འདོན་པའི་དབང་ཆ་ཡོད། །