དཀར་མཛེས་ཁུལ་ཕུལ་བྱུང་གུང་ཁྲན་ཏང་མི་དང་། དཀར་མཛེས་རྫོང་གོང་ལུང་ཡུལ་ཤོག་ཞབས་ལ་ཁག་གྲོང་སྡེའི་དེ་སྔོན་གྱི་ཧྲུའུ་ཅི་དང་པོ་བློ་མཐུན་མཱ་ཝུའུ་སཱ་ལ་རྗེས་དྲན་ཞུས་པ།
སྤྱི་ཟླ5ཚེས13ཉིན། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཞིང་འཕྲུལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཨར་ལས་པའི་ལས་རོགས་པ་དང་། དཀར་མཛེས་རྫོང་གོང་ལུང་ཡུལ་ཤོག་ཞབས་ལ་ཁག་གྲོང་སྡེའི་དེ་སྔོན་གྱི་ཧྲུའུ་ཅི་དང་པོ་མཱ་ཝུའུ་སཱར་གློ་བུར་དུ་ནད་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་མ་ཐུབ་པར་ཚེ་ལས་འདས་པ་རེད། དབྱིས་རིགས་ཀྱི་ཕོ་རྒོད་དར་མ་འདིའི་མི་ཚེའི་རྫོགས་ཤད་ལོ38ལ་བྲིས་སོང་། སྤྱི་ཟླ5པའི་ཚེས21ཉིན། ཁུལ་ཨུས་མཱ་ཝུའུ་སཱར་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་མིའི་མཚན་སྙན་རྗེས་སྤྲོད་གནང་ཞིང་། ཁོང་གི་དམངས་ལ་བློ་དཀར་ཞིང་། འགན་འཁྲི་འཁུར་ཕོད་པ། ལས་དོན་ལ་མཐའ་གཅིག་ཏུ་གཞོལ་བ། ལྷག་བསམ་ཟོལ་མེད་བཅས་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་བྱ་དགོས་པའི་འབོད་བསྐུལ་གནང་བ་རེད།
ལས་བརྩོན་ཁྲོད་དུ་མི་ཚེའི་རིན་ཐང་མངོན།
མཱ་ཝུའུ་སཱ་མ་ཤིའི་སྔ་ཡང་ཉིན་ལ་མཱ་ཝུའུ་སཱ་དང་། ཀྲུའུ་ཆིང་ངེད་གསུམ་མཚན་མོའི་ཆུ་ཚོད11དང་སྐར་མ40བར་ཐུན་མོང་དཔལ་འབྱོར་གྱི་ཡིག་ཚགས་བཟོས་ནས་བསྡད་པ་ཡིན། ད་མི་གསོན་པོ་ཞིག་གློ་བུར་དུ་ཚེ་ལས་འདས་སོང་། ངོ་མ་སེམས་ཀྱིས་མི་བཟོད་པ་ཞིག་རེད། ཅེས་གོང་ལུང་ཡུལ་ཤོག་གི་ལས་སྒྲུབ་མི་སྣ་དབྱང་ཞའོ་རུང་གིས་མགྲིན་པ་བརྣངས་ནས་དེ་ལྟར་བཤད།
བཟའ་ཟླ། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་བྲེལ་བ་ཆེན་མོ་རེད། ཁ་པར་བརྒྱག་རྒྱུ་ཉུང་སོང་། ལྔ་གཅིག་དུས་ཆེན་ལ་གུང་གསེང་གཏོང་མ་སོང་། ཁྱིམ་དུ་ལོག་ཐུབ་ས་མ་རེད། དགོངས་པ་མ་ཚོམས། དུས་རིམ་འདིར་ཁོམ་པ་ཞིག་མི་འདུག ཁུག་དམར་འདི་བླངས་ནས་ཕྲུ་གུ་ལ་བཟའ་རྒྱུ་ཞིམ་པོ་ཞིག་ཉོ་རོགས་བཅས་པ་ལ་སོགས་ནི་མཱ་ཝུའུ་སཱའི་ཁ་པར་གྱི་འཕྲིན་ཕྲན་ནང་དུ་མཱ་ཝུའུ་སཱས་རང་གི་བཟའ་ཟླ་ལ་བྲིས་པའི་སྐད་ཆ་ཁ་ཤས་རེད།
མཱ་ཝུའུ་སཱའི་ཤུལ་རྫས་བསྡུ་གསོག་རྒྱག་དུས་ད་དུང་བྲིས་མ་ཚར་བའི་དགོངས་ཞུ་ཡི་གེ་ཞིག་ཀྱང་རྙེད་འདུག་ཟེར།
སྤྱི་ཟླ5པའི་ཚེས14ཉིན་ནི་མཱ་ཝུའུ་སཱའི་བུའི་སྐྱེས་སྐར་ཡིན་ཞིང་། དེ་ཉིན་པར་ཁོང་གིས་ཁྱིམ་མི་ཚོ་དང་མཉམ་དུ་བུའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་ཁས་ལེན་བྱས་འདུག
མཱ་ཧྲུའུ་ཅི་ནི་དོན་གཉེར་ཅན་གྱི་མི་བདེན་པ་ཞིག་རེད། ཁོང་སུ་ཚང་ལ་འགྲོ་ན་ཡང་ཁྱིམ་ཚང་གི་གནས་ཚུལ་དང་དཀའ་ངལ་ཞིབ་ཕྲ་དྲིས་ནས་སེམས་ལ་བཞག་པ་རེད། ཅེས་མཚོ་འཕགས་སྨི3410ཡོད་པའི་ཞབས་ལ་ཁག་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཕུར་བུས་དེ་ལྟར་བཤད།
མཱ་ཝུའུ་སཱས“གཅིག་ཅན་གསུམ”གྱི་ལས་དོན་སྒྲུབ་ཐབས་གསར་གཏོད་བཟོས་པ་སྟེ། ཟླ་རེའི་ཚེས10ཉིན་ལ་ཏང་མི་ལས་བྱེད་པའི་གྲོས་ཚོགས་ཤིག་འཚོགས་ནས་གྲོང་སྡེའི་དོན་ཆེན་གྲོས་མོལ་དང་ཞིབ་འཇུག་བྱ་རྒྱུ། ཟླ་རེའི་ཚེས20ཉིན་ལ། ཏང་མི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཐེངས་ཤིག་བྱས་ནས་ཕྱོགས་འདུས་བྱང་ཚད་དང་ཕྱུག་སྒྱུར་འཇོན་ནུས་ཇེ་ཆེར་གཏང་རྒྱུ། ཟླ་རེའི་ཚེས30ཉིན་ལ། ཏང་མི་ལས་བྱེད་པས་འོས་འགན་ཞབས་ཞུའི་བྱེད་སྒོ་ཐེངས་ཤིག་སྤེལ་ནས་ཞབས་ཞུ་ནུས་པ་དང་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏང་རྒྱུ་བཅས་སོ།། མཱ་ཝུའུ་སཱས “གཅིག་ཅན་གསུམ”གྱི་ལས་དོན་སྒྲུབ་ཐབས་དེ་ཡུལ་ཤོག་ཚང་མ་ལ་ཁྱབ་སྤེལ་བྱས་པ་རེད།
འབད་འཐབ་ཁྲོད་དུ་ལང་ཚོའི་གཟི་འོད་འཕྲོས།
མཱ་ཧྲུའུ་ཅིས་ང་ལ་སྐུལ་ལྕག་མ་བྱས་ན། ངས་ལོ་རེར་ཕྱིར་ཟུར་ལས་སོང་ནས་སྒོར་ཁྲི་གསུམ་བཞི་རག་ག་ལ་ཐུབ། མཱ་ཝུའུ་སཱ་ནི་སྟེང་ཕྱོགས་ལྷ་ཡུལ་ནས་ང་ཚོར་མངགས་པའི་སྣེ་ཁྲིད་པ་ཞིག་རེད་ཅེས་གྲོང་མི་ཐུབ་བསྟན་རྒྱ་མཚོས་དེ་ལྟར་བཤད།
ཐུབ་བསྟན་རྒྱ་མཚོ་ཚང་ལ་ཁྱིམ་མི6ཡོད་ཅིང་། ཞིང་མུའུ18ཡོད་པ་དང་། ལོ་རེར་ནས་དང་ཞོག་ཁོག་འདེབས་འཛུགས་བྱས་པའི་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ལས་མེད། མཱ་ཝུའུ་སཱས་ཐུབ་བསྟན་རྒྱ་མཚོ་རི་མོ་འབྲི་མཁས་པ་ཡིན་པའི་གནས་ཚུལ་ཤེས་རྗེས་ཐེངས་མ་གཅིག་མིན་གཉིས་མིན་ཁོའི་ཚང་ལ་ཕྱིན་ནས་རང་གི་ལག་རྩལ་གྱིས་ཡོང་འབབ་འཕར་ཐབས་བྱ་དགོས་པའི་སྐུལ་མ་ཡང་ཡང་བྱས་ཤིང་། ཟུར་ལས་ལ་སོང་རྗེས་ཁོ་ཚང་གི་ཞིང་ལས་འགུལ་མཁན་མེད་པའི་སེམས་ཁྲལ་ཡང་མེད་པར་བྱས་མཐར་ཐུབ་བསྟན་རྒྱ་མཚོ་ཕྱིར་རི་མོ་འབྲི་སར་སོང་ནས་ཟླ་རེའི་ཡོང་འབབ་ཁེ་གཙང་སྒོར3000རག་པ་རེད། མཱ་ཝུའུ་སཱས་ཐུབ་བསྟན་རྒྱ་མཚོ་ལྟ་བུའི་གེ་ལག་འཛོམས་པའི་ཁྱིམ་ཚང་ཚང་མ་ལ་ཡོང་འཕར་གྱི་འགྲོ་ལམ་ཞིག་བསྟན་རོགས་བྱས་ཡོད།
ད་ལྟ་ས་འཁྱམ་རྡོ་འཁྱམ་བྱས་ནས་འཚོ་བ་ཡག་པོ་མི་ཡོང་། བདེ་སྐྱིད་འཚོ་བ་ནི་འབད་འཐབ་བྱས་ནས་ཐོབ་པ་རེད་ཅེས་པའི་འདུ་ཤེས་ཤིག་གྲོང་མི་ཡོངས་ཀྱི་སེམས་ལ་འཇགས་ཡོད་ཅིང་། ད་སྔའི་བར་གྲོང་སྡེ་ཡོངས་ཀྱི་དུད་ཁྱིམ27གྱི་མི136ནང་མི35ཕྱིར་ཟུར་ལས་སྒྲུབ་སར་འགྲོ་བཞིན་ཡོད་ལ། དེའི་ཁྲོད་དུ་བརྒྱ་ཆ70ཡན་ནི་ན་གཞོན་ཡིན་པ་རེད།
མཱ་ཝུའུ་སཱས་རང་གི་ཞིང་འཕྲུལ་ལག་རྩལ་སྤྱད་ནས་གྲོང་སྡེ་ཡོངས་ཀྱི་ལྕགས་སྙིགས་ལྟར་ཟུར་དུ་དོར་བའི་འདྲུད་འཐེན་འཁོར་ལོ་ཞིག་གསོ་བྱས་ཏེ་དཔྱིད་རྨོད་སྟོན་བསྡུ་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས།
ཐོན་ལས་ཀྱི་འདེགས་སྐྱོར་མེད་པ་ནི་དབུལ་ཕོངས་ཀྱི་འབྱུང་རྩ་ཡིན་པ་ཤེས་རྗེས། མཱ་ཝུའུ་སཱས་ནས་དང་ཞོག་ཁོག སྲན་མ་བཅས་ཕུད་ཁར་དེ་མིན་གྱི་ཚོད་ལོག་དང་བཙོང་མོ། ཚོད་མ། ཀ་པེད་བཅས་ཐོན་ལས་གཞན་དག་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་། རང་གི་ལས་ཁུངས་ནས་སྔོ་ཚལ་རིགས་བདུན་གྱི་ས་བོན་ཁུག་མ300ལྷག་རག་ཐབས་བྱས་ཏེ། གྲོང་མི་ཚོ་སྐུལ་སློང་བྱས་ནས་རང་གི་ཁང་ཕྱི་ནང་ལ་འདེབས་སུ་འཇུག་པ་རེད། དེ་དང་ཆབས་ཅིག་ཁོང་གིས་དབུལ་ཕོངས་དུད་ཁྱིམ7ལ་སྔོ་ཚལ་དྲོ་ཁང་ཚོད་ལྟའི་རྟེན་གཞི་བཙུགས་ནས་ཕྱིན་ཆད་ལམ་ལྷོང་བྱུང་ནས་གོ་སྐབས་དང་འཕྲད་ཚེ། གྲོང་སྡེ་ཡོངས་ལ་སྔོ་ཚལ་དྲོ་ཁང་འཛུགས་པའི་འཆར་གཞི་བཞག་པ་རེད། ཡིན་ན་ཡང་། ཁོང་གི་རེ་བ་དེ་འགྲུབ་ཁོམ་མེད་པར་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་པ་རེད།
ཞབས་ལ་ཁག་གྲོང་སྡེར་བཅའ་སྡོད་བྱེད་པའི་གོང་ལུང་ཡུལ་ཤོག་གི་ལས་བྱེད་པ་བདེ་སྐྱིད་གཡང་མཚོ་དང་བུ་མོ་བདེ་སྐལ་གྱིས་མཱ་ཧྲུའུ་ཅི་ནི་བྱ་བ་དོ་དོ་དན་དན་སྒྲུབ་མཁན་ཞིག་རེད། ཁོང་དང་མཉམ་དུ་ལས་དོན་སྒྲུབ་དུས། སྒྱིག་ལུག་བྱེད་འདོད་ཀྱང་ངོ་ཚ་བ་དང་། ཡར་རྒྱས་མི་འོང་བསམས་པའི་དོགས་པ་ཡང་མི་འདུག་ཅེས་བཤད།
མཱ་ཝུའུ་སཱའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་སྡུག་པོ་ཡིན་ན་ཡང་། ཁོང་གིས་འགྲོ་སོང་ཕུལ་ནས་གྲོང་སྡེའི་འགྲོ་ལམ་དུ་ཡོད་པའི་ཆུ་སྦུག་ཞིག་གསོ་བྱེད་ཅིང་། མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་སངས་ཆོས་ལྷ་མོར་ཁང་པ་ཉམས་གསོ་བྱེད་རོགས་བྱེད་པ། ནད་ཀྱིས་མནར་བའི་སློབ་མ་བསོད་ནམས་གཡང་སྒྲོན་ལ་སྨན་ཉོ་རོགས་བྱེད་པ། གྲོང་སྡེའི་དབུལ་ཕོངས་སློབ་མ་རྣམས་ལ་སློབ་སྦྱོང་སྤྱོད་ཆས་ཉོས་པ་སོགས་མང་ཚོགས་ཀྱི་བྱ་བ་ཆུང་ངུ་ཡན་ཆད་ནམ་ཡང་སེམས་སུ་དོར་མེད་པ་རེད། ཅེས་གྲོང་དམངས་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་རྡོ་ཡིས་བཤད་པ་ལྟར་མཱ་ཝུའུ་སཱས་ལས་བརྩོན་གྱི་ཁྲོད་དུ་ལང་ཚོའི་གཟི་འོད་རྒྱུན་མི་ཆད་པ་འཕྲོས་སུ་བཅུག་ནས་ཉེ་འགྲམ་གྱི་མི་ཐམས་ཅད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། གུང་ཁྲན་ཏང་མི་ཞིག་གི་འགན་འཁྲི་ཡིད་ལ་བཅངས་ཤིང་། འགན་འཁྲི་འཁུར་ཕོད་པ་དང་། ལྷག་བསམ་ཟོལ་མེད་ཀྱི་རང་གཤིས་ཀྱང་མངོན་པ་རེད།
རྗེས་དྲན་ཁྲོད་དུ་དཔའ་བོའི་སྙིང་སྟོབས་འཕེལ།
སྤྱི་ཟླ5པའི་ཚེས15ཉིན་གྱི་ཕྱི་དྲོར། ཞབས་ལ་ཁག་གྲོང་སྡེའི་བསོད་ནམས་གཡུ་སྒྲོན་སོགས་གྲོང་མི30ལྷག་མ་གྲོས་རང་མཐུན་ངང་གཅིག་ཏུ་འཛོམས་ནས་ཉིན་བཞིའི་དུས་ཚོད་སྤྱད་དེ་ས་ཚའི་སྐུ་ཁྲི་གཅིག་དང་སྟོང་བཞི་བཏབ་ནས་བོད་ཀྱིས་མྱ་ངན་ཞུ་བའི་ཐུན་མིན་གྱི་ལུགས་ལྟར་ཁོ་ཚོའི་སེམས་ནང་གི་མཱ་ཧྲུའུ་ཅི་ལ་རྗེས་དྲན་ཞུས་པ་རེད།
ངའི་བུ་ཁ་ལ་ཉན་མཁན་དང་ཕ་མ་ལ་ཞབས་ཕྱི་ཞུ་མཁན་ཡིན། ཁྱིམ་དུ་ལོག་ཐེངས་རེར་ང་རང་སྨན་ཁང་དུ་ཁྲིད་ནས་ནད་ལྟ་སར་འགྲོ་བ་དང་། ནམ་རྒྱུན་ཁ་པར་བརྒྱུད་ནས་འཚམས་འདྲི་མི་ཆད་ཅིང་། ཕ་མ་ན་བའི་ཚེ་སྒོར་མོ་བསྐུར་ཡོང་བ་རེད། ཟླ་རེའི་འཚོ་དངུལ1000དེ་ཐེངས་གཅིག་ཀྱང་ཆད་མྱོང་མེད། ངས་ནམ་ཡང་ཁ་པར་ནས་ཁོ་ལ་ལུས་པོར་གཅེས་སྤྲས་ཀྱིས་ཞེས་བཤད་ན་ཡང་། ཁོས་ཨ་ཕ། སེམས་ཁྲལ་མི་དགོས། ངའི་ལུས་པོར་སྐྱོན་སྤུ་ཙམ་ཡང་མེད་ཅེས་བཤད་ཀྱི་འདུག བསམ་ཡུལ་ལས་འདས་པ་ད་ཐེངས་ནད་ཚབས་ཆེན་འདིས་ཁོའི་སྲོག་ཀྱང་འཕྲོག་སོང་ཞེས་མཱ་ཝུའུ་སཱའི་ཨ་ཕ་མཱ་ཧེ་ཚའེ་ཡིས་མིག་ཆུ་གཏོང་ཞོར་དེ་ལྟར་བཤད་ཅིང་། མཐར་དབུགས་རིང་ནར་ནར་ཞིག་འཐེན་ཞིང་མིག་མཐའི་མཆི་མ་ཕྱིས་ནས་ངའི་བུ་དབུལ་སྐྱོར་གྱི་དཔའ་བོ་ཡིན། ང་ལ་བུ་འདི་འདྲ་ཞིག་ཡོད་པ་ངའི་གཟི་བརྗིད་རེད་ཅེས་བཤད།
བཞིན་རས་མཆི་མས་བརླན། ཁོག་པ་སྡུག་གིས་གང་བ་ནི་མཱ་ཝུའུ་སཱའི་བཟའ་ཟླ་ཧྲན་ཝུའུ་ཙེ་རེད། མོ་རང་གིས་མཱ་ཝུའུ་སཱ་ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ12སོང་མོད། འཛོམས་དུས་ཉུང་ལ་བྲལ་དུས་མང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་དུ་གྱུར། ཁོས་ང་ལ་ཁ་པར་རྒྱག་ཐེངས་རེར་བཟའ་ཟླ་ཁྱོད་དཀའ་ཐལ་ཞེས་ཡང་ཡང་བཤད་ཀྱི་རེད། ངས་ཁོ་རང་ལས་དོན་བྲེལ་བ་ཆེ་བའི་གནས་ཚུལ་ཤེས་ཤིང་། ཁོས་བསྲི་བསྲི་ཚགས་ཚགས་བྱེད་བཞིན་ཡོད་པ་ཡང་ཤེས། ཁོ་རང་ནམ་རྒྱུན་དཀའ་སྡུག་གིས་མནར་བཞིན་པ་དེ་བས་ཀྱང་ལོས་ཤེས། ཁྱིམ་ཚང་འདིའི་ཆེད་དུ་ཁོས་ཡོད་ཚད་བློས་འབུལ་བྱས་པ་རེད། ཁོ་རང་གིས་གོས་ཡག་པོ་ཞིག་ཀྱང་ཉོ་མི་བྲ་བ་རེད། ཁོས་རང་གི་ཕྲུ་གུ་གསུམ་ག་ལ་ཧ་ཅང་དགའ་ཞིང་རེ་བ་ཆེན་པོ་བཅང་གི་ཡོད། ཁོར་ནད་ཕོག་སྟེ་དར་མདོ་ནས་ཁྲེང་ཏུའུ་ལ་སྨན་བཅོས་བྱེད་སར་འགྲོ་བའི་ལམ་བར་དུ་སྐད་ཆ་བཤད་མི་ཐུབ་པས་ཁོས་ངའི་ལག་མཐིལ་དུ་ནུས་ཤུགས་གང་ཡོད་བསྒྲིམས་ནས་བུ་དང་བུ་མོ་ཞེས་པའི་ཡི་གེ་ཞེས་བྲིས་པ་ངས་མྱོང་ཚོར་ཐུབ་པ་དང་། རེ་བ་ཟད་པའི་མཆི་མའི་ཕྲེང་རྡོག་ཀྱང་ཁོའི་སྐྱོ་སྡུག་གིས་ཁེངས་པའི་ངོ་གདོང་ནས་ལྷུང་བྱུང་ཞེས་བཤད་པ་རེད།
མྱ་ངན་ཚོགས་འདུ་འཚོག་ཉིན། ཨ་ཕའི་ལས་རོགས་ཀྱིས་ང་ལ་ཁྱོད་ཀྱི་ཨ་ཕ་ནི་མི་མང་པོ་དབུལ་ཐར་འབྱུང་ཆེད་ཚེ་ལས་འདས་པ་རེད། ཁོ་ནི་དབུལ་ཐར་འགག་སྒྲོལ་གྱི་ལམ་དུ་འགྱེལ་པའི་དཔའ་བོ་ཞིག་རེད་ཅེས་བཤད་བྱུང་། ང་ནི་དཔའ་བོའི་བུ་མོ་ཡིན། ངས་ཨ་ཕའི་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ནས་མ་འོངས་པར་མི་མང་པོ་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་པའི་དྲན་གསོའི་སྐད་ཆ་དེ་མཱ་ཝུའུ་སཱའི་བུ་མོ་ཆེ་བ་མཱ་ཡན་གྱིས་མོ་རང་ཡོད་སའི་འཛིན་གྲྭར་བཀླགས་པས་དགེ་སློབ་ཡོངས་ལ་སེམས་འགུལ་ཚད་མེད་ཐེབས།
མི་ས་འོག་ཕྱིན་ཀྱང་སྙིང་སྟོབས་ས་སྟེང་ལུས་ཞེས་པ་ལྟར། མཱ་ཝུའུ་སཱས་ཕོ་རྒོད་པོ་ཞེས་པ་དང་། ཧྲུའུ་ཅི་དང་པོའི་འགན་འཁྲི་ཞེས་པའམ། ཏང་དང་མི་དམངས་ཀྱི་བྱ་གཞག་ཅེས་པའི་ཐ་སྙད་རྣམས་ལ་འགྲེལ་བཤད་དོན་ལ་གནས་པ་ཞིག་བྱས་འདུག་གོ།།