༄༅། །ཁ་བ་དང་ཚོར་སྣང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


སྐྱ་ནག་འདྲེས་མའི་དབྱིངས་ཀྱི་སྣེ་ན་ཐང་དཀར་རྒོད་པོས་གཤོག་འགྱུར་རྩེན། །
ས་རྡུལ་བྱེ་མའི་རླུང་འཚུབ་ཁྲོད་ན་རི་རྩེའི་དར་ལྕོག་ལྷགས་པས་འགེམ། །
འགྲམ་པའི་མཁུར་དང་ཐོད་པའི་དབུས་སུ་གྲང་ངར་མི་བཟོད་ན་ཟུག་ལྗིད། །
ཁ་བའི་འདབ་མ་ལྷོད་ཀྱིས་བབས་པས་ས་གཞིའི་ངོ་གདོང་དར་གྱིས་བཀླུབས། །
སྨག་རིམ་སྟུག་པོས་ཡོད་ཚད་བཟུང་བས་རྒྱང་རིང་མིག་གི་དཔལ་དུ་ཡལ། །
མཐོ་བའི་རི་དང་ཡངས་པའི་རྩྭ་ཐང་ལྷིང་འཇགས་འཁོར་བའི་ཡུལ་དུ་གྱུར། །
འདུ་འཛི་བྲལ་བའི་མཚན་ཞག་རིང་མོ་ལུས་སེམས་གཉིས་ཀྱིས་འབད་པས་སྐྱེལ། །
རྨི་ལམ་འདྲ་བའི་རྨི་ལམ་དབུས་ནས་མལ་གྱི་བདེ་བའི་གཉིད་ལས་སད། །
རི་ལུང་ཁུགས་ཀྱི་ནོར་ལུག་ཁྱུ་ཡིས་སུག་བཞིིའི་རི་མོ་ས་ལ་བྲི། །
ལུས་ཀྱི་གཡོ་བའི་གར་སྟབས་ཁྲོད་ན་བྱ་བྱེའུའི་ཚོགས་ཀྱིས་རྒུམ་བུ་འཐུ། །
མ་དྲིས་སེམས་ཀྱི་རི་མོ་དེ་ན་ནག་ཐིག་སྟོང་གི་རྨ་ཁ་གསལ། །
ཉི་ཟེར་མག་མོག་ཁད་ཀྱིས་འཕྲོ་བས་ཁ་བའི་མིག་ཆུ་སེམས་སུ་ལྷུང་། །
འབའ་འབུར་སྒལ་གཞུང་གྱེན་དུ་འགྲེང་བས་བལ་ལྡན་མ་བུ་ཐུར་དུ་ཞོགས། །
ལྕགས་ཐགས་རིང་མོ་ལྗིད་ཀྱིས་དྲུད་པས་སྒོ་ཁྱིའི་ཟུག་སྐད་རླུང་གིས་འཁྱེར། །
ཁ་བ་བཀླུབས་པའི་ནོར་ལྷས་དབུས་ན་འབྲི་མོ་མ་བུས་སོ་སྒྲ་འཆའ། །
ཉི་འོད་གསེར་སྐུད་མིག་ལ་གནོད་རུང་སེམས་པ་དབང་མེད་ཕྱོགས་སུ་ཤོར། །
ཐག་རིང་དར་གྱི་འབྲོག་ཁྱིམ་དེ་ན་བྱིས་པ་རྐང་རྗེན་རྩེད་འཇོ་རོལ། །
ལོ་རྒན་བརྒྱད་ཅུའི་ཉི་ནུབ་ཁྲོད་ན་ལོ་ལོན་བགྲེས་པོས་ཕྲེང་བ་འདྲེན། །
གཡང་གི་སྒོ་ཕྱུགས་ནོར་ལུག་རྗེས་ན་འབྲོག་མོས་ལག་ཏུ་འུར་ཆ་འཛིན། །
སུ་ཡི་རེ་སྨོན་ཡིད་ལ་སྒོམ་བཞིན་ཡིད་ཆེས་བརྟན་པོ་བྲག་ལ་རྩིག།
ལྟ་བས་མི་མངོན་སེམས་སུ་བབ་པ་ངག་ནས་མ་ཐོན་མིག་ལས་ཤོར། །
གྲང་བའི་ངོ་གདོང་དམར་སྨུག་གྱུར་བ་སུ་ལ་མ་བརྗོད་མེ་ལྕེ་ཉིད། །
ཡིད་ཀྱི་འདབ་མ་རླུང་གིས་གཏོར་བས་མི་སེམས་སྒུལ་བའི་ཆགས་སྡང་བྲལ། །
ཞབས་ཀྱི་ཐྲིག་ཐྲིག་སྒྲ་དབྱངས་གྱེར་བས་སྙིང་གི་འཕར་ལྡིང་ཤུགས་ཀྱིས་འཇོ། །
སེམས་ཀྱི་གཤོག་པ་མཁའ་ལ་བརྐྱངས་པས་རི་ལུང་སྣ་ཚོགས་འཕྲེད་ཀྱིས་བཅད། །
ལུས་ཀྱི་ངལ་དུབ་གཞུག་ན་ལུས་པས་ཨ་ཇོས་ངག་གི་སྨྲ་སྒོ་བསྡམས། །
དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་གངས་གྲོང་འདབས་ན་སྦུབས་སུ་འཚང་། །
སེམས་ཀྱི་གཤོག་པ་ལུས་ཀྱིས་མི་ཐེག་ཡིད་གཉིས་ཀློང་ནས་རང་ཉིད་བོར། །
ཡིད་ཀྱི་སྣང་བ་མཁའ་དང་མཉམ་པས་ཉི་མའི་དཀྱིལ་འཁོར་འོད་ཀྱིས་ཁྱབ། །
ཕུགས་ཀྱི་འདུན་མ་ཆུ་ལས་རིང་བས་ཞི་བདེའི་རྒྱ་མཚོར་ལྷོད་ཀྱིས་འབབ། །
མི་རྟག་དྲན་པའི་ཚོར་སྣང་སྐྱ་བོ་ས་མཐའི་གྲོང་ནས་ཆབ་ལ་བསྐུར། །
ཉི་མའི་དབུ་རྩེ་གངས་ལ་ཕོག་སྟེ་དཔྱིད་ཀྱི་ཁ་བས་གསོན་ཤུགས་སྩོལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1