ཧྥ་ཆིང་ཏེ་གོས་བརྩམས། སྟག་རིག་འབྲུག་ཐར་གྱིས་བསྒྱུར།
ཁ་པར་ནི་གདོན་འདྲེ་ལྟ་བུའི་དངོས་པོ་ཁྱད་པར་པ་ཞིག་ཡིན་པས་མི་རྣམས་ཁ་པར་གྱི་རྒྱ་རུ་ཇི་ལྟར་ཚུད་པའང་མི་ཤེས། དུས་ད་ཆར་དར་མ་རྣམས་ཁ་པར་ལ་ཁ་མི་འབྲལ་བར་མ་ཟད། ན་ཆུང་གཞོན་ནུ་རྣམས་ཀྱང་ཁ་པར་ལ་འབྲལ་མི་ཕོད་པར་གྱུར་ཡོད། མགྱོགས་འཁོར་དང་སྤྱི་སྤྱོད་རླངས་འཁོར། སྲང་ལམ་སོགས་གནས་ཡུལ་གང་རུང་དུ་ན་ཆུང་གཞོན་ནུ་ཚོས་མགོ་བོ་དུད་དེ་ལག་ཏུ་ཁ་པར་ལ་གཡེང་འདུག་པ་མཐོང་འོངས།
ན་ཆུང་གཞོན་ནུ་རྣམས་རྒྱུན་པར་རང་གི་ལག་མཐིལ་ལས་ཆེ་བའི་ཁ་པར་ལ་བྱིང་འདུག་པ་མཐོང་དུས། ནང་སེམས་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་སྐྱུར་མོ་ཞིག་སྦྱིན་འོངས་ཏེ། ན་སོ་གཞོན་དུས་ནས་བཟུང་ཁ་པར་ལག་ལེན་བྱས་ཚེ་དེས་བཟོས་པའི་གནོད་སྐྱོན་ནི་བསམ་ཡུལ་ལས་འདས་པའོ། །
1.མིག་དབང་གི་ནུས་པ་ཉམས་པ།
ཁ་པར་རྩེད་རྒྱུ་མང་དྲགས་ན་མིག་གི་དབང་པོར་མངོན་སུམ་དུ་གནོད་པ་ཡོད། སྡོམ་རྩིས་བྱས་པ་ལྟར་ན། བྱིས་པ་རྣམས་བསྟུད་མར་སྐར་མ20རིང་ཁ་པར་ལ་གཡེང་བའི་ཚེ་ན། ཆ་སྙོམས་ཀྱིས་སྐར་མ་རེར་མིག་རྡེབ་ཐེངས7.67རེ་བྱེད་བཞིན་ཡོད་ཅིང་། མིག་དབང་གི་ནུས་པ་ཆ་སྙོམས་ཏུའུ43.8མར་འགྲིབ་བཞིན་ཡོད་པས། རྒྱང་སྒྲིབ་ཏུ་འགྱུར་ཉེན་ཆེ། གཞན་མིག་སྐྱི་ཐེད་པའི་དུས་ཚོད་ཆ་སྙོམས་སྐར་ཆ5.3ཡིན་མོད། འོན་ཀྱང་རྒྱུན་ལྡན་གྲངས་ནི་སྐར་ཆ15- 45བར་ཡིན་པས། གལ་ཏེ་སྐར་ཆ10ལས་ཉུང་ན་ནད་འགྱུར་གྱི་རྣམ་པ་མངོན་ཡོང་།
2.ལུས་ཕུང་འཚར་སྐྱེ་ལ་གནོད་པ་ཐེབས་པ།
ཁ་པར་རྩེད་རྒྱུ་མང་དྲགས་ཚེ། གློག་རྡུལ་འགྱེད་འཕྲོ་ཡིས་འཚར་སྐྱེ་ལ་གནོད་པ་བཟོ་བའི་ཁར་དབུགས་འཚང་བའི་ནད་སོགས་བསྐྱེད་ངེས། འདི་ལྟར་དུས་རྒྱུན་ཁ་པར་ལ་གཡེང་ན་ན་ཆུང་གཞོན་ནུ་ཚོ་འགུལ་སྐྱོད་ཧ་ཅང་ཉུང་བས་ལུས་ཕུང་འཚར་སྐྱེ་དལ་ཞིང་ལུས་རྩལ་གྱི་རྩོལ་ནུས་ཞན་པ་དང་གཟུགས་མི་སྐྱེ་བའི་རྟགས་འབྱུང་བ་རེད། ཡུན་རིང་བོར་བཟོ་ལྟ་གཅིག་གིས་ཁ་པར་བཟུང་ན་མཛུབ་གུའི་འཚར་ལོངས་ལའང་གནོད་པ་ཡོད་པར་མ་ཟད། བྱིས་པ་རྣམས་ཀྱིས་མགོ་བོ་བསྒུར་ནས་རྩེད་འཇོར་རོལ་བའི་དུས་ཚོད་རིང་དྲགས་ན་སྐེ་ཚིགས་ན་སྟེ་སྒལ་ཚིགས་ཀྱི་རུས་པ་འགྱུར་བའི་ཉེན་ཁའང་ཆེ།
3.ཁེར་རྐྱང་གི་ནད་དང་སེམས་ཁྲལ་ཆེ་བའི་ནད་འབྱུང་བ།
དུས་ཡུན་རིང་པོར་ཁ་པར་རྩེ་ན་ན་ཆུང་གཞོན་ནུ་ཚོ་ཁེར་སྡོད་སྨྲ་ཉུང་གི་གཤིས་ཀར་འགྱུར་བས་ཕྱི་ཡུལ་ལ་འབྲེལ་འདྲིས་བྱེད་མི་འདོད་པའི་མི་ཚད། གཤིས་ཀའང་ཡ་མཚན་ཅན་དུ་འགྱུར་འགྲོ་བ་རེད། ཉིན་གང་བོར་སྒྱུ་འཕྲུལ་ལྟ་བུའི་དྲ་རྒྱའི་འཇིག་རྟེན་ལ་མགོ་འཁོར་དྲགས་ན་ཁེར་རྐྱང་གི་ནད་སོགས་སེམས་ནད་བསྐྱེད་པ་ལས་གཞན་དྲ་རྒྱར་ཞེན་པའི་ནད་སློང་བས་རྣམ་རིག་དང་དྲན་ཤེས་ཀྱི་ནུས་པ་ཇེ་ཞན་དུ་གྱུར་ཏེ་སྐྱོ་སྣང་དང་སེམས་འཚབ་པ་སོགས་ཀྱི་གནད་དོན་འབྱུང་བས།ཁ་པར་ནི་བརྩེ་བ་འཇོམ་སྤྱད་ཀྱི་ལག་དམར་ལྟ་བུ་ཡིན། འཛམ་གླིང་སྟེང་ཆེས་རིང་བའི་བར་ཐག་ནི་ང་ཚོ་ལྷན་གཅིག་ཏུ་སྡོད་ཀྱང་། ཁྱོད་རང་ཁ་པར་ལ་བྱིངས་འདུག་ཅེས་པ་དེ་བཞིན་རེད།
4.སྦྱང་འབྲས་མངོན་གསལ་གྱིས་མར་ཆགས་པ།
ཁ་པར་ལག་ཏུ་ཐོགས་པའི་སློབ་མ་ཞིག་ལ་མཚོན་ན། སྐར་འབྲས་མངོན་གསལ་གྱིས་ཇེ་ཞན་དུ་འགྲོ་བ་སྨོས་མ་དགོས་ཏེ། ཁ་པར་ལག་ཏུ་ཡོད་པའི་སློབ་མས་རྣམ་ཀུན་ཡིད་ལ་ཁ་པར་རྩེ་འདོད་ཀྱི་བློ་སྐྱེས་ཏེ་རྒན་ལགས་ཀྱི་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་མི་ཐུབ་ཅིང་། ཁ་པར་ཁྲོད་ཀྱི་དྲ་རྒྱའི་རྩེད་འཇོ་སྣ་ཚོགས་ལ་སེམས་ཆགས་ཏེ་རྩེ་མཚམས་འཇོག་པར་ཚོད་འཛིན་བྱེད་མི་ཐུབ་པར་མ་ཟད། འཛེམ་བག་གཏན་ནས་མི་བྱེད་པར་སྒྱུ་འཕྲུལ་དང་མཚར་སྡུག་ལྡན་པའི་འཇིག་རྟེན་དུ་མགོ་འཁོར་འགྲོ་བ་རེད། སློབ་ཁྲིད་སྐབས་སུ་རིག་པ་བྱིང་ཞིང་རྨུགས་པའི་དབང་དུ་སོང་ནས་སློབ་སྦྱོང་གི་སྤྲོ་བ་རིམ་གྱིས་ཡལ་འགྲོ་བས། སློབ་སྦྱོང་གི་སྐར་འབྲས་གློ་བུར་ཇེ་སྡུག་ཏུ་འགྲོ་སྲིད། དེ་བས་སྦྱངས་འབྲས་མངོན་གསལ་གྱིས་མར་ཆགས་པ་དང་སློབ་བྱོལ་བྱེད་པ། སློབ་གྲྭ་ནས་འབྲོ་བའི་གནས་ཚུལ་ཡོད་ཚེ་ཁྱིམ་བདག་གིས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས།
5.ཆགས་སྲེད་འཕེལ་བས་སེམས་ཁམས་ལ་བསླད་སྐྱོན་ཐེབས་པ།
2016ལོའི་ཟླ5པའི་ཚེས13ཉིན་གྱི་ཚགས་ཤོག་ཅིག་གི་སྟེང་དུ་ཁ་བྱང་ལ《ལོ10ཅན་གྱི་བུ་མོ་ཆུང་ཆུང་ཞིག་གིསQQཚོམས་ཀྱི་ཁྲོད་ནས་འདོད་བརྙན་ལ་བལྟས་པས་ཁྱིམ་བདག་ཧང་སངས་པར་བྱས》ཞེས་པའི་གསར་འགྱུར་ཞིག་གིས་མི་རྣམས་ལ་སྐྱི་གཡའ་བར་བགྱིས། དྲང་མོར་བཤད་ན་དྲ་རྒྱའི་སྟེང་ནས་ཆགས་སྲེད་སྐོར་གྱི་བརྙན་གཟུགས་ལ་ལྟ་རྒྱུ་ཧ་ཅང་སླ་མོ་ཡིན་ཏེ། གང་འདོད་འདོད་དུ་དྲ་སྟེང་ནས་འཚོལ་བཤེར་ཞིག་བྱས་ཚེ་འདོད་བརྙན་དང་རྒྱན་འཛུགས། དུག་འཚོང་སྐོར་གྱི་བརྙན་དང་འདྲ་པར་གང་མང་ཞིག་མིག་ལམ་དུ་མངོན་ཡོང་། ན་ཆུང་གཞོན་ནུ་རྣམས་ནི་ལྗང་མྱུག་བཞིན་ད་སོ་མ་ནར་སོན་པའི་གནད་འགག་གི་དུས་བབ་ཡིན་པའི་མི་ཚད། སློབ་སྦྱོང་གི་དུས་སྐལ་ཡག་པོ་ལུས་སེམས་འཕར་འཇགས་ཀྱི་དུས་ཚིགས་གལ་ཆེན་ཡང་ཡིན་པའི་ཁར། མཚར་སྣང་ཆེ་ལ་རང་སེམས་ཚོད་འཛིན་ལ་ཞན་སྟབས། དར་མ་རྣམས་དང་བསྡུར་ན་ཁ་པར་ཁྲོད་ཀྱི་འདོད་བརྙན་སྣ་ཚོགས་ཀྱིས་ཅིག་ཅར་དུ་བསླུ་བྲིད་ཐེབས་སླ་ཞིང་དེའི་ཁྲོད་དུ་སེམས་ཆགས་པ་དེ་བས་ཀྱང་སླ། དེར་བརྟེན་དྲ་རྒྱ་དང་ཁ་པར་གྱི་མ་ལག་ཁྲོད་དུ་ཆགས་སྲེད་འདོད་བརྙན་གྱི་ཁྱབ་བརྡ་དང་མ་རབས་ཐ་ཤལ་གྱི་ཆ་འཕྲིན་མང་པོ་མཐོང་རྒྱུ་ཡོད་པས་སྤྱི་ཚོགས་ཁོར་ཡུག་ལ་ཤན་ཤུགས་ངན་པ་ཐེབས་པ་གདོན་མི་ཟ་ཞིང་། ནར་མ་སོན་པའི་ན་ཆུང་གཞོན་ནུ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཡང་གནོད་པ་ཆེན་པོ་ཡོད་དོ། །
6.གྲོགས་ཟླ་མང་པོ་བཙལ་བས་སློབ་གྲྭ་རུ་བརྙས་བཅོས་ཁུར་བ།
སློབ་མས་ཁ་པར་བརྒྱུད་དེ་སློབ་ར་ནས་ཚོགས་པ་བཙུགས་ཤིང་ཕྱོགས་ཁག་བགོ་བའི་སྣང་ཚུལ་ཡོད་ལ། གལ་ཏེ་རྐྱེན་ག་གེ་མོའི་དབང་གིས་སློབ་གྲོགས་ཕན་ཚུན་བར་འགལ་བ་བྱུང་ཚེ། མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར་བ་ལྟར་ཚོགས་པ་དང་ཚོགས་པ་འཁོན་འཛིང་བྱེད་པའི་གནས་ཚུལ་འབྱུང་། ལྷག་པར་དུ་ཁ་པར་བརྒྱུད་དེ་ཕོ་མོའི་འབྲེལ་བ་འཛུགས་གིན་པ་མང་ལ། བརྩེ་དུང་ལ་མཇུག་འབྲས་མེད་པར་གྱུར་བ་དང་། བརྩེ་དུང་ལ་གོད་ཆག་བྱུང་ཚེ། ཕན་ཚུན་ཞེ་འགྲས་ནས་རྡུང་རྡེག་གི་སྦྱོར་བ་རྩོམ་པའང་ཡོད། འགལ་བ་འདི་དག་གིས་སློབ་ར་རུ་རྒྱུན་པར་གདུག་རྩུབ་ཀྱི་བྱེད་ཐབས་སྣ་ཚོགས་སློང་བས་འདི་ཡང་མཐར་དེད་ན་དྲ་རྒྱའི་སྟེང་དུ་བསླབས་ཤིང་སྤྱི་ཚོགས་འཕེལ་རྒྱས་ལའང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད།
7.ཕན་ཚུན་གཤིབ་ཅིང་བསྡུར་བས་ཐབས་ངན་སྤྱོད་ངན་གོམས།
སློབ་མ་རེ་འགས་མི་གཞན་པས་ཁ་པར་སྤྱོད་པ་ལ་ཡིད་སྨོན་སྐྱེས་ཏེ་ཐབས་ངན་གང་ཡོད་སྤྱད་ནས་ཁ་པར་ཉོ་བཞིན་ཡོད་དེ། ལ་ལས་སློབ་གྲྭས་སློབ་ཡོན་བསྡུ་བར་ཁ་གཡོར་བའམ་ཡང་ན་ཉིན་གཅིག་གི་ཟས་ཐུན་གྲོན་ཆུང་བྱས་ཏེ་ཅིས་ཀྱང་ཁ་པར་ཞིག་ཉོ་བ་རེད། གང་ལྟར་ཀྱང་ཁོ་ཚོས་ཁ་པར་ལེགས་པོ་ཞིག་ཉོ་ཆེད་ཐབས་གང་ཡོད་འཐེན་ཏེ་དོན་དག་འགྲུབ་ཅི་ཐུབ་བྱེད། གསར་འགྱུར་ཞིག་ལས་ལོ10ཅན་གྱི་བྱིས་པ་ཞིག་གིས་ལྐོག་ཏུ་ཁྱིམ་ནས་སྒོར་ཁྲི1.4ཙམ་ཁྱེར་ཏེ། དེའི་ཁྲོད་ཀྱི་སྒོར7000གྱིས་ཀུ་ཤུ་ལྔ་བ་རྟགས་ཅན་ཞིག་ཉོས་པ་རེད། བྱིས་པ་དེས་བཤད་རྒྱུར“སློབ་གྲོགས་མང་ཆེ་བར་ཁ་པར་སྤྱོད་རྒྱུ་ཡོད་པས་བྱེད་ཐབས་ངན་པ་འདི་སྤྱད་པ་ཡིན”ཟེར། དུས་མཚུངས་སུ་སློབ་མ་ཐ་ཤལ་རེ་འགས་ཁ་པར་གསར་བ་ཉོ་འདོད་རུང་སྒོར་མོ་མེད་པའི་རྐྱེན་གྱིས་སློབ་གྲོགས་གཞན་པ་དང་ཤ་ཉེའི་སྒོར་མོ་བརྐུ་བའི་སྦྱོར་བའང་རྩོམ།
8.གཤིས་ཀ་འགྱུར་བས་རྐྱེན་ངན་མང་པོ་བསླངས།
2017ལོའི་ལོ་སྟོད་དུ་ཧྥུའུ་ཀྲིག་ལིན་ཁྲོན་སློབ་འབྲིང་གཉིས་པ་རུ་མི་གསོད་གྱོད་གཞི་ཞིག་བྱུང་། མཐོ་གསུམ་གྱི་སློབ་མ་ལིའུ་ཆེ་གེ་མོས་སློབ་གསེང་གི་དུས་ལ་ཁ་པར་རྩེད་བཞིན་པའི་སྐབས་སུ་དགེ་རྒན་གྱིས་མཐོང་སྟེ་ཁ་མལ་དེ་ནས་གཞུང་བཞེས་བྱས། འཛིན་བདག་སུང་ཆེ་གེ་མོས་ཁྱིམ་བདག་ལ་བརྡ་བརྒྱབ་པར་སློབ་མ་ལིའུ་ཆེ་གེ་མོ་མ་དགའ་བར་གོ་སྐབས་དང་བསྟུན་ཏེ་འཛིན་བདག་ལ་གྲི་ཡིས་བསྣུན་ཏེ་2009ལོའི་ཟླ2པར་ལོ་ན15ཅན་གྱི་ཐེན་ཅིན་གྱི་ན་ཆུང་ཞིག་ཉིན་གང་བོར་གློག་ཀླད་སྟེང་གི་རྩེད་འཇོ་ལ་རོལ་དྲགས་པས། ཁོའི་ཨ་མས་ཡང་དང་ཡང་དུ་འཁང་ར་དང་སྡུག་ཡུས་བཏོན་པ་ན། བུ་ཆུང་གིས་ཁོང་ཁྲོ་མ་ནོན་པར་ལྕགས་དབྱུག་ཅིག་བླངས་ནས་ཨ་མའི་མགོ་ལ་བརྒྱབ་པས་རྨས་སྐྱོན་ལྕི་མོ་ཕོག་སྟེ་མཐའ་མར་འཇིག་རྟེན་མི་ཡུལ་དང་བྲལ་བ་རེད། 2009ལོའི་ཟླ6པར། སུའུ་ཀྲིག་གི་ལོ་ན16ཡིན་པའི་ན་ཆུང་ཞིག་དྲ་རྒྱར་མགོ་འཁོར་རྒྱུ་མང་དྲགས་པས། ཕ་མས་ཁོ་ལ་སྐྱོན་བརྗོད་བྱས་པར་ཁོས་ཞེ་སྡང་མ་བཟོད་པར་ཐོག་ཁང་ལས་མར་ལྡིང་པས་རང་ཤི་བརྒྱབ་པ་རེད། འདི་ལྟ་བུའི་གྱོད་གཞི་རེ་རེས་ང་ཚོ་ཧ་ལས་ཤིང་ཧང་སངས་སུ་བཅུག་འོངས། འདི་ཚང་མ་ཡང་ཁ་པར་གྱིས་བཟོས་པའི་ཉེས་སྐྱོན་ཆེན་པོ་དག་ཡིན་པས་ཆག་སྒོ་ནི་བློ་ཡུལ་ལས་འགོངས།
མདོར་དེད་ན། མི་དར་མས་ཀྱང་ཁ་པར་རྩེ་རྒྱུར་ཚོད་འཛིན་བྱེད་དཀའ་བས། རང་རྟོགས་ཀྱི་ནུས་པ་ཞན་ལ། མཚར་འཛིན་གྱི་བློ་ཆེ་བ། རྩེད་གཡེང་ལ་དགའ་ཞིང་སློབ་སྦྱོང་ལ་བརྩོན་པས་འཇུག་པའི་གནད་འགག་གི་དུས་རིམ་འདིར་བརྒྱུད་པའི་ན་ཆུང་གཞོན་ནུ་རྣམས་ལ་མཚོན་ན། ཁ་པར་ནི་ཉལ་ཐ་ཞིག་སྦྱིན་པ་དང་ཀུན་ནས་མཚུངས་པས་མི་ཚེ་གང་བོ་ཉམས་རྒུད་དུ་འགྲོ་བར་རམ་འདེགས་བྱས་པ་བཞིན་ནོ། །
ན་ཆུང་གཞོན་ནུའི་བྱ་སྤྱོད་མང་པོ་ཞིག་མི་དར་མའི་བྱ་སྤྱོད་ལ་ལད་མོ་བྱས་པ་ལས་གོམས་པ་རེད། ཁྱེད་ཀྱིས་ཞིབ་ཏུ་སོམས་དང་། ན་ཆུང་གཞོན་ནུས་དང་ཐོག་ཁ་པར་ལ་རྩེད་དུས་ཁྱོད་ཀྱི་བྱ་སྤྱོད་ལ་ལད་ཟློས་བྱས་པ་མ་ཡིན་ནམ། ན་ཆུང་གཞོན་ནུ་རྣམས་ཁ་པར་ལ་རྩེ་རྒྱུ་ཉུང་དུ་གཏོང་དགོས་ན། རྒན་པ་རྣམས་ཀྱིས་ཁོ་ཚོའི་མདུན་དུ་ཁ་པར་རྩེ་ཇེ་ཉུང་དུ་གཏོང་དགོས། ན་ཆུང་གཞོན་ནུ་དང་མཉམ་དུ་སྡོད་སྐབས། ཁོ་ཚོ་དང་ཆབས་ཅིག་ཏུ་རྩེད་འཇོ་ལ་རོལ་བའམ་ཡང་ན་དཔེ་ཆར་ལྟ་བ་སོགས་ཕན་འབྲས་ཆེ་བའི་དོན་དག་སྒྲུབ་ན་བཟང་། དོན་ངོ་མར་ཁྱོད་ཀྱིས་ན་ཆུང་གཞོན་ནུར་འགན་ཁུར་ན་ཁོ་ཚོ་དང་མཉམ་དུ་སྡོད་སྐབས་ཁ་པར་གྱི་སྒོ་རྒྱག་རོགས། འགན་འཁྲི་ཟབ་པའི་ཁྱིམ་བདག་ཞིག་ལ་མཚོན་ན་རྒྱུན་པར་ཁ་པར་ལག་སྣེ་རུ་བཟུང་ན་མི་འགྲིག་སྟེ། དོན་དངོས་སུ་ཁྱོད་ཀྱིས་ན་ཆུང་གཞོན་ནུའི་ལོ་རབས་ཁོ་ན་བརླག་པ་མ་ཡིན་པ་ཤེས་པར་གྱིས། །