༄༅།། མདོ་སྨད་ཡུལ་གྱི་རྫོང་ཆེན་བཞི།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-02
ཤ་རྫོང་རི་ཁྲོད།
ཤ་རྫོང་རི་ཁྲོད་ནི་ཙོང་ཆའི་ལྷོ་རྒྱུད་དེ་མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་ཟི་ལིང་ཤར་ཕྱོགས་ཀྱི་ཕེན་ཨན་གྲོང་ཁྱེར་ཕེན་ཨན་ཆུས་ཀྱི་ལྷོ་ནུབ་ཏུ་ལེ་དབར་ཉེར་བརྒྱད་ཀྱི་སར་རྒྱབ་རི་བྲག་ལ་བརྟེན་ནས་ཆགས་ཡོད་ཅིང་། རྫོང་ཆེན་འདིའི་མདུན་རི་དང་ལུང་བར་ནགས་ཀྱིས་ཁེངས་ལ་གནའ་སྔ་མོར་གནས་ཕུན་སུམ་ཚོགས་པ་འདིར་ཤྭ་བ་རྩེད་འཇོར་རོལ་བའི་གནས་དབེན་པ་ཞིག་ཡིན་པས་ན་ཤྭ་རྫོང་དུ་བཏགས་སྐད།
དེ་ཡང་ཀརྨ་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ་ཡོན་རྒྱལ་རབས་བཅུ་པ་ཐོ་ཀན་ཐེ་མུར་གྱིས་གདན་དྲངས་པ་ལྟར་རྒྱ་ནང་དུ་ཕེབས་དུས་ཤྭ་རྫོང་རི་ཁྲོད་དུ་བཞུགས་མྱོང་བར་མ་ཟད། བྱ་ཁྱུང་དགོན་འདེབས་པ་པོ་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་རྣམས་གནས་འདིར་ཡུན་རིང་བཞུགས་ཤིང་སྒོམ་སྒྲུབ་མཛད། གྲུབ་ཆེན་གནམ་སྔོན་རབ་འབྱམས་པས་ཀརྨ་པའི་སྐུ་གདུང་མཆོད་རྟེན་དང་གཙུག་ལག་ཁང་བཞེངས། དེ་རྗེས་ཧན་སྟག་ལུང་སྐུ་སྐྱེས་སྒྲུབ་སྡེ་གསར་དུ་བཙུགས། རྒྱལ་དབང་ལྔ་པ་ཆེན་མོར་ཞུས་ཏེ་མགོན་ཆོས་གཉིས་ལ་གཉེར་གཏད་དང་མཚན་ལ་དགའ་ལྡན་སྐྱེད་ཚལ་ཞེས་པར་བསྩལ།
ཨ་ཆུང་གནམ་རྫོང་།
ཨ་ཆུང་གནམ་རྫོང་བསམ་གཏན་ཆོས་འཕེལ་གླིང་ངམ་གནམ་རྫོང་ཇོ་མོ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནང་དུ་གནས་ཤིང་། སྔ་འགྱུར་རྙིང་མའི་ལུགས་ཀྱི་བཙུན་མའི་དགོན་པ་གྲགས་ཅན་ཞིག་ཡིན། དེ་ཡང་ཁམས་རར་སྟོད་ན་དཀར་པོ་ལྷ་ཡི་རྫོང་དྲུག བར་ན་དམར་པོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་ཅེས་རྫོང་ཆེན་བཅོ་བརྒྱད་ཡོད་ཅིང་། དེའི་ནང་ཚན་དབེན་འབྱུང་ནམ་མཁའ་རྫོང་ཞེས་པ་རྩེ་མོ་རྡོ་རྗེ་རྩེ་གསུམ་པའི་དབྱིབས་མཚོན་པའི་སུལ་གསུམ་དང་། རྡོ་རྗེའི་ར་གདེངས་པའི་འབུར་གསུམ་བཅས་གསལ་བོར་ཡོད་པའི་གནས་རི་དེའི་མདུན་ན། གནས་དེའི་སྒོ་རྒྱའི་ཚུལ་དུ་བྲག་ཨ(འ)ཆུང་གི་དབྱིབས་རང་བྱོན་དུ་མངའ་བས་ཨ་ཆུང་ཞེས་བརྗོད་པ་དང་རི་འདི་མཐོན་པོར་ཡོད་པའི་ཆ་ནས་གནམ་རྫོང་དུ་ཐོགས་པ་རེད།
དུས་རབས་དགུ་པའི་དཀྱིལ་ཙམ་ལ་བཙན་པོ་འུ་དུམ་བཙན་གྱིས་སངས་རྒྱས་ཆོས་ལུགས་བསྣུབས་པས། བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་རྡོར་བཅས་སྔ་ཕྱིར་མདོ་སྨད་ཨ་ཆུང་གནམ་རྫོང་དུ་བྱོན་ནས་ཡུན་རིང་བཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་། རབ་བྱུང་བཅུ་གཉིས་པའི་དུས་དཀྱིལ་ཙམ་ལ་ཁམས་ར་རྫོང་ཆེན་བཅོ་བརྒྱད་ཅེས་པའི་ཡ་གྱལ་ཇོ་མོ་རྫོང་ངམ་རྔ་རྫོང་དུ་རྣམ་འབྱོར་མ་ཡེ་ཤེས་སྒྲོལ་མ་ཟེར་བ་སོགས་བཙུན་མ་དམ་པ་སྐད་གྲགས་ཅན་མང་པོ་གནས་འདིར་བྱུང་བར་བརྟེན། རྔ་རྫོང་དུ་ཇོ་མོ་རྣམས་ཀྱི་སྒྲུབ་པའི་གདན་ས་ཇོ་མོ་དགོན་པ་ཞིག་ཆགས་ཏེ་རིམ་བཞིན་མདོ་སྨད་ཡུལ་གྱི་བཙུན་མ་རྣམས་ཀྱིས་སྒོམ་སྒྲུབ་སྤེལ་བའི་ལྟེ་གནས་སུ་གྱུར་ཅིང་། རྔ་རྫོང་བྱ་བའང་ཇོ་མོ་རྫོང་ཞེས་པར་གྲགས་སོ།། དུས་རབས་བཅོ་བརྒྱད་པར་དགུ་རོང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་རིང་ལ་ཇོ་མོ་དགོན་པ་སྔ་འགྱུར་རྙིང་མའི་མ་དགོན་ཨ་ཆུང་གནམ་རྫོང་སྔགས་མང་དགོན་གྱི་ལོགས་སུ་སྤར་ཏེ་སྔགས་མང་དགོན་གྱི་མ་ལག་ཏུ་བསྒྱུར།
བྲག་དཀར་སྤྲེལ་རྫོང་།
བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོའི་ཞིན་ཧེ་རྫོང་གི་ཁོངས་སུ་ཆགས་ཡོད།སྔོན་མཁན་སློབ་ཆོས་གསུམ་བོད་དུ་ཞལ་འཛོམས་པའི་དུས་ཙམ་ལ་སློབ་དཔོན་པདྨ་འབྱུང་གནས་མཚོ་ཁྲི་གཤོག་རྒྱལ་མོར་ཕེབས་ནས་དམ་སྲི་སྤུན་དགུ་དམ་ལ་བཏགས་པ་ན་དམ་སྲི་བདུན་བྲོས་ནས་སྤྲེལ་རྫོང་བྲག་ལ་གནས་འཆའ་བ་འདུལ་ཆེད་དུ་འདིར་ཕེབས་ནས་རྡོ་རྗེ་ཕུག་པར་སྒྲུབ་པ་མཛད་ཚེ་བྲག་སྒོ་སྲིན་པོས་ཕ་བོང་བཀབ་པ་ན་སློབ་དཔོན་རིན་པོ་ཆེ་ཉིད་རྡོ་རྗེ་གསོར་བའི་སྟེང་ནས་བྱོན་ཏེ་གནམ་ལྕགས་རྡོ་རྗེས་བརྒྱབ་ནས་སྲིན་པོ་བསྒྲལ་བའི་རྗེས་ཤུལ་དུ་སྲིན་པོ་ཕོ་གདོང་མོ་གདོང་སོགས་ད་ལྟ་དངོས་སུ་ཡོད་པ་དང་།གནས་མཆོག་རྡོ་རྗེ་གློ་དཀར་གསལ་བའི་ནང་དུ་གནས་བདག་སྤྲེལ་མགོ་ཅན་བྱུང་བ་དམ་ལ་བཏགས་ནས་བསྟན་སྲུང་དུ་བཅོལ་བ་དང་། གཉན་སྤྲེལ་ཟླ་བ་ཆེན་པོ་ཞེས་མཚན་གསོལ། དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་འོངས་དམ་སྲི་མི་འབྱུང་བར་སྨོན་ལམ་གནང་བ་དང་གཏེར་ཁ་མང་དུ་སྦས།ཕྱོགས་བཞིའི་བྲག་ངོས་སུ་ཞབས་རྗེས་དངོས་སུ་བཞག་ཡོད་པས་མཐའ་འདུལ་གནས་ཀྱི་ཆེ་བ་ཞེས་བརྗོད་པ་དང་། སློབ་དཔོན་པདྨ་འབྱུང་གནས། ཁྲོ་བོ་མི་གཡོ་བ། ཚེ་དཔག་མེད། གསང་འདུས། བདེ་མཆོག ཀྱེེ་རྡོར། འཇིགས་བྱེད།བསྐལ་བཟང་གི་སངས་རྒྱས་སྟོང་། རིགས་གསུམ་མགོན་པོ་སོགས་བཟོ་བོ་མཁས་པའི་པིར་རྩེ་ལས་བསྐྲུན་པ་ལྟ་བུ་འབུར་དོད་དུ་ཡོད་པ། མ་ཎི་ཡིག་དྲུག ཨ་དང་ཨོཾ། མཚན་སྔགས་སོགས་ཡིག་འབྲུ་གསལ་བ་མང་དུ་མཇལ་རྒྱུ་ཡོད། དུང་གཡས་འཁྱིལ་དང་། བཀྲ་ཤིས་རྟགས་བརྒྱད། ཤེལ་དཀར་གྱི་མཆོད་རྟེན། རྒྱུད་སྡེ་བཞིའི་དཀྱིལ་འཁོར། གཞལ་ཡས་ཁང་སོགས་རང་བྱོན་དུ་ཡོད་པ་དང་། རྒྱབ་མདུན་གྱི་རིར་ངོ་མཚར་ཞིང་ཡིད་དུ་འོང་པའི་སྒྲུབ་ཕུག་དང་ལྟ་ན་སྡུག་པའི་གནས་ཀྱི་བཀོད་པ་འདི་ལ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཕག(1923)ལོར་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་སྐུ་གོང་མས་ལུང་བསྟན་བཞིན་ཆོས་སྡེ་ཆེན་པོ་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་འདི་ཉིད་ཕྱག་འདེབས་གནང་།
ཕུ་ལ་ཡང་རྫོང་།
ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་ནི་མདོ་སྨད་ཙོང་ཆུའི་ལྷོ་ཕྱོགས་ཏེ་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་ཀྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉེར་བདུན་གྱི་སར་གནས། བཙན་པོ་འུ་དུམ་བཙན་གྱིས་སངས་རྒྱས་བསྟན་པ་བསྣུབས་དུས། བོད་ཀྱི་མཁས་པ་མི་གསུམ་དུ་གྲགས་པའི་གཙང་རབ་གསལ་དང་དམར་ཤཱཀྱ་མུ་ནེ་རྣམ་གཉིས་འདི་གར་ཡུན་རིང་བཞུགས་ཏེ་སྒོམ་སྒྲུབ་མཛད། ཕྱིས་སུ་མདོ་སྨད་ཀྱི་རི་ཁྲོད་པ་མང་པོ་གནས་འདིར་ཕེབས་ཤིང་། ལི་ཀྱ་རབ་འབྱམས་པ་ཤེས་རབ་མཆོག་ལྡན་གྱིས་བོད་རབ་བྱུང་བཅུ་པའི་ས་ལུག (1619)ལོར་གྲོ་ཚང་དགོན་བཀྲ་ཤིས་ལྡིང་ཁང་བཏབ་རྗེས། རི་ཁྲོད་འདི་གྲོ་ཚང་ལྷ་ཁང་གོོ་ཏམ་སྡེ་དགེ་རྒྱས་བདེ་ཆེན་གླིང་དང་གྲོ་ཚང་དགོན་བཀྲ་ཤིས་ལྡིང་ཁང་གཉིས་ཀྱི་བཙུན་པས་སྒོམ་སྒྲུབ་བྱེད་པའི་གནས་གཙོ་བོར་གྱུར། བོད་རབ་བྱུང་བཅུ་བཞི་པའི་ནང་གྲོ་ཚང་ལྷ་ཁང་གོོ་ཏམ་སྡེ་དགེ་རྒྱས་བདེ་ཆེན་གླིང་གི་སྤྲུལ་སྐུ་བྲག་དཀར་སྐུ་ཕྲེང་གསུམ་པ་མཁན་ཆེན་བསྐལ་བཟང་བསྟན་འཛིན་རྒྱ་མཚོས་ཡང་རྫོང་རི་ཁྲོད་དུ་མ་དྲོས་ལྷ་ཁང་སོགས་བཞེངས་པ་ལ་བརྟེན་ནས་རི་ཁྲོད་འདི་བོད་བརྒྱུད་ནང་བསྟན་གྱི་བཙུན་པས་སྒོམ་སྒྲུབ་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཏོ། །
《བོད་ཀྱི་དགོན་སྡེ་གྲགས་ཅན》ལྟར་བསྒྲིགས།