[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་ཆུ་དམར་ཤང་གི་འཁྱག་ཆུ་དགོན་དུ་འགོ་ལོག་རྭ་རྒྱ་དགོན་པའི་བཀའ་འགྱུར་ཚར་གཅིག་ཉར་ཚགས་བྱས་པ་དེ་གསར་རྙེད་བྱུང་ཚུལ་དང་། བཀའ་འགྱུར་དེའི་མ་དཔེ་བཤེར་འབེབས་བགྱིས་ཏེ། དུས་གང་དང་། རྒྱུ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་དཔར་ཤིང་གསར་བརྐོ་བྱས་པ་སོགས་འགོ་ལོག་རྭ་རྒྱ་བཀའ་འགྱུར་གྱི་ལོ་རྒྱུས་དང་ཁྱད་ཆོས་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱས་པ་ཞིག་ཡིན།
[བརྡ་ཆད་གཙོ་བོ།] རྭ་རྒྱའི་བཀའ་འགྱུར། འཁྱག་ཆུ་དགོན། བཤེར་འབེབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] P128
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0105-13
ལོ་རྒྱུས་ཐོག་མདོ་སྟོད་འགོ་ལོག་གི་རྭ་རྒྱ་དགོན་①དུ་བཀའ་འགྱུར་ཤིང་པར་ཞིག་ཡོད་པའི་སྐོར་རྒྱལ་ཁབ་ཕྱི་ནང་དུ་རྩོམ་ཡིག་མང་པོའི་ནང་དུ་འཁོད་ཡོད་ཀྱང་། རྭ་རྒྱའི་བཀའ་འགྱུར་གྱི་པར་ཤིང་ཡོངས་རྫོགས་“རིག་གནས་གསར་བརྗེའི་”སྐབས་རྩ་བརླག་ཏུ་སོང་སྟབས། སྤྱི་ལོ་1983ལོར་བོད་ཀྱི་མཁས་དབང་བཀྲ་ཤིས་ཚེ་རིང་གིས་རྭ་རྒྱའི་བཀའ་འགྱུར་དཀར་ཆག་པར་སྐྲུན་གནང་བ་དེ་ཙམ་ལས། གཞན་མ་ཡིག་ངོ་མའི་ཤོག་ལྡེབ་ངོས་གཅིག་ཙམ་ཡང་མཐོང་རྒྱུ་མི་འདུག རྒྱལ་ཡོངས་བདུན་ལྔའི་འཆར་གཞི་ལས་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག་སྐོར་གྱི་ཞིབ་འཇུག་ཚན་པ་གལ་གནད་ཅན་དང་། དགུ་ལྔའི་དཔེ་སྐྲུན་འཆར་གཞིར་བཀོད་པའི་བོད་ཡིག་གི་བཀའ་བསྟན་དཔེ་བསྡུར་དང་དཔེ་སྐྲུན་གྱི་ལས་གཞི་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་འོག་བཀའ་བསྟན་དཔེ་སྡུར་ཁང་གིས་སྤྱི་ལོ་1987ལོར་དབུ་བརྩམས་ཏེ་2008ལོར་མཇུག་ཡོངས་སུ་ལེགས་གྲུབ་བྱུང་ཡོད། དེ་སྐབས་རྒྱལ་ཁབ་ཀྱི་ནོར་སྲིད་ཐོག་ནས་འགྲོ་གྲོན་དེ་བཞིན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཡིག་བཀའ་བསྟན་པར་མ་འཚོལ་བསྡུ་བྱས་ཀྱང་། རྭ་རྒྱའི་བཀའ་འགྱུར་གྱི་པར་མ་རྙེད་པས་བཀའ་འགྱུར་དཔེ་བསྡུར་མའི་ནང་དུ་འཇོག་མ་ཐུབ། དེ་བཞིན་བོད་ཀྱི་རིག་གནས་ལ་ལྷག་བསམ་ཅན་མང་པོས་འདིའི་སྐོར་ལ་ཐུགས་ཁུར་དང་དོ་སྣང་ཤིན་ཏུ་ཆེན་པོས་མུ་མཐུད་རྩད་གཅོད་མཛད་ཀྱང་ཐ་ན་རྭ་རྒྱ་བཀའ་འགྱུར་པར་ཤིང་བཞུགས་ཡུལ་མདོ་སྨད་རྭ་རྒྱའི་ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་འབྱུང་གནས་དང་དེའི་དགོན་ལག་དང་ཉེ་འཁོར་གྱི་ཡུལ་ཕྱོགས་དེ་དག་ལའང་རྭ་རྒྱའི་བཀའ་འགྱུར་གྱི་མ་དཔེ་ཤོག་ངོས་གཅིག་ཀྱང་རྙེད་རྒྱུ་མ་བྱུང་། དེ་ནི་“རིག་གསར་”གྱིས་གཏོར་བརླག་ཉེས་ཚབས་ཆེན་པོ་ཐེབས་པའི་འབྲས་བུ་ཡིན་པ་རྟོགས་ཐུབ།
གཅིག རྭ་རྒྱའི་བཀའ་འགྱུར་གྱི་མ་དཔེ་གསར་རྙེད་བྱུང་ཚུལ།
རྭ་རྒྱའི་བཀའ་འགྱུར་མ་དཔེ་ཇི་ལྟར་གསར་རྙེད་བྱུང་ཚུལ་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་གླིང་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསུངས་པར། “ཁོ་བོ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་དུ་ལྡི་ཚ་ཡེ་ཤེས་རྒྱ་མཚོའི་②(1917-1995)སྐུ་མདུན་ནས་སློབ་སྦྱོང་བྱེད་བཞིན་ཡོད་སྐབས། ཉིན་ཞིག་ཡུལ་དེའི་གྲྭ་པ་ཞིག་གིས་ཤིང་རྟ་དྲངས་ནས་བླ་མ་ལ་ལོ་སར་སྐྱེལ་བར་ཕེབས་བྱུང་། དེ་སྐབས་ང་དང་གྲྭ་པ་ཁ་ཤས་ཀྱིས་བླ་མའི་མདུན་ནས་ཆོས་ཁྲིད་ཞུ་བཞིན་ཡོད། སྐབས་དེར་བླ་མས་ཆོས་ཁྲིད་ཆད་འགྲོ་བ་མ་གཏོགས་དེ་རིང་ཁྱོད་རང་གྲྭ་པ་འདི་དང་ལྷན་དུ་སོང་ན་རྭ་རྒྱའི་བཀའ་འགྱུར་མཚལ་པར་མར་མཇལ་ཐུབ། རྭ་རྒྱའི་བཀའ་འགྱུར་དེ་ཤིན་ཏུ་ངོ་མཚར་བ་ཡོད། བཀའ་འགྱུར་དེའི་དཀར་ཆག་ནང་དུའང་རྭ་རྒྱ་དགོན་པའི་ལོ་རྒྱུས་དང་རྭ་རྒྱ་བཀའ་འགྱུར་ཇི་ལྟར་བཞེངས་ཚུལ་སོགས་ཞིབ་ཆ་མཇལ་རྒྱུ་ཡོད་ཅེས་དང་། ད་དུང་རྩེད་མཚར་གྱིས་ཤིང་རྟ་ལ་མཛུབ་མོ་བཙུགས་ནས་ལྟོས་དང་རླངས་འཁོར་ཡང་བསུ་སར་སླེབས་འདུག་ཅེས་གསུངས། ཡིན་ནའང་དེ་སྐབས་ང་རང་ལོ་ན་ཆུང་བའི་རྐྱེན་གྱིས་གྲྭ་པ་དེ་ས་ཆ་གང་དང་དགོན་པ་གང་གི་ཡིན་པ་སྣང་འཇོག་བྱེད་ཐུབ་མི་འདུག་གསུངས། དེ་རྗེས་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ལ་རྭ་རྒྱ་དགོན་པས་སྔོན་གྱི་བཀའ་འགྱུར་པར་དུ་འདེབས་རྒྱུའི་འཆར་གཞི་མཛད་སྐབས་རྭ་རྒྱའི་བཀའ་འགྱུར་གྱི་མ་དཔེ་མ་རྙེད། སྔོན་བླ་མས་དཔའ་ལུང་རྫོང་ཁོངས་སུ་རྭ་རྒྱའི་བཀའ་འགྱུར་ཡོད་ཚུལ་གསུངས་པ་ཙམ་ལས་དགོན་པ་གང་ཡིན་མ་དྲན། དཔའ་ལུང་རྫོང་གི་ཕྱོགས་སུ་རྩད་གཅོད་བྱས་ཏེ་ལས་འགོ་བརྩམས་ཀྱང་ས་ཆ་གསལ་པོ་མ་ཤེས་སྟབས་དོན་འབྲས་མ་སྨིན། ང་རང་བླ་མའི་གསུང་ལ་ཡིད་ཆེས་ཀྱིས་དཔའ་ལུང་རྫོང་གི་ས་ཆ་གང་ཞིག་ལ་ཡོད་ངེས་པར་ཡིན་སྙམ་ནས། མུ་མཐུད་རྩད་གཅོད་བྱས་པ་ཡིན། དཔའ་ལུང་རྫོང་ཁོངས་སུ་དགོན་པ་བདུན་ཅུ་ཙམ་ཡོད་ལ། རྫོང་དང་ཐག་ཉེ་སའི་ཕྱོགས་ཀྱི་དགོན་པ་རེ་རེ་བཞིན་སྐད་ཆ་དྲིས་ཏེ་སོང་ཡང་། ཤེས་མཁན་གཅིག་ཀྱང་མ་བྱུང་། 2010ལོའི་སྤྱི་ཟླ་6པར་ཨ་རིའི་ནུའུ་ཡོག་གི་གྲོང་ཁྱེར་ནས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་དང་མཇལ་ཏེ་དེའི་སྐོར་བཀའ་མོལ་ཞུས་པ་ན། ཁོང་གིས་ཁྱེད་ཀྱིས་མུ་མཐུད་རྩད་གཅོད་གནང་དང་། ངེས་པར་རྙེད་རྒྱུ་རེད། གཅིག་བྱས་ན་སྐུ་འདྲ་དང་མཆོད་རྟེན་གསར་བཞེངས་བྱེད་སྐབས་གཟུངས་གཞུག་ཏུ་ཕུལ་ཚར་ཡོད་པའང་སྲིད་ཅེས་གསུངས། དེས་ང་ལ་མུ་མཐུད་རྩད་གཅོད་བྱེད་རྒྱུའི་སྐུལ་མ་ལྷག་པར་ཐེབས་ཏེ་ཡུལ་དེའི་དགོན་པ་ཁག་གིས་སྐུ་འདྲ་ཆེན་པོ་དང་མཆོད་རྟེན་ཆེན་པོ་བཞེངས་ཡོད་མེད་དང་། དེ་དག་གི་ནང་དུ་གཟུངས་གཞུག་དེ་འདྲ་ཕུལ་ཡོད་མེད་སྐོར་རྩད་གཅོད་བྱས་ཀྱང་དེ་འདྲའི་གནས་ཚུལ་མཐོང་ཐོས་མ་བྱུང་། སྤྱི་ལོ་2013ལོར་འཁྱག་ཆུ་དགོན་པ་ལ་དཔེ་རྙིང་མང་པོ་ཞིག་ཡོད་པའི་གནས་ཚུལ་ཐོས་འཕྲལ་ལོ་དེའི་སྤྱི་ཟླ་9པའི་ཚེས་22ཉིན་ཆེད་དུ་དགོན་དེར་བཅར་བ་ཡིན། དགོན་པའི་མདུན་ཁང་གི་ཆོས་ཁྲི་དྲྭ་མིག་ཏུ་གླེགས་བམ་མང་པོ་བརྩིགས་ཡོད་པ་མཐོང་བས། དེ་བླ་མས་གསུངས་པའི་རྭ་རྒྱའི་བཀའ་འགྱུར་དེ་ཨེ་ཡིན་སྙམ་ནས། དགོན་དེའི་གྲྭ་པ་རྣམས་ལ་ཅི་ཡང་མ་ལབ་པར་གླེགས་བམ་ཞིག་ཚུར་བླངས་ནས་ཁ་ཕྱེས་འཕྲལ་དེ་རྭ་རྒྱའི་བཀའ་འགྱུར་རེད་འདུག ངས་ལོ་མང་རྩད་གཅོད་ཞུས་པའི་དོན་འབྲས་དངོས་སུ་ཐོབ་པ་དང་། བོད་གངས་ཅན་ལྗོངས་སུ་བཀའ་འགྱུར་གྱི་ལོ་རྒྱུས་ཁྲོད་རྭ་རྒྱའི་བཀའ་འགྱུར་ཞེས་པ་རྩ་མེད་དུ་སོང་མེད་པར་སླར་རྙེད་པ་དེས་སྲིད་ན་དཀོན་པའི་ནོར་བུ་ཞིག་རྙེད་པ་ལྟ་བུའི་དགའ་སྤྲོ་ཚད་མེད་སྐྱེས། དགོན་དེའི་གྲྭ་པ་རྣམས་ལ་འདི་ནི་རྭ་རྒྱའི་བཀའ་འགྱུར་རེད་འདུག ད་ལྟ་འདི་ཉིད་མ་གཏོགས་རྭ་རྒྱའི་བཀའ་འགྱུར་པར་མ་འཇིག་རྟེན་འདིར་ལུས་མེད་པས་བཤེར་འབེབས་བྱེད་བཅུག་རོགས་ཞེས་རེ་བ་ཞུས་ཀྱང་། དགོན་དེའི་གྲྭ་པ་རྣམས་ཀྱིས་ཐུགས་མོས་མེད་པའི་སྒོ་ནས། བཀའ་འགྱུར་འདི་ནི་དགོན་འདིའི་རྒན་རབས་མང་པོས་རང་གི་སྲོག་ལ་བསྡོས་ཏེ་ཉར་ཚགས་བྱས་པ་ཞིག་ཡིན་སྟབས། ཡུལ་དགོན་གཉིས་ཀར་གྲོས་མོལ་མ་བྱས་ན་ཐག་མི་ཆོད། རྭ་རྒྱའི་བཀའ་འགྱུར་འདིར་བཞུགས་ཚུལ་གཞན་ལ་བསྒྲགས་ན་བོར་བརླག་ཤོར་རྒྱུའི་ཉེན་ཁ་ཡོད་པས་སུ་ལའང་བཤད་མི་ཆོག་ཅེས་ཐ་ཚིག་བསྒྲགས་བྱུང་། དེ་རྗེས་ངས་ཡུལ་དེའི་སྡེ་པའི་འགོ་པ་དང་། སྔོན་“རིག་གསར་”སྐབས་བཀའ་འགྱུར་སྦས་སྐུང་མཛད་མཁན་གྱི་རྒན་པོ་ཚེ་རིང་དང་། དགོན་དེའི་འགན་ཁུར་གྱི་བླ་མ་སོགས་ལ་ཐེངས་མང་པོ་འབྲེལ་བ་བྱས་མཐར་2014ལོའི་ཟླ་བ་12པའི་ཚེས་19ཉིན་གཞི་ནས་དགོན་པས་བཤེར་འབེབས་བྱེད་ཆོག་རྒྱུའི་ཐུགས་མོས་བྱུང་སོང་’’ཞེས་གསུངས།།
གཉིས། འཁྱག་ཆུ་དགོན་དུ་རྭ་རྒྱའི་བཀའ་འགྱུར་ཇི་ལྟར་གདན་དྲངས་པའི་ཚུལ།
འཁྱག་ཆུ་དགོན་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་ཆུ་དམར་ཤང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་གཉིས་ཀྱི་སར་ཆགས་ཡོད། དགོན་འདི་མིང་རྒྱལ་རབས་ཀྱི་སྐབས་སུ་ཐང་རིང་དགོན་གྱི་ཨ་ལགས་རྒྱ་ཚང་གིས་ཕྱག་བཏབ་ཅིང་། གྲུབ་མཐའ་དགེ་ལུགས་པ་ཡིན། སྤྱི་ལོ་1958ལོར་③གྲྭ་པ་ལྔ་བཅུ་དང་། 1981ལོར་དགོན་པ་སྒོ་ཕྱེས།1990ལོར་དགོན་འདིར་གྲྭ་པ་སོ་བརྒྱད་ཙམ་ཡོད་པར་གྲགས། སྔོན་གྱི་འདུ་ཁང་“རིག་གསར་སྐབས་”ལུག་ར་བྱས་པའི་རྐྱེན་གྱིས་ཕྱི་ཁོག་ལུས་ཡོད། ད་ལྟ་གྲྭ་པ་བརྒྱད་དང་གྲྭ་ཁང་ཡང་བརྒྱད་ལས་མི་འདུག གྲྭ་ཁང་འདི་རྣམས་གཞུང་གིས་འགྲོ་གྲོན་ཕུད་ནས་གསར་དུ་བཞེངས་པ་རེད་ཟེར། ཕྱོགས་འདིར་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་ཞིང་ལོ་ཆུང་རྣམས་གྲྭ་པ་བྱེད་མཁན་མེད་སྟབས་དེང་དུས་གྲྭ་རྒྱུན་ཆད་ལ་ཉེ་བར་གནས།
བཀའ་འགྱུར་འདི་འཁྱག་ཆུ་དགོན་དུ་ཇི་ལྟར་གདན་དྲངས་ཚུལ་སྐོར་ལ་བཤད་སྲོལ་གཉིས་ཡོད་པ་ལས། བཤད་སྲོལ་དང་པོ། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། རྭ་རྒྱའི་བཀའ་འགྱུར་ཐོག་མའི་གྲས་ཚར་བཅུ་གསུམ་པར་དུ་བཏབ་པའི་ནང་ནས་གསེར་ལག་དགོན་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང་དུ་ཚར་གཅིག་གདན་དྲངས་མྱོང་ཡོད་པར་གྲགས་པ་དང་། ཁོང་གི་བླ་མ་ལྡི་ཚ་ཡེ་ཤེས་རྒྱ་མཚོས། གསེར་ལག་དགོན་④མཱ་པུ་ཧྥང་གིས་བཅོམ་ནས་རྭ་རྒྱའི་བཀའ་འགྱུར་པོ་ཏི་རྣམས་གྱམ་ཤིང་ཐོག་བཏགས་ནས་དམག་མི་གཉིས་རེས་བཏེགས་ཏེ་ཁུར་འོང་བའི་ལམ་བར། སྐུ་འབུམ་ནས་ཕྱིར་འོངས་པའི་གྲྭ་པ་ཁ་ཤས་དང་ཐུག་ནས། གྲྭ་པ་དེ་ཚོས་དངུལ་དཀར་པོ་སྒོར་བདུན་ཅུ་དོན་ལྔ་བྱིན་ནས་བླུས་ཏེ་ཡུལ་འདིར་གདན་དྲངས་པ་རེད་ཅེས་གསུངས་མྱོང་། དེ་རྗེས་ཡུལ་དེ་གང་ཡིན་མི་དྲན་ཡང་ད་ལྟ་ཟེར་དུས་འཁྱག་ཆུ་དགོན་པ་རེད་འདུག་གསུངས།
བཤད་སྲོལ་གཉིས་པ་ས་ཆ་དེའི་མི་རྣམས་ལ། ཡུལ་འདིའི་དཔོན་མགར་རྩེའི་སྟོང་དཔོན་གྱིས་ཟི་ལིང་རྒྱལ་པོའི་(མཱ་པུ་ཧྥང་)ལག་ནས་གསེར་མང་པོ་བྱིན་ནས་བཀའ་འགྱུར་འདི་བླུས་ཏེ་འཁྱག་ཆུ་དགོན་དུ་གདན་དྲངས་པ་རེད་ཅེས་བཤད་སྲོལ་འདུག
འོ་ན་གསེར་ལག་དགོན་ནས་གདན་དྲངས་པའི་དུས་ནམ་ཡིན་ཞེ་ན། 《ཀན་མཚོའི་བོད་བརྒྱུད་ནང་བསྟན་དགོན་པ་》ལས། “1923ལོར་གསེར་ལག་དགོན་པའི་ཉེ་འཁོར་གྱི་འབྲོག་པ་རྣམས་ཀྱིས་མཱ་ཆིའི་(马麒)ཁྲལ་ལོག་མ་བཟོད་ནས་བཙན་ཁྲལ་བསྡུ་མཁན་གཅིག་བསད། གཞན་གསེར་ལག་དགོན་དུ་ཡོད་པའི་ཁྲལ་བསྡུ་མཁན་ཐམས་ཅད་ཕྱིར་འབུད་བྱས། ལོ་དེའི་དབྱར་ཁར། མཱ་ཆིས་ཁོ་རང་གི་ཚ་བོ་མཱ་པུ་ཡོན་(马步元)དང་དམག་རོགས་མཱ་ཆོན་ཤིའི་(马全喜)གཉིས་ཀྱི་སྣེ་ཁྲིད་འོག་རྟ་དམག་ཆིག་སྟོང་ལྷག་བཏང་ནས་གསེར་དགོན་པའི་ཕྱོགས་འཁོར་ཐམས་ཅད་དྲག་གནོན་བྱས།དམག་མི་རྣམས་གསེར་དགོན་པ་ལ་འཛུལ་ནས། གཉེར་པ་བློ་བཟང་སོགས་མི་ཉེར་གསུམ་བསད། ལྔ་རྨས། སྐུ་གསུང་ཐུགས་རྟེན་སོགས་དངོས་པོ་རྣམས་འཕྲོག་བཅོམ་བྱས། འདུ་ཁང་ཕུད་པའི་གཞན་གྱི་ཁང་པ་སོགས་འཛུགས་སྐྲུན་རྣམས་གཅིག་ཀྱང་མ་ལུས་པར་མེ་བསྲེགས་བཏང་སྟེ། གྲྭ་པ་ཕལ་ཆེ་བར་དགོན་པ་གཞན་དུ་འགྲོ་དགོས་ཐུག”⑤ཅེས་འཁོད་པ་ལྟར་ན། རྭ་རྒྱའི་བཀའ་འགྱུར་འདི་ནི་སྤྱི་ལོ་1923ལོར་མཱ་ཇག་གིས་གསེར་ལག་དགོན་པ་བཅོམ་ནས་ཁུར་འོང་བའི་ལམ་ནས་ཡུལ་འདིའི་གྲྭ་པ་རྣམས་ཀྱིས་བླུས་ནས་གདན་དྲངས་འོང་བ་ཡིན་པར་མིན་ནམ་སྙམ།
གསུམ་པ། རྭ་རྒྱའི་བཀའ་འགྱུར་འདི་ཇི་ལྟར་སྲུང་སྐྱོབས་བྱས་ཚུལ།
“རིག་གནས་གསར་བརྗེའི་”སྐབས་འཁྱག་ཆུ་དགོན་པའི་མི་སེར་རྣམས་ཀྱིས་མཚན་མོར་མདུན་ཁང་དུ་སོང་ནས་བཀའ་འགྱུར་དེ་ལྐོག་ཏུ་སྦས། ཁོང་ཚོས་སྐབས་དེའི་ཉེན་ཁ་ཚབས་ཆེན་ལ་མ་འཛེམས་པར་སྔ་ཕྱི་གནས་མང་པོ་བརྗེས་ནས་སྦས་བསྐུངས་བྱས། དང་ཐོག་སྦས་སྐུང་བྱེད་མཁན་མི་ལྔ་དྲུག་ཙམ་ཡོད་པ་ལ། རྗེས་ནས་གསང་བ་ཕྱི་ལ་གྱར་བའི་དོགས་པས་གཙོ་བོའི་མི་གཉིས་གསུམ་ལས་ཤེས་མ་བཅུག ཐེངས་ཤིག་ཁོ་ཚོས་བྲག་ཕུག་ཅིག་ཏུ་བཀའ་འགྱུར་གྱི་གླེགས་བམ་རྣམས་སྦས་པར་ཁྱེར་སྐབས། ཡར་འགྲོ་དུས་ཁ་བ་ཆེན་པོ་འབབས་ཀྱིན་ཡོད་པ་ལ་མར་འོང་དུས་ཁ་བ་འབབས་མཚམས་ཆད་ཟིན། ཁ་བའི་ནང་དུ་རྐང་རྗེས་གསལ་པོར་དོད་ཡོད་པར་ཐམས་ཅད་འཇིགས་སྔངས་ཆེན་པོས་དོན་དེ་གང་འདྲ་བྱ་རྒྱུའི་གྲོས་མོལ་བྱ་སྐབས། མི་གཅིག་གིས་སང་ཞོགས་སྔ་མོར་བཀའ་འགྱུར་སྦས་སྐུང་བྱེད་སའི་བྲག་ཕུག་གི་ཕྱོགས་སུ་ལུག་ཁྱུ་བཏང་ནས་རྐང་རྗེས་རྣམས་བསུབ་ཐབས་བྱེད་ཟེར། ཐམས་ཅད་དེ་ལ་གྲོས་འཆམ་སྟེ་ཞོགས་པར་བཀའ་འགྱུར་སྦས་སའི་ཕྱོགས་སུ་ལུག་རྣམས་བཏང་བས་ལུག་གི་རྐང་རྗེས་ཀྱིས་མིའི་རྐང་རྗེས་རྣམས་བསུབ་ནས་ཉེས་སྐྱོན་མ་བྱུང་ཟེར། “རིག་གསར་”སྐབས་ཐོག་མར་བཀའ་འགྱུར་དེ་འདུ་ཁང་ནང་དུ་གཏོར་ཡོད་པ་དང་། དེ་རྗེས་སྦས་སྐུང་བྱེད་སྐབས་ཀྱང་མི་མང་པོས་ཡར་མར་དབོར་འདྲེན་ཐེངས་མང་བྱས་རྐྱེན་ཤོག་ལྡེབ་རྣམས་གླེགས་བམ་ཡར་མར་འཁྲུགས་ནས་ཀློག་མི་ཐུབ་པ་གྱུར་ཡོད་ཟེར། 1978ལོའི་ཡར་མར་དགོན་འདིའི་ལྷ་སྡེའི་ནང་དུ་ཨ་ལགས་ནོར་བུ་ཚང་ཞེས་པ་ཞིག་ཡོད་པ་དེ་ལ་བཀའ་འགྱུར་སྦས་མཁན་ཚོས་ལྐོག་ཏུ་བཀའ་འགྱུར་ལེགས་སྒྲིག་བྱེད་དུ་བཅུག དེ་སྐབས་དགོན་འདི་ད་དུང་སྒོ་ཕྱེས་མེད་ཀྱང་ཁོང་གིས་རང་ལ་ཉེན་ཚབས་ཡོང་བར་མ་འཛེམས་པར་ཡུན་རིང་ལེགས་བསྒྲིགས་གནང་ནས་གླེགས་བམ་སོ་སོའི་ཁོངས་སུ་བསྒྲིགས་ཐུབ་པ་བྱུང་།
སྤྱི་ལོ་1981ལོར་དགོན་འདི་གསར་དུ་སྒོ་ཕྱེས། དེ་རྗེས་སྔོན་བཀའ་འགྱུར་སྦས་སྐུང་མཛད་མཁན་གྱི་རྒན་རབས་པ་རྣམས་ཀྱིས་བཀའ་འགྱུར་ཆ་ཚང་ཕྱིར་འཁྱག་ཆུ་དགོན་དུ་ཕུལ་ནས། ད་ལྟ་དགོན་འདིའི་འདུ་ཁང་གི་གཡས་ཀྱི་ཆོས་ཁྲི་དྲྭ་མིག་ཏུ་བཞུགས།
བཀའ་འགྱུར་འདི་གླེགས་བམ་བརྒྱ་དང་བཞི་ཆ་ཚང་པར་བཞུགས་ཀྱང་། གླེགས་བམ་ལ་ལར་དབུ་མཇུག་གི་ལྡེབ་མ་རེ་གཉིས་མི་ཚང་། ནང་གི་ཡི་གེ་རྣམས་ནི་རྒྱ་ཤོག་དཀར་སྲབ་མ་(宣纸) སུམ་སྦྱར་ལ་རྒྱ་མཚལ་དམར་པོས་པར་འདུག སྲུང་སྐྱོབ་ཀྱི་ཆེད་དུ་གླེགས་བམ་རེ་རེ་བཞིན་དབུ་ལྡེབ་དང་མཐའ་ལྡེབ་ཀྱི་ཕྱི་ལ་རས་དཀར་པོ་སྦྱར་ནས་གཡོགས་འདུག གླེགས་བམ་རྣམས་ཐོག་མར་ཚག་ཐིག་(རས་སྐུད་)གིས་བསྡམས་ཤིང་། དེའི་ཐོག་ལ་དཔེ་རས་གསུམ་བརྩེགས་ཀྱིས་བསྟུམས། དེའི་ཕྱི་རུ་གླེགས་ཤིང་ལ་གླེགས་ཐག་གིས་བཅིངས་འདུག
གླེགས་ཤིང་རྣམས་ཕྱི་ཚོན་དམར་པོ་དང་ནང་ཚོན་ལྗང་གུ། མདུན་གྱི་གླེགས་ཤིང་ངོས་ལ་རག་འདུལ་གྱིས་ལཉྫའི་ཡི་གེ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བྲིས་འདུག གླེགས་ཐག་རྣམས་ཀོ་རྒྱུན་སྤུས་དག་དང་ཆོས་ཆབ་རྣམས་རག་གིས་བརྡུངས་པ་ལ་དཀྱིལ་དུ་རྡོ་རྗེའི་རི་མོ་ཡོད་པ་དེ་དག་ནི་ཕྱིས་སུ་གསར་བཞེངས་བགྱིས་པ་ཞིག་རེད།
བཞི་པ། རྭ་རྒྱའི་བཀའ་འགྱུར་བཤེར་འབེབས་བྱས་ཚུལ།
སྤྱི་ལོ་2014ལོའི་ཟླ་བ་11པའི་ཉིན་ཞིག་ལ། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མས་དབྱིན་ཡུལ་ནས་ཞལ་པར་ཕེབས་གསལ། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་གླིང་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཁྲེན་ཏུའུ་ལ་ཕེབས་ཡོད་པའི་ཞལ་པར་འབྱོར་བས། ཁྱོད་རང་ཁོང་གི་སྐུ་མདུན་ལ་བཅར་ནས་རྭ་རྒྱའི་བཀའ་འགྱུར་ཇི་ལྟར་བཤེར་འབེབས་བྱ་ཚུལ་སྐོར་གྲོས་མོལ་གྱིས་ཤོག་ཅེས་བཀའ་ཕབ། གུས་རང་འཕྲལ་དུ་ཁོང་གི་མདུན་དུ་བཅར་འཕྲལ། ཁོང་གིས་ད་ལྟ་རྭ་རྒྱ་བཀའ་འགྱུར་པར་མ་གང་བཞུགས་མཁྱེན་གསལ་བྱུང་ཚུལ་དང་། བཤེར་འབེབས་བྱེད་རྒྱུ་རེག་ཐབས་ལ་འབྲེལ་བ་གནང་བཞིན་ཡོད་ཚུལ་སྐོར་དང་། ཁོང་ད་ལན་ཁྲེན་ཏུའུར་ཕེབས་དོན་ཡང་ཐུབ་བསྟན་ཉི་མ་རིན་པོ་ཆེ་ཁྲེན་ཏུའུར་ཨེ་བཞུགས་སྙམ་ནས་དེ་སྐོར་བཀའ་མོལ་ཞུ་རུ་འོང་བ་ཡིན་གསུངས། དེ་སྐབས་བཀའ་མོལ་གྱི་ཡང་སྙིང་།ཁོང་ཕྱིར་ཕེབས་ནས་བཀའ་འགྱུར་བཞུགས་ཡུལ་གྱི་དགོན་དེའི་འགན་ཁུར་བ་དང་སླར་འབྲེལ་བ་མཛད་དེ་བཤེར་འབེབས་བྱེད་རྒྱུའི་ཆོག་མཆན་ཨེ་ཐོབ་གཟིགས་རྒྱུ་དང་།ཕྲན་གྱིས་བཤེར་འབེབས་ལག་རྩལ་པ་དང་བཤེར་འབེབས་ཀྱི་འཕྲུལ་ཆས་གྲལ་སྒྲིག་བྱེད་རྒྱུ་དང་། སྤྱི་ཟླ་12པའི་ཚེས་འགོར་ལས་འགོ་འཛུགས་ཨེ་ཐུབ་བལྟ་རྒྱུ་བྱས། དེ་རྗེས་སྤྱི་ཟླ་12པའི་ཚེས་འགོར་ཕྲན་གྱིས་ཞལ་པར་ཕུལ་དུས། ཁོང་གིས་དགོན་པ་དང་འབྲེལ་བ་ཞུ་བཞིན་པ་ཡིན། བཤེར་འབེབས་བྱེད་ཆོག་པའི་མོས་མཐུན་ཐོབ་པ་ལ་ད་དུང་ངང་སྒུག་བྱེད་དགོས་འདུག་གསུངས། དེ་ནས་སྤྱི་ལོ་2014ལོའི་ཟླ་བ་12པའི་ཚེས་19ཉིན། ཁོང་གིས་སྤྲོ་བ་ཆེན་པོའི་ངང་ཞལ་པར་ཐོག་ནས། དེ་རིང་དགོན་པ་ནས་བཀའ་འགྱུར་བཤེར་འབེབས་བྱེད་ཆོག་པའི་གནང་བ་ཐོབ་སོང་། ལས་ཀ་འདི་མགྱོགས་པར་དབུ་བཙུགས་ན་མ་གཏོགས་འགོར་འགྱངས་སོང་ན་བར་ཆད་འདྲ་ཡོང་སྲིད་པས། ཁྱོད་ཀྱིས་བཤེར་འབེབས་ལག་རྩལ་པ་མགྱོགས་པོར་བཀོད་སྒྲིག་བྱེད་རོགས་གསུངས། ཕྲན་གྱིས་གཏམ་སྙན་དེ་འཕྲལ་དུ་ཐུབ་བསྟན་ཉི་མ་རིན་པོ་ཆེ་དང་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ལ་ཞུས་པས། ཁོང་རྣམ་པས་ཀྱང་དེ་ལྟར་ལམ་སོང་འགྲོ་རྩིས་གྱིས་ཞེས་པའི་བཀའ་མངགས་ལྟར། སྤྱི་ཟླ་12པའི་ཚེས་24ཉིན་ཁོ་བོས་ལས་གྲོགས་ཕྲིན་ལས་བློ་འཕེལ་དང་རྟ་མགྲིན་ཚེ་དབང་གཉིས་ཁྲིད་དེ་ཁྲེན་ཏུའུ་ནས་གནམ་གྲུར་བསྡད་དེ་ཟི་ལིང་ལ་སོང་། ཟི་ལིང་དུ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་། རྭ་རྒྱ་དགོན་པའི་ཀྲུའུ་རེན།གངས་ལྗོངས་ཤེས་རིག་ནོར་བུ་གླིང་གི་གཉེར་པ་གཉིས་སོགས་བླ་གྲྭ་དྲུག་ཕེབས་ནས་སྒུག་འདུག ཁོང་རྣམ་པས་བཀའ་འགྱུར་བཤེར་འབེབས་བྱེད་ཡུལ་འཁྱག་ཆུ་དགོན་ལ་ཆ་རྐྱེན་ཞན་པ་ཡིན་སྟབས་དེར་སྡོད་རིང་ལ་སྤྱོད་རྒྱུའི་ཉལ་ཆས་དང་། དྲོད་གློག་སོགས་ཉོས་ཏེ་གྲལ་སྒྲིག་འཐུས་ཚང་གནང་བ་དང་། ད་དུང་དགོན་པར་སྲུང་སྐྱོབ་ཀྱི་ཆེད་དུ་གློག་གི་ལྟ་ཆས་སྒོར་ཆིག་ཁྲི་ཉིས་སྟོང་ལྷག་ཅན་ཉོས་ནས་ཕྱི་ཉིན་དགོན་པའི་མཐའ་འཁོར་དུ་བཙུགས་ཏེ་ཕྱིན་ཆད་དགོན་པ་ལ་རྐུན་ཇག་སོགས་ཀྱི་ཉེན་ཁ་མེད་པ་གནང་སོང་། དགོང་མོར་ངེད་ཅག་མི་དགུ་རླངས་འཁོར་གསུམ་བཅས་འཁྱག་ཆུ་དགོན་ལ་སོང་། དགོན་པས་ཀྱང་ལས་ཀ་ལས་ས་དང་།ཉལ་ས་སོགས་གྲལ་སྒྲིག་ལེགས་པར་གནང་བྱུང་།
ཚེས་25ཉིན་བཤེར་འབེབས་ཀྱི་ལས་ཀ་དབུ་བཙུགས་ནས་2015ལོའི་སྤྱི་ཟླ་དང་པོའི་ཚེས་ལྔ་ཉིན་ཡོངས་སུ་ལེགས་འགྲུབ་བྱུང་། རྭ་རྒྱའི་བཀའ་འགྱུར་སྤྱི་ལོ་2014ལོའི་བཤེར་འབེབས་ཀྱི་དབུ་བཙུགས་པ་འདི་རྭ་རྒྱའི་བཀའ་འགྱུར་པར་ཤིང་བརྐོ་བའི་དབུ་བཙུགས་ནས་ལོ་ཉིས་བརྒྱ་འཁོར་ཡོད་པ་དང་། “རིག་གནས་གསར་བརྗེའི་”སྐབས་པར་ཤིང་བརླག་ནས་ལོ་ལྔ་བཅུ་ལ་ཉེ་བའི་རྗེས་སུ་སླར་ཡང་བཤེར་འབེབས་ཀྱིས་གཅིག་ལས་དུ་མ་འཕྲུལ་བའི་གློག་རྡུལ་པར་མ་གསར་བཞེངས་ཐུབ་པ་བྱུང་སོང་། སྤྱི་ལོ་1814ལོར་པར་བརྐོ་པའི་དབུ་བཙུགས་པ་དང་། 2014ལོའི་སྤྱི་ཟླ་12པའི་ཚེས་25ལ་བཤེར་འབེབས་ཀྱི་དབུ་བཙུགས་པ་འདི་ལོ་ཉིས་བརྒྱའི་རྗེས་སུ་རྭ་བརྒྱའི་བཀའ་འགྱུར་སླར་ཡང་ཕྲིན་ལས་ཀྱི་མཛད་སྒོ་གསར་པ་ཞིག་ཚུགས་པ་རེད།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ད་དུང་བཀའ་འགྱུར་འདི་ཤོག་ཐོག་ཏུ་སྤུས་ལེགས་ཚར་ཆིག་སྟོང་ཡར་མར་པར་ནས་རྒྱལ་ཕྱི་ནང་ལ་འགྲེམ་སྤེལ་གནང་ནས་རྒྱ་ཆེའི་ཆོས་དད་པ་དང་། དེ་བཞིན་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་རེ་བ་བསྐོང་ཐུབ་པར་མཛད་རྒྱུ་དང་། འཁྱག་ཆུ་དགོན་པའི་འདུ་ཁང་གི་བཀའ་འགྱུར་བཞུགས་སའི་དཔེ་ཁྲི་རྣམས་སྤུས་ཀ་ཞན་ཞིང་། བྱི་བས་ཟ་བའི་ཉེན་སྐྱོན་ཆེན་པོ་ཡོད་སྟབས་གསར་དུ་འདུ་ཁང་གཡས་གཡོན་གཉིས་སུ་དཔེ་ཁྲི་སྤུས་ལེགས་དྲྭ་མིག་ལ་ཤེལ་སྒོ་ཡོད་པ་བཞེངས་ནས་བཀའ་འགྱུར་འདི་སྲུང་སྐྱོབ་ལེགས་པོར་ཡོང་བར་གནང་རྒྱུ་ཡིན་གསུངས།
ལྔ་པ། རྭ་རྒྱའི་བཀའ་འགྱུར་པར་ཤིང་བཞེངས་ཚུལ་སྐོར།
བོད་ཀྱི་ལོ་རྒྱུས་ཐོག་བོད་ཡིག་གི་བཀའ་འགྱུར་པར་ཤིང་སྣ་ཁ་བཅུ་གཉིས་ཙམ་བྱུང་ཡོད་ཅིང་། དེ་ལས་སྔ་ཤོས་ནི་ཡུང་ལོ་བཀའ་འགྱུར་ཏེ་རྒྱལ་བ་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་བཀའ་ཡིས་བསྐུལ་བ་ལྟར། སྤྱི་ལོ་1410ལོར་རྒྱ་ནག་གོང་མ་ཏཱ་མིང་ཡུང་ལོས་ནན་ཅིན་དུ་ཚལ་པའི་བཀའ་འགྱུར་ལ་གཞིར་བཟུང་ནས་བོད་ཡིག་གི་བཀའ་འགྱུར་པར་དུ་གསར་བཞེངས་མཛད་པ་རེད། དེ་ནས་རིམ་བཞིན་ཝང་ལིའི་བཀའ་འགྱུར་(1605-)དང་། འཇང་བཀའ་འགྱུར་རམ་ལི་ཐང་བཀའ་འགྱུར་(1608-1621)དང་། པེ་ཅིན་བཀའ་འགྱུར། (1683/4-1700) ཅོ་ནེ་བཀའ་འགྱུར། (1721-1731)སྣར་ཐང་བཀའ་འགྱུར། (1730-1731) སྡེ་དགེ་བཀའ་འགྱུར་(1729-1733)བཅས་བོད་ཡིག་གི་བཀའ་འགྱུར་པར་ཤིང་མང་པོ་བརྐོ་བ་དར་ཁྱབ་ཆེན་པོ་ཞིག་ཕྱིན་པ་རེད།
སྡེ་དགེའི་བཀའ་འགྱུར་པར་བརྐོས་ནས་ལོ་བརྒྱད་ཅུའི་རྗེས་སུ་མགོ་ལོག་རྭ་རྒྱའི་ཆོས་སྡེ་ཆེན་པོ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་གདན་ས་ལ་ཨེར་ཏི་ནི་པཎྜི་ཏ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་བློ་བཟང་དར་རྒྱས་རྒྱ་མཚོས་(1759-1824)སྦྱིན་བདག་མཛད་དེ་སྡེ་དགེའི་མཚལ་པར་ལ་མ་ཕྱི་བྱས་ནས། 1814ལོར་བཀའ་འགྱུར་པར་ཤིང་གསར་བརྐོ་བྱ་རྒྱུའི་དབུ་བརྩམས་ནས་མཇུག་1820ལོར་ཡོངས་སུ་རྫོགས་པ་གྲུབ་པ་དང་། རྭ་རྒྱའི་བཀའ་འགྱུར་པར་ཁང་ཆེན་མོ་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་འཁྱིལ་ཕོ་བྲང་ནང་བཞུགས་སུ་གསོལ། དེ་ལ་ཨ་མདོ་རྭ་རྒྱའི་བཀའ་འགྱུར་ཟེར།
བཀའ་འགྱུར་འདི་ཇི་ལྟར་བཞེངས་པའི་ཚུལ་ནི། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་(1782-1853)མཛད་པའི་རྭ་རྒྱའི་བཀའ་འགྱུར་དཀར་ཆག་《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག་》ཅེས་བྱ་བ་ལས། “རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་འཁོད་པ་ཞིག་གི་ལས་སྨོན་གྱི་ཚུལ་གང་གི་ཐུགས་ཀྱི་རྒྱ་མཚོར་འགོག་མེད་དུ་ཤར་བ་ན། ཕྱོགས་དེར་པར་བརྐོས་པ་མང་པོ་མི་རྙེད་པ་སོགས་གཞན་གྱི་བློ་ཡུལ་དུ་ཆ་ཤས་ཙམ་ཡང་ཤོང་དཀའ་བའི་གནས་སུ་གྱུར་ཀྱང་། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་རྣམ་བཞིའི་འཕྲིན་ལས་ཐོགས་པ་མེད་པས་ན། དཀའ་ཐོག་དགེ་རྩེ་སྤྲུལ་སྐུ་ཚང་དང་སྙན་ཚིག་དང་འབྲེལ་བའི་འཕྲིན་ཡིག་ཡང་ཡང་འགྲོ་འོང་མཛད་པའི་ཐུགས་ཉེའི་ལྟས་དབང་གིས་སྡེ་དགེ་ནས་པར་བརྐོས་པ་ཁ་ཤས་འབོད་གནང་གི་ཞུ་སྣ་བཅོལ་བར་ཁོང་གིས་སྡེ་དགེ་ལ་ཞུས་དོན་བཞིན་པར་བརྐོས་པ་ཉི་ཤུ་ཙམ་འབྱོར་ནས། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་ཁྱིའི་ལོའི་ལྔ་མཆོད་ཀྱི་ཉེར་ལྔ་ལ་རྗེ་བླ་མའི་དགོངས་རྫོགས་སུ་དམིགས་ནས་མདོ་སྡེ་བསྐལ་བཟང་གི་དབུ་ནས་བཟུང་སྟེ་ལས་གྲྭ་གསར་དུ་ཚུགས་ཞིང་བརྐོ་འབྲི་ཞུ་དག་གང་ལ་ཡང་མཁས་པའི་རྩེ་མོར་སོན་ཅིང་པར་དང་ཡི་གེའི་རུས་ཞིབ་ལ་བློ་དྲང་ཞིང་གཡོ་སྒྱུ་མེད་པ་ཆོས་ལ་ཤ་ཚ་ཞིང་བརྩོན་འགྲུས་ཤིན་ཏུ་ཆེ་བ་དང་རྒྱད་དལ་ཞིང་ཞིབ་ཆ་ཆེ་བ་སོགས་ཡ་རབས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་སྔགས་རམ་པ་བློ་བཟང་དོན་གྲུབ། པར་དཔོན་ཆེན་མོ་སྤྱི་ཁྱབ་པར་བཀོད་དེ་པར་དང་ཡི་གེའི་ལེགས་ཉེས་ཀྱི་ཁག་ཐམས་ཅད་ཁོང་ལ་འགེལ་བར་མཛད་པས། ཁོང་གིས་ཀྱང་ལས་གྲ་འདི་རིགས་ལ་གང་ཅིར་མཁས་པའི་བྱ་བ་རྣམ་གསུམ་ཕུལ་བྱུང་མཐར་ཕྱིན་མཛད་པས་ཚུལ་འདི་ལ་ཁོང་བཀའ་དྲིན་ཆེ་ངེས་བྱུང་ཞེས་ཉིད་ཀྱི་གསུངས་ལས་ཐོས།དེ་སྐབས་དམ་པ་འདིས་སྐུ་འབུམ་ཁྲི་འཛིན་ལས་ཁུར་ལྕི་བ་དང་ཉེ་སྐོར་དུ་པར་ཤིང་དཀོན་པ་དང་། སྡེ་དགེ་བ་མི་རྒྱུད་གྱོང་བ་སོགས་དཀའ་བ་ཆེ་ཙམ་གྱི་མུ་ལ་འབུམ་ཉི་ཁྲི་བརྒྱད་སྟོང་པ་སོགས་རིམ་གྱིས་གྲུབ་ཅིང་པར་བརྐོས་པ་ཡང་རིམ་གྱིས་བསྣན་ཏེ། བྱི་བ་ལོའི་དབྱར་ཐོག་པར་བརྐོས་པ་བརྒྱད་ཅ་རྩ་བརྒྱད་ཙམ་ལོང་བ་བྱུང་། པར་ཡིག་འབྲི་མཁན་ཐག་ཉེ་ནས་འབོད་རྒྱུ་མེད་སྟབས་ཆོས་སྡེ་འདི་ཁའི་གྲྭ་ཁྲོད་ནས་ལོ་ཉུང་ཅི་རིགས་པ་པར་ཡིག་སློབ་པར་མཛད་པས། གང་གི་བྱིན་མཐུས་ཚེགས་མེད་པར་ཤེས་པ་བྱུང་སྟེ་ཡིག་མཁན་ཡང་སུམ་ཅུ་ལྷག་པར་བྱུང་ངོ་།།”⑥ཞེས་དང་།
ཡང་དེ་ཉིད་ལས། “དམ་པ་གང་གི་ཐུགས་བསྐྱེད་སྨོན་ལམ་ཡོངས་སུ་རྫོགས་པས། ས་སྟག་ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་པོ་ཏུ་དགུ་རྩ་ལྔ་གྲུབ་ཐོག་གླ་ཡོན་འབུལ་བ་གྲོ་ཆས་སྤྲད་སྟེང་མི་རེ་ལ་མཛོ་རྟ་གཉིས་རེ་བཅས་གྲུབ་སྟོན་རྒྱས་པར་མཛད་དེ། ཟླ་གྲོགས་བཟང་པོ་ཤོར་དོགས་ཕྲལ་དུ་རྫོང་བརྡ་སྤྲོད་པ་མཛད་ཅིང་། དེ་འཕྲོས་པོ་ཏི་བརྒྱད་ཙམ་ལུས་པ་སྡེ་དགེ་བ་མི་བརྒྱད་དང་གྲ་ཁྲོད་པ་བཅས་ནས་བརྐོ་ཞིང་ཡོད་པ་ཡང་། ཡོས་ལོའི་དབྱར་ཐོག་པོ་ཏི་ལྔ་གྲུབ་ནས་ཁྱོན་པོ་ཏི་བརྒྱ་ཕྲག་གཅིག་གྲུབ་ཟིན་ཅིང་། དེ་ནས་རྗེས་སུ་གསར་འབྱོར་སྡེ་དགེ་བ་མི་ཟླ་བཅུ་དྲུག་བྱུང་བར། རྙིང་རྒྱུད་པོ་ཏི་གསུམ་བརྐོར་བཅུག་པ་ཡང་། འབྲུག་ལོའི་དབྱར་ཐོག་ཏུ་གྲུབ་པས་ཁྱོན་པོ་ཏི་བརྒྱད་དང་གསུམ་གེགས་མེད་མཐར་ཕྱིན་ཏུ་བརྐོས་གྲུབ་པ་རྣམས་ལ་བརྐོས་གླ་པར་ཤིང་རེ་ལ་དངུལ་དཀར་ཞོ་ལྔ་རེ་སྤྲད་པར་དངུལ་རྐྱང་རྡོ་ཚད་སུམ་བརྒྱ་དང་ཉི་ཤུ་ཙམ་སོང་ཞིང་། དེ་འཕྲོས་གླ་ཡོན་ཟས་ཆུ་ཟོལ་བཟོས་སྟོན་མོ་བདག་རྐྱེན་པར་ཤིང་ཡས་མས་ནས་ཉོས་ཏེ་དྲངས་པ་བཞུགས་ཡུལ་གྱི་ཁང་པ་གསར་བཞེངས་ཀུན་སོང་ཐོ་རག་རྩིས་ཙམ་སྡོམས་པས་དངུལ་སྲང་ལྔ་ཁྲི་ལྷག་ངེས་ཐོབ་པ་བྱུང་མོད། ཕྲ་ཞིང་ཞིབ་པ་བརྩི་བར་མཛད་པ་ནི་མ་བྱུང་ཞིང་། རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་འདི་ལ་གཞན་གྱི་ཞལ་འདེབས་མཐུ་རྐྱེན་རིམ་བྱུང་རྣམས་ཀྱང་ཐོར་འཁོད་པ་ཞིག་བྱུང་ན། སྦྱིན་བདག་སོ་སོའི་བསམ་པ་རྫོགས་ཁྱད་དུ་གཟིགས་ནས་བྱུང་བ་རྣམས་བསྔོ་སྨོན་གྱི་མཚམས་སྦྱོར་དང་བཅས་ཟུར་དུ་བཀོད་པར་གསལ།”⑦ཞེས་གསལ་བ་ལ་བརྟག་ན། སྐབས་དེར་ཤིང་བཟའ་པཎྜི་ཏས་ཀཿཐོག་དགེ་རྩེ་⑧སྤྲུལ་སྐུ་ལ་ཞུ་སྣ་བཅོལ་ནས་སྡེ་དགེ་རྒྱལ་པོ་⑨ལ་བཀའ་འགྱུར་པར་ཤིང་བརྐོ་མཁན་གྱི་ལག་རྩལ་རྒྱབ་སྐྱོར་གནང་རོགས་ཞུས་པ་ལྟར། སྡེ་དགེ་ནས་པར་བརྐོས་ཉི་ཤུ་ཙམ་བཏང་ནས། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་(1814)ལོའི་དགའ་ལྡན་ལྔ་མཆོད་ཀྱི་ཉེར་ལྔ་ལ་མདོ་སྡེ་སྐལ་བཟང་གི་དབུ་ནས་མགོ་བརྩམས་ཏེ་པར་ཤིང་བརྐོ་རྒྱུའི་ལས་མགོ་གསར་དུ་བཙུགས་པ་དང་། དེ་ནས་འབུམ་དང་། ཉི་ཁྲི།བརྒྱད་སྟོང་པ་སོགས་རིམ་གྱིས་བརྐོས་ཤིང་། པར་བརྐོ་མཁན་ཡང་རིམ་གྱིས་བསྣན་ཏེ་ཇེ་མང་བྱུང་ཡོད་ཅིང་། བྱི་བ་(1816)ལོའི་དབྱར་ཐོག་པར་བརྐོས་མི་གྲངས་བརྒྱད་ཅུ་རྩ་བརྒྱད་ཙམ་ཡོད་པ་དང་། པར་རྩ་འབྲི་མཁན་ཐག་ཉེ་ནས་འབོད་རྒྱུ་མེད་སྟབས་ཆོས་སྡེ་དེ་གའི་གྲྭ་ཁྲོད་ནས་ལོ་ཉུང་རྣམས་པར་རྩ་འབྲི་རྒྱུར་བསླབས་པས། ཡིག་མཁན་ཡང་སུམ་ཅུ་ལྷག་བྱུང་བ་དང་། ས་སྟག་(1818)ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་པོ་ཏི་དགུ་རྩ་ལྔ་གྲུབ་ཐོག་གླ་ཡོན་དང་། འབུལ་བ། གྲོ་ཆས་རྣམས་སྤྲད་སྟེང་མི་རེ་ལ་མཛོ་རྟ་གཉིས་རེ་བཅས་གྲུབ་སྟོན་རྒྱས་པར་མཛད། དེ་འཕྲོས་པོ་ཏི་བརྒྱད་ཙམ་ལུས་པ་སྡེ་དགེ་བ་མི་བརྒྱད་དང་གྲ་ཁྲོད་པ་བཅས་ཀྱིས་ཡོས་(1819)ལོའི་དབྱར་ཐོག་པོ་ཏི་ལྔ་གྲུབ་ནས་ཁྱོན་པོ་ཏི་བརྒྱ་ཕྲག་གཅིག་གྲུབ། དེ་ནས་རྗེས་སུ་གསར་འབྱོར་སྡེ་དགེ་བ་མི་སྣ་བཅུ་དྲུག་བྱུང་བར། རྙིང་རྒྱུད་པོ་ཏི་གསུམ་བརྐོར་བཅུག་ནས། འབྲུག་(1820)ལོའི་དབྱར་ཐོག་ཏུ་གྲུབ་པས་ཁྱོན་པོ་ཏི་བརྒྱ་དང་གསུམ་ཡོངས་སུ་གྲུབ་ཡོད་ཚུལ་དང་། བཀའ་འགྱུར་འདི་པར་དུ་བརྐོ་བའི་རིང་ཐོག་མཐའ་བར་གསུམ་སྔགས་རམས་པ་བློ་བཟང་དོན་གྲུབ་སྤྱི་ཁྱབ་པར་དཔོན་བསྐོས་ཏེ། པར་དང་ཡི་གེའི་སྤུས་ཚད་ཁག་ཐེག་བྱ་རྒྱུ་ཁོང་ལ་འགན་བཅོལ། ཁོང་གིས་ཀྱང་ལྷག་བསམ་རྣམ་དག་གིས་ལས་འགན་མཐར་ཕྱིན་མཛད་ཡོད་པ་སོགས་མགོ་ལོག་རྭ་རྒྱའི་བཀའ་འགྱུར་པར་ཤིང་གསར་བཞེངས་སྐབས་སུ་སྡེ་དགེ་ནས་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་ཐོབ་ཚུལ་གསལ་པོར་འཁོད།
པར་བརྐོས་གླ་ཆ་སྐོར་དཀར་ཆག་དེ་ཉིད་དུ་“པར་ཤིང་རེ་ལ་དངུལ་དཀར་ཞོ་ལྔ་རེ་སྤྲད་པར་དངུལ་རྐྱང་རྡོ་ཚད་སུམ་བརྒྱ་དང་ཉི་ཤུ་ཙམ་སོང་ཞིང་། དེ་འཕྲོས་གླ་ཡོན་ཟས་ཆུ་ཟོལ་བཟོས་སྟོན་མོ་བདག་རྐྱེན་པར་ཤིང་ཡས་མས་ནས་ཉོས་ཏེ་དྲངས་པ་བཞུགས་ཡུལ་གྱི་ཁང་པ་གསར་བཞེངས་ཀུན་སོང་ཐོ་རག་རྩིས་ཙམ་སྡོམས་པས་དངུལ་སྲང་ལྔ་ཁྲི་ལྷག་ངེས་ཐོབ་པ་བྱུང་མོད། ཕྲ་ཞིང་ཞིབ་པ་བརྩི་བར་མཛད་པ་ནི་མ་བྱུང་ཞིང་།”⑩ཞེས་བསྡོམས་རག་རྩིས་དངུལ་སྲང་ལྔ་ཁྲི་ལྷག་སོང་ཚུལ་འཁོད་པ་དང་། དེ་ནས་རབ་གནས་མཛད་ཚུལ་ཡང་“ས་སྟག་ལོ་ཧོར་ཟླ་དགུ་པའི་ལྷ་བབས་དུས་ཆེན་དང་བསྟུན་བསྟན་པའི་གསལ་བྱེད་ཆེན་པོ་ཚ་གན་ནོ་མིན་ཧན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་དཔལ་བཟང་པོ་གཙོ་བོར་བཞུགས་པའི་ཆོག་གྲྭ་པ་དཔོན་སློབ་སུམ་ཅུ་རྩ་ལྔས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རས་བྲིས་ཀྱི་སྒྲུབ་མཆོད་ལ་བརྟེན་པའི་རབ་གནས་ལྷ་ལ་དབང་བསྐུར་སོགས་ཕྱག་ལེན་རྒྱས་པའི་ལུགས་བཞིན་ཉིན་གསུམ་བསྒྲུབ་པར་མཛད་པས་དེའི་ཚེ་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ལྟར་གང་བའི་རྒྱལ་བ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱི་ཤིས་པ་བརྗོད་པས། དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབས་པའི་བརྡར།གནམ་གཤིས་རྟེན་འབྲེལ་ཀྱང་ཤིན་ཏུ་ལེགས་པ་བྱུང་ཞིང་དམ་པ་ཉིད་ནས་འབྱོར་གཏོང་ཅན་གཞན་ཀུན་ཟིལ་གྱིས་གནོན་པའི་སྟོན་མོ་རབ་ཡོན་གཟབ་རྒྱས་གནང་བར་མཛད།”⑾ཅེས་འཁོད། འདིའི་རབ་གནས་མཛད་པའི་དུས་ས་སྟག་(1818)ལོ་ཧོར་ཟླ་དགུ་པའི་ལྷ་བབས་དུས་ཆེན་ཞེས་འཁོད་པ་ལ་བརྟག་ན། ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་བཀའ་འགྱུར་གླེགས་བམ་དགུ་བཅུ་གོ་ལྔ་གྲུབ་པ་གོང་དུ་གསལ་བ་དང་། བཀའ་འགྱུར་པར་ཤིང་ཡོངས་སུ་གྲུབ་པའི་ལོ་སྤྱི་ལོ་1820ལོར་ཡིན་པས། བཀའ་འགྱུར་པར་ཤིང་ཡོངས་སུ་མ་གྲུབ་པའི་སྔོན་ལ་རབ་གནས་མཛད་ཡོད་པར་མངོན།
དྲུག་པ། པར་ཤིང་ཞུ་དག་བྱས་ཚུལ་སྐོར།
རྭ་རྒྱའི་བཀའ་འགྱུར་པར་དུ་བརྐོ་སྐབས་སྡེ་དགེའི་བཀའ་འགྱུར་ལ་མ་དཔེ་བྱས་ཏེ། སེར་བྱེས་དཀའ་བཅུ་པ་བྱམས་པ་དཔལ་འབྱོར་གྱིས་ཞུས་ཆེན་པ་དང་། དགེ་སློང་མཁས་བཙུན་སེང་གེས་རོགས་རམ་པ་གནང་། ཞུས་ཆུང་བྱེད་མཁན་མདོ་སྔགས་རིག་གནས་ལ་མཁས་ངེས་བཅུ་ལྷག་ཙམ་གདན་ཞུས་བྱས་ཏེ། ཐོག་མར་པར་རྩ་ལ་ཞུ་དག་ལན་རེ། དེ་ནས་པར་ཤིང་ཐོག་ཞུས་དག་ཐེངས་གཅིག མཐར་ཤོག་ཐོག་ལ་པར་ནས་ཞུ་དག་ཐེངས་གཅིག་བཅས་ཡོངས་གྲགས་ཀྱི་པར་ཤིང་ཞུ་དག་ཐེངས་གསུམ་བྱ་སྲོལ་གྱི་ཕྱག་ལེན་ཡོངས་སུ་གྲུབ་པར་བྱས་ཏེ། ཤིན་ཏུ་དག་པར་མཛད་ཡོད་པ་དཀར་ཆག་དེ་ཉིད་ལས། “མ་དཔེ་ཡང་བཀའ་འགྱུར་གྱི་པར་གཞི་ཙམ་གྱི་ནང་ནས་ཞིབ་ཏུ་བརྟགས་ཤིང་རྟོག་ཏུ་བཅུག་པར་ཅུང་ཞིག་སྡེ་དགེ་དག་པར་གཟིགས་ཏེ། དེ་ལ་མ་ཡིག་བཅོལ་ཏེ་མ་འདྲ་བུ་འདྲ་བཞིན་ལས་དབུ་ལྷ་འགའ་ཞིག་ས་ལུགས་སུ་ཡོད་པ་དགེ་ལུགས་སུ་བསྒྱུར་བ་དང་། ལྟུང་བཤགས་ཀྱི་བདེ་བཤེགས་སོ་ལྔ་རྗེའི་ཞལ་གཟིགས་ལྟར་བྲིས་པ་དེ་ཙམ་ཞིག་ཁྱད་པར་དུ་གནང་། འོན་ཀྱང་མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་དཀའ་བཅུ་པ་བྱམས་པ་དཔལ་འབྱོར་གྱིས་ཞུས་ཆེན་པ་དང་། རོགས་རམ་པ་བྲི་ཀློག་ཤེས་རིག་གསལ་བ་དགེ་སློང་མཁས་བཙུན་སེང་གེ་པས་བྱས་ཏེ། ཚིག་དོན་ལ་ཞུ་དག་ཞིབ་ཏུ་བྱས་པར་མ་ཡིག་ལ་ཡང་མ་དག་ངོ་ཤེས་པ་མི་བཅོས་སུ་མི་རུང་བ་མང་དུ་འདུག་པ་རྣམས་དེ་མ་ཐག་མ་ཡིག་སྟེང་ནས་བཅོས། ཐེ་ཚོམ་ཟ་བ་རྣམས་དམ་པ་ཉིད་དང་། ཞུས་ཆུང་བ་མདོ་སྔགས་རིག་གནས་ལ་མཁས་ངེས་བཅུ་ལྷག་ཡོད་པ་རྣམ་གྲོས་བསྡུར་གྱིས་བཀའ་འགྱུར་གཞན་དང་ཡང་བསྟན་ཏེ། ཐེ་ཚོམ་ཆོད་པ་རྣམས་ལ་བསྒྱུར་བཀོད་གང་དགོས་དང་། ཐེ་ཚོམ་མ་ཆོད་པ་རྣམས་མ་ཡིག་རང་སོར་བཞག། པར་ལྡེབ་རེ་རེར་ཡང་ཐོག་མར་པར་ཡིག་ལ་ཞ་དག་ལེན་རེ། པར་དུ་བརྐོས་ཟིན་ནས་ཤིང་ཞུས་ཤོག་ཞུས་བཅས་གསུམ་ཞུས་མ་སོང་བ་གཅིག་ཀྱང་མེད། ཤིན་ཏུ་དག་པར་བཅོས་པའི་མཛད་པ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཐེ་བོ་རོང་དང་རྔ་མདོ་སོགས་ཐག་རིང་ས་ནས་པར་ཤིང་རྩོལ་སྒྲུལ་ལ་འབད་པ་ཆེན་པོ་མཛད། དེ་བསྒྲུབ་པའི་མཐུ་རྐྱེན་ཐམས་ཅད་རང་འཛོམས་སུ་གྱུར་པ་ལགས་སོ།།”⑿ཞེས་སོགས་ཞུ་དག་སྤུས་ལེགས་བྱས་ཡོད་སྐོར་བྲིས་འདུག
བདུན་པ། རྭ་རྒྱའི་བཀའ་འགྱུར་དང་སྡེ་དགེའི་བཀའ་འགྱུར་བར་གྱི་འབྲེལ་བ།
གོང་དུ་གསལ་བ་ལྟར་རྭ་རྒྱའི་བཀའ་འགྱུར་གྱི་མ་དཔེ་སྡེ་དགེའི་བཀའ་འགྱུར་དང་། པར་བརྐོ་མཁན་རྣམས་ཀྱང་སྡེ་དགེ་ནས་གདན་འདྲེན་ཞུས་པ་ཡིན་ཕྱིར་གླེགས་བམ་དང་ཆོས་ཚན་གྱི་གོ་རིམ་སྒྲིག་ཚུལ་དང་། པར་གྱི་ཡིག་གཟུགས་སོགས་སྡེ་དགེའི་མཚལ་པར་དང་གཉིས་སུ་མེད་པ་ལྟ་བུ་ཞིག་འདུགའོན་ཀྱང་རྭ་རྒྱའི་བཀའ་འགྱུར་དུ་སྡེ་དགེའི་དབུ་ལྷ་འགའ་ཞིག་ས་ལུགས་སུ་ཡོད་པ་དགེ་ལུགས་སུ་བསྒྱུར་བ་དང་།ལྟུང་བཤགས་ཀྱི་བདེ་བཤེགས་སོ་ལྔ་རྗེའི་ཞལ་གཟིགས་ལྟར་བརྐོས་པ་རྭ་རྒྱའི་དཀར་ཆག་ཏུ་⒀གསལ།
《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ཏུ། “པར་ཤིང་སོགས་ཀྱི་རིན་བཅས་རགས་པ་ཞིག་བསྡོམས་པར་གླེགས་བམ་བརྒྱ་ཕྲག་གཅིག་དང་རྙིང་རྒྱུད་དུམ་གསུམ་བཅས་ལ་བཟང་ཇ་སྤོབ་རྩེ་སྟོང་ཕྲག་བདུན་དང་དྲུག་བརྒྱ་ཉེར་གཉིས་སོང་བས་མཚོན།”⒁ཞེས་བཀའ་འགྱུར་པོད་བརྒྱ་ཅན་དང་རྙིང་རྒྱུད་པོད་གསུམ་བཞེངས་པ་འཁོད་ཀྱང་། སི་ཏུའི་བཀའ་འགྱུར་དཀར་ཆག་ནང་དུ་རྙིང་རྒྱུད་པོད་གསུམ་གྱི་བཞུགས་བྱང་མ་བཀོད་པར། རྒྱུད་འབུམ་གྱི་འཕྲོར་གཟུངས་འདུས་གླེགས་བམ་གཉིས། དེའི་འཕྲོར་གླེགས་བམ་ཤྲཱི་གྱི་རྟགས་ཅན་ལ་དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་ཀྱི་དབང་གི་ལེའུའི་རྒྱས་འགྲེལ་རྫོགས་སོ་ཡན་གླེགས་བམ་གཅིག་དང་། དེའི་འཕྲོས་ཡེ་ཤེས་ལེའུའི་རྒྱས་འགྲེལ་རྫོགས་སོ་ཡན་ཚང་བ་དང་། བཞུགས་བྱང་དཀར་ཆག་དང་བཅས་པོད་གཅིག་བྱས་ཏེ། “དེ་ལྟར་པུསྟི་ཀ་བརྒྱ་ཕྲག་གི་ཕྲེང་བ་མངོན་པར་གསལ་བ་བསྟན་འགྲོའི་ཕན་བདེའི་རྩ་ལག་མཆོག་ཏུ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོ་བཞུགས་པ་ལགས་སོ་”⒂ཞེས་བཀའ་འགྱུར་ལ་དཀར་ཆག་དང་བཅས་པོད་བརྒྱ་ལས་མེད་པར་གསུངས་ཤིང་། དེ་བཞིན་རྭ་རྒྱའི་བཀའ་འགྱུར་ལ་རྙིང་རྒྱུད་པོད་གསུམ་དེ་དུས་འཁོར་འགྲེལ་ཆེན་གྱི་འཕྲོར་བཀོད་འདུག་པས། སི་ཏུའི་བཀའ་འགྱུར་དཀར་ཆག་དང་དོན་གཅིག་ཏུ་སྣང་།
ཡང་། གཤམ་གསལ་གྱི་ཆོས་ཚན་བདུན་སྡེ་དགེའི་བཀའ་འགྱུར་དཀར་ཆག་དང་། སྡེ་དགེའི་བཀའ་འགྱུར་པར་ཕུད།⒃ རྭ་རྒྱ་བཀའ་འགྱུར་བཅས་ཚང་མའི་ནང་དུ་མི་འདུག་ཀྱང་། དེང་དུས་སྡེ་དགེའི་བཀའ་འགྱུར་དུ་བཞུགས་ཡོད་པ་དང་། རྒྱུད་འབུམ་མཇུག་ཏུ་རྙིང་རྒྱུད་པོ་ཏི་གསུམ་བཞག་ཡོད་པ་འདིས་སྤྱི་ལོ་1820ལོའི་རྗེས་ལ་སྡེ་དགེའི་བཀའ་འགྱུར་པར་ཤིང་ལ་ཁ་སྐོང་དང་། སྒྲིག་རིམ་བསྐྱར་བཀོད་བྱས་ཡོད་པ་མཐོང་ཐུབ།
སྡེ་དགེའི་བཀའ་འགྱུར་ལ་ཁ་སྐོང་བྱས་པའི་ཆོས་ཚན་སྐོར། མདོ་སྡེ་པོད་ཨཿཔའི་མཇུག་ཏུ། ༡ 《འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ་》⒄དང་། རྒྱུད་འབུམ་པོད་ཅ་པའི་མཇུག་ཏུ། ༢ 《ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་》⒅དང་། ༣ 《ཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ་》⒆གཉིས། རྒྱུད་འབུམ་པོད་ཇ་པའི་མཇུག་ཏུ། ༤ 《དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་》⒇དང་། རྒྱུད་འབུམ་པོད་བ་པའི་མཇུག་ཏུ། ༥ 《སྲེད་མེད་ཀྱི་བུས་ཞུས་པ་འཕགས་པ་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས་》(21)དང་། ༦ 《ཀླུས་བྱིན་པའི་གཟུངས་ཀླུའི་སྙིང་པོ་ཞེས་བྱ་བ་》(22)གཉིས། རྒྱུད་འབུམ་པོད་ཚ་པའི་མཇུག་ཏུ། ༧ 《རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་》(23)བཅས་བསྡོམས་ཆོས་ཚན་བདུན་བཞུགས་སོ།།
ཡང་སྡེ་དགེའི་བཀའ་འགྱུར་རྒྱུད་འབུམ་ན་པར་(7b3-24b6)《བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་》གུང་མགོན་པོ་སྐྱབས་ཀྱིས་རྒྱ་ཡིག་ལས་བསྒྱུར་བ་དེ་རྭ་རྒྱའི་བཀའ་འགྱུར་ཏུ་བཞུགས་ཀྱང་། སྡེ་དགེའི་བཀའ་འགྱུར་པར་ཕུད་དུ་མི་བཞུགས་པས་འདི་ནི་སྤྱི་ལོ་1820ལོའི་གོང་དུ་སྡེ་དགེའི་པར་མ་ལ་གསར་སྣོན་མཛད་ཟིན་པར་མངོན།
གཞན་ཡང་《བྱང་ཆུབ་རྒྱན་འབུམ་གྱི་གཟུངས་》བསྡུས་པ་ཞིག་བཀའ་འགྱུར་པར་མ་ཐམས་ཅད་ལ་བཞུགས་ཀྱང་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་གཟུངས་རྒྱས་པ་འདི་ནི་སྡེ་དགེའི་རྗེས་སུ་པར་དུ་བརྐོས་པ་རྣམས་(24)ལ་མ་གཏོགས་མི་བཞུགས། གཟུངས་བསྡུས་པ་དེའང་གཟུངས་རྒྱས་པ་ལས་ཟུར་དུ་ཕྱུང་བ་ཡིན་ཚུལ་སྡེ་དགེའི་བཀའ་འགྱུར་དུ།”འོག་གི་བྱང་ཆུབ་སྙིང་པོའི་རྒྱན་འབུམ་འདི་ཡང་འདི་ལས་ཟུར་ཕྱུང་ཞིག་ཡིན་འདུག་པས་ལོགས་སུ་བྲི་མ་དགོས་ཀྱང་། སྔར་གྱི་རྣམས་སུ་གོང་མ་མ་རྙེད་པའི་སྐབས་སུ་བྲིས་འདུག་པ་ལྟར་བཞག་གོ།”ཞེས་འཁོད།
ཆོས་ཚན་འདི་མ་ཡིན་པ་གཞན་སྡེ་དགེའི་བཀའ་འགྱུར་ལ་ཁ་སྐོང་བྱས་པའི་ཆོས་ཚན་རྣམས་གླེགས་བམ་སོ་སོའི་མཇུག་ཏུ་བཀོད་འདུག་ཀྱང་། འདི་ནི་གོང་གསལ་ལྟར་རྒྱུད་འབུམ་པོད་ན་པའི་སྟོད་དུ་ཁ་སྐོང་བྱས་ཏེ་པར་གསར་དུ་བརྐོས་པ་དང་། དེའི་འཕྲོར་(ཤ24བ6-25བ7) སྔར་གྱི་《བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་གྱི་གཟུངས་》བསྡུས་པ་དང་།《འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་》དབུ་ནས་ལྡེབ་ངོས་གཅིག་བཅས་གསར་དུ་བརྐོས་ཏེ། གཞན་རྣམས་སྔར་གྱི་པར་རྙིང་སོར་བཞག་བྱས་སྟབས། བཀའ་འགྱུར་པར་ཕུད་དང་ཁ་སྐོང་བྱས་པ་གཉིས་ཀ་དབུ་ནས་ལྡེབ་བདུན་པའི་ཉིན་ལྡེབ་བར་གཅིག་པ་དང་། ཡང་པར་ཕུད་ཀྱི་ལྡེབ་དགུ་པའི་ཉིན་ནས་མཇུག་རྫོགས་པའི་བར་དང་། ཁ་སྐོང་ཅན་གྱི་ལྡེབ་ཉེར་དྲུག་པའི་ཉིན་ནས་མཇུག་རྫོགས་པའི་བར་གཉིས་ཀ་ལྡེབ་གྲངས་བཅོས་པ་ལས་གཞན་གཅིག་པ་སྟེ། པར་ཕུད་ལ་ལྡེབ་334ན6པར་མཇུག་རྫོགས་པ་དང་། ཁ་སྐོང་བྱས་པ་ལ་ལྡེབ་351ན6པར་མཇུག་རྫོགས་འདུག
ཡང་སྡེ་དགེའི་བཀའ་འགྱུར་ལས་མདོ་ཕལ་པོ་ཆེ་པོད་ཨ་པའི་མཇུག་ཏུ(364ན6 - 365ན5)། སྡེ་དགེའི་བཀའ་འགྱུར་པར་དུ་བརྐོ་བའི་དོ་དམ་པ་དགེ་སློང་བཀྲ་ཤིས་དབང་ཕྱུག་གིས་ཞུ་དག་ལས་འཕྲོས་ཏེ་མདོ་ཕལ་པོ་ཆེའི་ལེའུ་རྣམས་ཀྱི་མཚན་དང་། ཤློ་ཀ་དང་བམ་པོའི་གྲངས་ཀ། ལུང་གི་བརྒྱུད་པ། འཇང་བཀའ་འགྱུར་ལ་མ་ཕྱི་བྱས་ཏེ། ཡིག་རྙིང་དག་པ་གཞན་དང་བསྡུར་ནས་ཞུ་དག་བགྱིས་ཚུལ་བཅས་འཁོད་པའི་གླེང་བརྗོད་ལྡེབ་རིང་མ་གཅིག་ཙམ་བཞུགས་པ་དེ། རྭ་རྒྱའི་བཀའ་འགྱུར་ལ་མི་བཞུགས།
གླེང་བརྗོད་དེའི་ནང་དུ་”འདི་ཉིད་ཚལ་པ་བཀའ་འགྱུར་གྱི་མ་ཕྱི་བྱས་ནས་འཇང་ས་ཐམ་རྒྱལ་པོས་བཀའ་འགྱུར་རོ་ཅོག་པར་དུ་བསྒྲུབས་པ་དེང་སང་ལི་ཐང་མཚལ་པར་དུ་གྲགས་པ་ཁུངས་ཐུབ་ཀྱི་ཚད་མར་བཟུང་ནས་མ་ཕྱི་བྱས་པ་ཡིན་ཀྱང་”ཞེས་དང་། “ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མིའི་དབང་པོ་བསྟན་པ་ཚེ་རིང་གི་ཞལ་སྔ་ནས། དགེ་བྱེད་ཅེས་པ་ཆུ་སྟག་ལོར་གསུང་རབ་འདི་ཉིད་པར་དུ་བསྒྲུབ་པར་མཛད་པའི་སྐབས་ཞུ་དག་ལས་འཕྲོས་ཏེ་འདི་ཉིད་ཀྱི་དོ་དམ་པར་བཀས་གནང་བའི་ཞབས་འབྲིང་བ་དགེ་སློང་བཀྲ་ཤིས་དབང་ཕྱུག་གིས་གླེང་བ་ཛ་ཡནྟུ།”ཞེས་འཁོད་པ་ལ་བརྟག་ན། སྡེ་དགེའི་བཀའ་འགྱུར་གྱི་པར་ཤིང་བཞེངས་སྐབས་འཇང་བཀའ་འགྱུར་གྱི་པར་ཤིང་ལི་ཐང་ལ་གདན་དྲངས་ཚར་ཡོད་པ་དང་། སྡེ་དགེའི་བཀའ་འགྱུར་ལས་མདོ་ཕལ་པོ་ཆེའི་པཪ་ཤིང་གྲུབ་པའི་ལོ་ནི་ཆུ་སྟག་སྤྱི་ལོ་1722ལོར་ཡིན་པར་གསལ་ཡང་། སྡེ་དགེའི་བཀའ་འགྱུར་པར་ཤིང་བཞེངས་མགོ་བརྩམས་པའི་ལོ་སི་ཏུའི་དཀར་ཆག་ཏུ་aཆོས་རྒྱལ་བསྟན་པ་ཚེ་རིང་དགུང་ལོ་ལྔ་བཅུ་ང་གཉིས་ལ་ཕེབས་པ། ས་བྱ་སྤྱི་ལོ་1729ལོ་ཡིན་པར་འཁོད་པས། དེ་ལྟར་ན་ལོ་བདུན་སྔུན་ལ་སོང་འདུག་པས་འདི་ལ་ད་དུང་བརྟག་པར་བྱ་དགོས་སོ།།
རྭ་རྒྱའི་བཀའ་འགྱུར་དུ། གོང་མ་ཆན་ལུང་རྒྱལ་པོས་བསྒྱུར་བའི་གཙུག་ཏོར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གསར་བཅུག་པོ་ཏི་ཀིའི་རྟགས་ཅན་ལ་ཤོག་གྲངས་154དང་། དཀར་ཆག་ལ་ཤོག་གྲངས་29བཅས་པོ་ཏི་གཅིག་བྱས་ཏེ་པོ་ཏི་བརྒྱ་དང་བཞི། ཤོག་གྲངས་32986བཞུགས།
སྡེ་དགེའི་བཀའ་འགྱུར་དཀར་ཆག་ལས་ཆོས་ཀྱི་བཞུགས་བྱང་གི་ལེའུ་ལ། ཆོས་ཚན་རེ་རེ་བཞིན་ལོ་པཎ་སུ་ཞིག་གིས་བསྒྱུར་བ་དང་། ལེའུ་དང་བམ་པོའི་གྲངས་ཀ་ཞིབ་ཆ་འཁོད་ཡོད། རྭ་རྒྱའི་བཀའ་འགྱུར་དཀར་ཆག་ཏུ་གླེགས་བམ་སོ་སོར་ལྡེབ་གྲངས་ཇི་ཡོད་མ་གཏོགས་གཞན་ཞིབ་ཆ་འཁོད་མི་འདུག རྭ་རྒྱའི་བཀའ་འགྱུར་དཀར་ཆག་བསྒྲིགས་སྐབས། པཎ་ཆེན་བསྟན་པའི་ཉི་མ་ལ་བརྩམ་པར་སྐུལ་བ་པོ་ཤིང་བཟའ་པཎྜི་ཏས་སྡེ་དགེ་བཀའ་འགྱུར་གྱི་དཀར་ཆག་ལས་ཆོས་ཀྱི་བཞུགས་བྱང་གི་ལེའུ་བྲིས་ཏེ་ཕུལ་ནས་འདི་ལ་ཞིབ་ཏུ་དགོངས་པས་དཔྱད་ནས་སྒྲིག་ལུགས་ཇི་འདྲ་མཛད་འོས་ཐུགས་རྗེས་གཟིགས་རོགས་ཞུས་འདུག་ཀྱང་། པཎ་ཆེན་བསྟན་པའི་ཉི་མས་སྡེ་དགེའི་མཚལ་པར་གྱི་དཀར་ཆག་ངོ་མ་རྐྱེན་དབང་གིས་མ་རྙེད་ནས་ལོ་པཎ་སུ་ཞིག་གིས་དུས་གནས་ཇི་ལྟར་བསྒྱུར་ཚུལ་སོགས་ལ་ཞིབ་ཆ་མ་གནང་པ་སྡེ་དགེའི་བཀའ་འགྱུར་གྱི་བབ་རིམ་སོགས་དང་བསྟུན་ནས་དཀར་ཆག་རྒྱས་པར་འགོད་དགོས་ཚུལ་གསུངས་པ་རྭ་རྒྱའི་བཀའ་འགྱུར་དཀར་ཆག་ཏུ་འཁོད་པ་འདི་ལྟར། “ཆོས་ཚན་རེ་རེ་བཞིན་ལོ་པཎ་སུ་ཞིག་གིས་དུས་གནས་ཇི་ལྟར་བསྒྱུར་ཚུལ་སོགས་དང་ཞིབ་ཏུ་དཔྱད་ནས་བསྣོན་བྲི་བསྒྱུར་བཀོད་བྱུང་ཚུལ་གྱི་ལོ་རྒྱུས་སྣ་ཚོགས་བཀོད་སྣང་མོད་ཀྱང་། ཕྲན་གྱིས་སྡེ་དགེ་བཀའ་འགྱུར་གྱི་དཀར་ཆག་སིདྷི་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲིགས་པའི་ནང་ནས། ཆོས་ཀྱི་བཞུགས་བྱང་གི་ལེའུར་ངོ་མ་ཕུལ་བ་འདི་ལ་ཞིབ་ཏུ་དགོངས་པས་དཔྱད་ནས་སྒྲིགས་ལུགས་ཇི་འདྲ་མཛད་འོས་ཐུགས་རྗེ་གཟིགས་པ་ཞུ་ཞུ་ཞེས་ཆོས་ཀྱི་བཞུགས་བྱང་བསྒྲིགས་ལུགས་བྲིས་འདུག་པར། འདི་ཀར་སྡེ་དགེ་བཀའ་འགྱུར་མཚལ་པར་གྱི་དཀར་ཆག་ངོ་མ་རྐྱེན་དབང་ཞིག་གིས་མ་རྙེད་པ་དང་། འདི་སོགས་རྒྱས་པར་སྒྲིགས་ལུགས་དེ་ཀའི་བཀའ་འགྱུར་གྱི་བབ་རིམ་སོགས་དང་བསྟུན་ནས་དཀར་ཆག་རྒྱས་པར་འགོད་དགོས་པའི་དེ་ལྟར་མཛོད།” (25)ཅེས་སོ།།
རྭ་རྒྱའི་བཀའ་འགྱུར་དཀར་ཆག་ཏུ་ཀཿཐོག་ལ་དཀའ་ཐོག་དང་། སི་ཏུ་ལ་སིདྡྷི་ལྟ་བུ་ཁམས་ཀྱི་ས་ཆ་དང་བླ་མའི་མཚན་ལ་རྒྱུས་མངའ་ཡོད་མེད་ཀྱིས་འབྲི་ནོར་ཐེབས་པའང་འགའ་རེ་སྣང་།
མདོར་ན་རྭ་རྒྱ་བཀའ་འགྱུར་གྱི་མ་དཔེ་སྡེ་དགེའི་བཀའ་འགྱུར་ཡིན་ཡང་། དཀར་ཆག་ལ་ཞིབ་ཆ་ཡོད་མེད་དང་། ཕྱིས་སུ་སྡེ་དགེའི་བཀའ་འགྱུར་ལ་མདོ་སྡེར་ཆོས་ཚན་གཅིག་དང་། རྒྱུད་འབུམ་ལ་ཆོས་ཚན་དྲུག་ཁ་སྐོང་བྱས་པ་རྣམས་རྭ་རྒྱ་ལ་མེད་པ་དང་། ཡང་རྭ་རྒྱའི་བཀའ་འགྱུར་དུ་སྡེ་དགེའི་བཀའ་འགྱུར་གྱི་དབུ་ལྷ་འགའ་ཞིག་ས་ལུགས་ཀྱི་བླ་མ་ཡོད་པ་རྣམས། རྭ་རྒྱའི་བཀའ་འགྱུར་ནང་དགེ་ལུགས་སུ་བསྒྱུར་ཞིང་། ལྟུང་བཤགས་ཀྱི་བདེ་བཤེགས་སོ་ལྔའི་ལྷ་སྐུ་རྣམས་རྗེའི་ཞལ་གཟིགས་ལྟར་བྱས་པ་དང་། གླེགས་བམ་གྱི་གྲངས་ཀ་ཡང་རྭ་རྒྱའི་མཇུག་ཏུ་གོང་མ་ཆན་ལུང་གིས་བསྒྱུར་བའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་གསར་དུ་བསྣན་པས་སྡེ་དགེ་ལས་གླེགས་བམ་གཅིག་མང་བ་སྟེ་གླེགས་བམ་བརྒྱ་དང་བཞི་ཡོད་པ་སོགས་བཀའ་འགྱུར་གཉིས་ལ་ཁྱད་པར་ཅུང་ཟད་ཡོད་དོ། །
མཆན་འགྲེལ།
①རྭ་རྒྱ་དགོན་ནི་དེང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་ཨ་མྱེ་ཁུང་མགོའི་འདབས་སུ་ཆགས། སྤྱི་ལོ་1769ལོར་ཨ་རིག་དགེ་བཤེས་ཨེར་ཏི་ནི་མེར་གན་མཁན་པོ་རྒྱལ་མཚན་འོད་ཟེར་རམ། མཚན་གཞན་བྱམས་པ་དགེ་ལེགས་རྒྱལ་མཚན་དུ་གྲགས་པས་ཕྱག་བཏབ།
②བྱམས་པ་འཕྲིན་ལས། 《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤ་467-472
③蒲文成主编,甘青藏传佛教寺院, 青海人民出版社, 西宁:1990年,第107页。
④གསེར་ལག་དགོན་ནི་རྒྱ་ལི་བྱམས་པ་དོན་ཡོད་(1649-1731)དང་སེར་བྱེས་ཀྱི་དགེ་བཤེས་གཙང་པ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་བཀའ་དགོངས་བཞིན་མདོ་སྨད་དུ་ཕེབས་ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་(1695)ལོར་རྨ་ཆེན་འདབས་འཇོག་འཐིལ་ལྷ་རི་དེའུ་དཀར་ཞེས་པར་ཐོག་མར་ཕྱག་བཏབ་ཀྱང་། མགོ་ལོག་གི་རྐུན་ཇག་གིས་གཙེས་པས་ཧང་ངེ་རི་རྒན་དུ་སྤོས། དེ་ནས་རྭ་ངན་གྱིས་གཙེས་པས་སྤྱི་ལོ་1722ལོར་འཇང་ཆུང་ལ་ཁ་དཀར་རྡང་ཞེས་པར་སྤོས། རྒྱ་ལི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་དར་(1734-1794)གྱིས་པཎ་ཆེན་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ལུང་བསྟན་ལྟར་སྤྱི་ལོ་1777ལོར་ད་ལྟའི་ཆགས་ཡུལ་གསེར་ལག་ཏུ་དགོན་གནས་སྤོས་ཏེ་མིང་ལ་དགོན་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང་ཞེས་བཏགས།
⑤蒲文成主编,甘青藏传佛教寺院, 青海人民出版社, 西宁:1990年,第210页。
⑥པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ17 ན་5-18 ན་6།
⑦པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ19 ན་3-19་་བ2bཀཿཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ(1761-1829)
⑧སྡེ་དགེ་རྒྱལ་པོ་ལྷ་སྲས་ཚེ་དབང་རྡོ་རྗེ་རིག་འཛིན(1786-1847)
⑨པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ་19 ན་6-19 བ1
⑩པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ་21 ན་3 ཤ་8 ན་6-18 བ5
⑾པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ་21 ན་3 ཤ་8 ན་6-18 བ5
⑿པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ་7 ན་7
⒀⒁སི་ཏུ་ཆོས་ཀྱི་འབྱུང་གནས། 《བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་ པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ ཀུནྡ་ཡོངས་སུ་ཁ་བྱེ》 སྡེ་དགེའི་པར་མ། ཤ་112 ན་2 ཤ་157 ན་2
⒂སྡེ་དགེའི་བཀའ་འགྱུར་པར་ཕུད། བཀའ་འགྱུར་འདི་སྡེ་དགེ་རྒྱལ་པོས་སྤྱི་ལོ་1733ལོར་ཤིང་པར་ཐོག་མར་གྲུབ་པ་དང་པར་ཕུད་དུ་བོད་ཀྱི་བླ་ཆེན་རྣམས་ལ་ཕུལ་བའི་གྲས་མཚུར་ཕུ་ལ་བཞུགས་པ་དེ་ཡིན་ཞིང་། ད་ལྟ་འདིའི་མ་དཔེ་རྒྱ་གར་རུམ་སྟེགས་ཀརྨ་ཐུབ་བསྟན་ཆོས་འཁོར་གླིང་དུ་བཞུགས། 1976-1979ལོར། ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེས་ལྡི་ལི་ཀརྨ་པའི་ཆོས་སྡེ་རྒྱལ་བའི་གསུང་རབ་པར་སྐྲུན་ཁང་གི་མིང་ཐོག་ནས་ཚར་ལྔ་བརྒྱ་པར་ལོག་བརྒྱབ་སྟེ་ཕྱི་ནང་གི་མི་རིགས་དང་རིས་མེད་གྲུབ་མཐའ་མཐའ་ཁག་གི་ཆོས་སྒར་དང་དཔེ་མཛོད་ཁང་བཅས་ལ་རིན་མེད་དུ་ཆོས་སྦྱིན་བསྩལ་བས། བོད་དུའང་དེ་ལ་མ་ཕྱི་བྱས་ཏེ་ཚར་ཁྲི་སྟོང་མང་པོར་པར་བས་རྒྱལ་ཕྱི་ནང་དུ་མ་ཁྱབ་པ་མེད་པ་ལྟ་བུ་གྱུར་ཡོད།
⒃སྡེ་དགེ་བཀའ་འགྱུར་མདོ་སྡེ་པོད་ཨཿཔ། ཤ་281 བ་1-289 ན་3
⒄⒅སྡེ་དགེ་བཀའ་འགྱུར་ལས་རྒྱུད་འབུམ་པོད་ཅ་པ། ཤ་286བ་1-295 ན་3 295 ན་4-309 ན་6
⒆སྡེ་དགེ་བཀའ་འགྱུར་ལས་རྒྱུད་འབུམ་པོད་ཇ་པ། ཤ་303 བ་1-336 ན་3
⒇(21)སྡེ་དགེ་བཀའ་འགྱུར་ལས་རྒྱུད་འབུམ་པོད་བ་པ། ཤ་287 བ་1-290 ན་5 ཤ་290 ན་5-291 ན་2
(22)སྡེ་དགེ་བཀའ་འགྱུར་ལས་རྒྱུད་འབུམ་པོད་ཚ་པ། ཤ་266བ་1-268 ན་7
(23)རྭ་རྒྱ་བཀའ་འགྱུར་དང་ཁུ་རེ་བཀའ་འགྱུར་གྱི་ལྡེབ་གྲངས་སྡེ་དགེ་དང་འདྲ། ཞོལ་བཀའ་འགྱུར་རྒྱུད་པོད་ཏ་པ། ཤ་473 བ་5-503 ན་6
(24)སི་ཏུ་ཆོས་ཀྱི་འབྱུང་གནས། 《བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ》 སྡེ་དགེའི་པར་མ། ཤ་106 ན་6
(25)པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ། 《བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོར་པར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག》 རྭ་རྒྱའི་པར་མ། ཤ་23 ན་7-23 བ་3