ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གནའ་བོའི་ཡིག་ཚང་དང་དེང་གི་རྟོག་ཞིབ་ཡིག་རིགས། དམངས་ཁྲོད་ངག་རྒྱུན། དུར་ཐོན་དངོས་རྫས་སོགས་ལ་བརྟེན་ནས་མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེའི་ནང་དོན་དང་བང་སོ་བརྩིག་པའི་དགོས་པ། རྡོ་རིང་གི་ཁྱད་ཆོས་སོགས་ལ་དཔྱད་པ་ཞིབ་མོ་བཏང་ནས་རང་གི་ལྟ་བ་བརྗོད་ཡོད།
བརྡ་ཆད་གཙོ་བོ། གཏེར་ལམ་རྫོང་། བཙན་པོའི་དུས། བང་སོའི་རྡོ་རིང་།
ཀྲུང་གོའི་དཔེ་དེབ་དབྱེ་རྟགས། k281
ཡིག་ཚང་མཚན་བྱང་། A
རྩོམ་གྱི་གོ་རིམ་ཨང་སྒྲིག 1002 - 9060 (2012)04 - 0050 - 07
འབྲེལ་ཡོད་ཀྱི་དཔྱད་གཞི་ཡི་གེ་ལྟར་ན་མཚོ་སྔོན་ཞིང་ཆེན་གཏེར་ལམ་རྫོང་ལྟེ་བ་ཡིན་པའི་ཚ་འདམ་གཞུང་དུ་གནའ་བོའི་བང་སོ་ཆིག་སྟོང་ལྷག་ཡོད་ཅིང་། གཏེར་ལམ་རྫོང་གི་ཆུ་དཀར་གཙང་བོའི་བྱང་འགྲམ་དང་ལྷོ་འགྲམ་གཉིས་སུ་བོད་བཙན་པོའི་དུས་ཀྱི་བང་སོ་མང་པོ་རྙེད་པར་མ་ཟད། བང་སོ་དེ་དག་ལས་གསེར་དངུལ་གྱི་རྒྱན་ཆ་དང་ཀོ་ཆས། བོད་ཡིག་འཁོད་པའི་ཤིང་ཁྲམ་དང་དར་གོས། རྡོ་རིང་། རྡོ་བརྐོས་ཡི་གེ་སོགས་ཀྱང་མང་དུ་ཐོན་ཡོད། གནའ་བོའི་ཡིག་རྙིང་དེ་དག་ནི་ཚ་འདམ་གཞུང་གི་བང་སོ་སྤྱི་དང་ཁྱད་པར་དུ་གཏེར་ལམ་རྫོང་ཆུ་ཁོལ་ཞང་གི་ཤེའུ་རྩྭ་ཐང་སྟེ་ཆུ་དཀར་གཙང་པོའི་འབབ་རྒྱུད་ཀྱི་གནའ་བོའི་བང་སོ་རྣམས་མི་རིགས་དང་རིག་གནས་གང་ལ་གཏོགས་པར་ཞིབ་འཇུག་བྱེད་པ་དང་། བང་སོའི་ནང་དུ་བཅུག་པའི་མིའི་རུས་མིང་དང་ཐོབ་ཐང་སོགས་ངོས་འཛིན་བྱེད་པའི་ཁུངས་ལུང་འཁྲུལ་མེད་དང་། བཙན་པོ་རྒྱལ་རབས་ཀྱིས་མངའ་ཁོངས་རྒྱ་བསྐྱེད་པའི་ལོ་རྒྱུས་དང་སྐབས་དེའི་དུར་འཇུག་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཐོག་མའི་དཔྱད་གཞི་ཡིན་ལ། མཚོ་བོད་མཐོ་སྒང་གི་གནའ་བོའི་རིག་གནས་དང་མི་རིགས་འབྲེལ་འདྲིས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རྩ་ཆེན་དང་། བཙན་པོ་རྒྱལ་རབས་དུས་ཀྱི་བོད་ཡིག་གི་གཟུགས་དང་དེའི་འཕེལ་འགྱུར་གྱི་ཆོས་ཉིད་ལ་རྒྱུས་ལོན་བྱེད་པའི་དཔེ་དཔང་དངོས་ཡིན་མོད། ད་ལྟའི་བར་དུ་ཉར་ཚགས་བྱེད་མཁན་མི་སྒེར་དང་གཞུང་གང་རུང་གིས་གསང་རྒྱ་བྱས་ནས་ཀུན་གྱི་མཐོང་སྣང་དུ་མ་གྱུར་པས། ཕྱོགས་ཡོངས་ནས་ཞིབ་འཇུག་ཟབ་མོ་བྱེད་མ་ཐུབ་པར་མ་ཟད། ཐད་ཀའི་ཁུངས་ལུང་དུ་གྱུར་པའི་གནའ་བོའི་ཡིག་ཚང་དེ་དག་སྣང་མེད་དུ་བསྐྱུར་ནས། གནའ་བོའི་བང་སོ་དེ་དག་མི་རིགས་གཞན་གྱི་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཉེ་ལམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་བདག་ལ་ཡིག་རྙིང་དེ་དག་འཚོལ་སྡུད་དག་སྒྲིག་བྱེད་པའི་ལས་འགན་བགོས་པ་ལ་བརྟེན་ནས་ཡིག་རྙིང་ཁ་ལས་ལག་ཏུ་སོན་པ་ལས་འདིར་ཆུ་དཀར་གཙང་པོའི་ལྷོ་འགྲམ་གྱི་བང་སོ་ཨང་གསུམ་པ་ནས་ཐོན་པའི་རྡོ་རིང་ཡི་གེར་ཅུང་ཟད་དཔྱད་པ་ལ།
གཅིག རྡོ་རིང་ཡི་གེའི་ནང་དོན།
གཏེར་ལམ་རྫོང་ཆུ་དཀར་གཙང་པོའི་ལྷོ་འགྲམ་གྱི་བང་སོ་ཨང་གསུམ་པ་ལས་སྲིད་ལ་ལི་སྨིས་90-180ཙམ་དང་ཞེང་ལ་ལི་སྨིས་20 -40། འཐུག་ཚད་ལ་ལི་སྨིས་10 -20ཡོད་པའི་རྡོ་རིང་བཞི་ཐོན་ཞིང་། དེ་དག་རེ་རེའི་ངོས་སུ་ཡིག་འབྲུ་གཅིག་རེ་སྟེ་“བློན་”ཞེས་པ་དང་། “ཁྲི་”ཞེས་པ། “ཤེའུ”ཞེས་པ། “ཀ”ཞེས་པ་བཀོད་པ་དང་། པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རུ་ཁག་གིས་སྒྲིག་རྩོམ་བྱས་པའི་《གཏེར་ལམ་ཐུ་བྷོད་བང་སོ་》ལས་ཀྱང་བང་སོ་དེའི་ནང་གི་རྡོ་ལེབ་ཆེ་ཤོས་ཤིག་གི་སྣེ་གཉིས་སུ་ཕ་ཁ་བཏོད་ཡོད་པར་བཀོད་ལ། རུ་སྔན་ནམ་ལུང་དམར་སྔགས་དགོན་གྱི་རིག་འཛིན་འཇིགས་མེད་ལགས་ཀྱི་མཐོང་ཚུལ་ལྟར་ན། རྡོ་རིང་དེ་དག་ནི་རྡོ་སྟེགས་ཤིག་གི་ཟུར་བཞིའི་རྐང་སུག་ཡིན་ལ། དེ་སྔ་རྐུན་མས་བང་སོ་སློག་སྐབས་རྡོ་རིང་རྣམས་གང་སར་གཡུགས་པས། རྡོ་རིང་བཞི་པོའི་སྔ་གཞུག་གི་གོ་རིམ་ཡང་མ་དཔྱད་ན་རྟོགས་དཀའ་བའི་ཚོད་དུ་འདུག འདིར་ཐོག་མར་རྡོ་རིང་དེ་དག་ངོས་ཀྱི་ཡིག་འབྲུ་རེ་རེའི་དོན་ལ་བརྟགས་ནས་སྔ་གཞུག་གི་གོ་རིམ་གཏན་ལ་འབེབ་པ་ནི་སྔོན་འགྲོའི་ལས་ཀ་ཡིན་པས་ན། “བློན” ཞེས་པ་ནི་བློན་པོ་ཞེས་པ་དང་གུང་བློན་ནམ་བཀའ་བློན་ཞེས་པའི་ཐོབ་ཐང་གི་དོན་ཡིན་པ་ཀུན་གྱིས་རྟོགས་སླ་བས་རྒྱས་སྤྲོས་བྱ་མི་དགོས། “ཁྲི་”ཞེས་པ་སྐབས་འདིར་སྟེགས་བུའམ་གྲངས་ཀའི་དོན་ཡིན་ནམ་གནའ་བོའི་ཞང་ཞུང་སྐད་ཀྱི་“ལྷ་”འམ་“ལྷའི་ཐུགས་” ཞེས་པའི་དོན་ཡིན་པ་ཁ་ཚོན་གཅོད་དཀའ་མོད། བཙན་པོ་རྣམས་ཀྱི་མཚན་ལ་“ཁྲི་བཙན་” དང་“ཁྲི་སྒྲ་དཔུང་”“ ཁྲི་སློང་བཙན”“ཁྲི་སྲོང་བཙན”“ཁྲི་གཙུག་ལྡེ་བཙན”“ཁྲི་སྲོང་ལྡེའུ་བཙན”“ཁྲི་ལྡེ་ཉི་མ་མགོན”“ཁྲི་ལྡེ་སྲོང་བཙན་” སོགས་གསོལ་པར་བརྟགས་ན་“ ལྷའམ་” “ལྷའི་ཐུགས་”ཞེས་པའི་དོན་ཡིན་ལས་ཆེ། རྡོ་རིང་དེ་དག་སྔགས་པ་རིག་འཛིན་འཇིགས་མེད་ལགས་ཀྱིས་གསུངས་པ་ལྟར་རྡོ་སྟེགས་ཤིག་གི་རྐང་སུག་ཡིན་ཁོ་ཐག་ཡིན་ན་ཁྲི་སྟེགས་ཀྱི་དོན་ཡིན་ལ། “ཀ”ནི་དེའི་མིང་མཐའ་འམ་ཁྲི་འདེགས་ཀྱི་ཀ་བར་གོ། “ཤེའུ་”ཞེས་པ་ཡང་སྐབས་འདིར་གནའ་བོའི་ཞང་ཞུང་སྐད་ཀྱི་ཐ་སྐད་ཅིག་ཡིན་ནམ་ཤ་བ་ཆུང་ཆུང་གི་དོན་གང་ཡིན་པ་གསལ་པོར་རྟོགས་དཀའ་མོད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་》བྱ་བ་ལས། “ཡུལ་སྐྱི་རོ་ལྗང་སྔོན་ན། རྗེ་སྐྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས་”ཞེས་པ་སྟེ། སྤུ་རྒྱལ་བཙན་པོ་སྔོན་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཡུལ་སྐྱི་རོའི་ལྗང་སྔོན་ཟེར་པར་“ཤེའུ་” དང་“སུག”ཅན་གྱི་བློན་པོ་གཉིས་ཡོད་པར་བསྟན་པ་དང་། 《གློ་བ་རིངས་པའི་ནང་མི་ལ་འབྲུ་བགོ་རྒྱུའི་ཐོ་ཡིག་》ལས། “ཤེའུ་ལྷ་སྦྱིན་ལ་སྩོགས་པ་མྱི་བཞི་ལ་ཁལ་རེ་རེ་སྟེ་ཁལ་བཞི་……ད་གཟིགས་ལ་སྨད་ལ་ཁལ་གཅིག་”ཅེས་བཙན་པོའི་རྒྱལ་རབས་སྐབས་སུ་ཡང་རུས་“ཤེའུ་”ཅན་ཞིག་ཡོད་པར་བརྟགས་ན། “ཤེའུ་”ཟེར་བ་ནི་སྤུ་རྒྱལ་བཙན་པོའི་སྔོན་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ནས་བརྒྱུད་ཡོང་པའི་གནའ་བོའི་བོད་ཀྱི་རུས་མིང་ཞིག་ཡིན་ལ། རུས་དེ་དུས་རབས་བཅུ་དྲུག་པའི་བར་དུ་ད་དུང་མ་ཉམས་པར་གནས་ཡོད་པ་དུས་རབས་བཅུ་གཅིག་པར་《བསྟན་འགྱུར་》ཁྲོད་ཀྱི་《གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་》དང་། 《ཀླུ་རིགས་བཞིའི་སྒྲུབ་ཐབས》《གནོད་སྦྱིན་གྱི་སྡེ་དཔོན་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་》 སོགས་བསྟན་བཅོས་བདུན་བསྒྱུར་པའི་ལོ་ཙཱ་བ་ཆེན་པོ་ཤེའུ་བཛ་དེ་བ་ཞེས་པ་དང་། དུས་རབས་བཅུ་དྲུག་པར་《ལམ་འབྲས་གྲུབ་མཐའི་ལོ་རྒྱུས་》བརྩམས་པའི་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་ཞེས་པ་གཉིས་བྱོན་པ་ལས་ངེས་ཐུབ། རྡོ་རིང་སོ་སོའི་ཡི་གེ་སྔ་གཞུག་གི་གོ་རིམ་ཡང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་》བྱ་བ་ལས། “ཡུལ་ངེས་པོའི་ཁྲ་སུམ་ན།...…བློན་པོ་མགར་དང་མཉན་གཉིས་” ཞེས་པ་དང་། “ཡུལ་འོ་ཡུལ་གྱི་སྤང་ཀར་ན། ……བློན་པོ་རྔོག་དང་དབའས་གཉིས”ཞེས་པ། “ ཡུལ་མྱང་རོའི་ཤམ་པོ་ན།……བློན་པོ་མྱ་དང་བྲེ་གཉིས་”ཞེས་ པ། “ཡུལ་ཀླུང་རོའི་ཡ་གསུམ་ན། །……བློན་པོ་མྱང་དང་སྦྲང་གཉིས། ”ཞེས་ཐོག་མར་ཐོབ་ཐང་གི་མིང་དང་དེ་ནས་རུས་མིང་སོགས་རིམ་བཞིན་འབོད་པ་ཡིན་པས། ཆུ་དཀར་གཙང་པོའི་ལྷོ་རྒྱུད་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་སོ་སོའི་ཡི་གེ་གོ་རིམ་ཡང་“བློན་ཤེའུ་ཁྲི་ཀ་”ཞེས་བཀླགས་ན་དོན་དང་གནས་པར་སྙམ་ལ། བང་སོ་དེར་སྦས་པའི་མི་ཡང་བཙན་པོ་རྒྱལ་རབས་དུས་ཀྱི་རུས་“ཤེའུ་” ཅན་གྱི་བློན་ཆེན་ཞིག་ཡིན་པར་འདོད།
གཉིས། བློན་པོ་ཤེའུར་བང་སོ་བརྩིགས་དོན།
ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བློན་ཆེན་པོ་ཤེའུར་བང་སོ་རྩིག་ཅིང་རྡོ་རིང་བརྩེང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན།
1.《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》 ལས། “བྱ་དགའ་ནི། ལེགས་པའི་ཞོ་ཤ། ཁོང་ན་མ་ལུས་པའི། མྱིག་འདྲེན་པ་སྟེ། འདི་ནི། ཐོག་ཏུ་ཕེབས་པ་དང་། མདོང་སྩོལ་ཆེར་བྱ་བའི་རིགསོ། ”ཞེས་བྱ་དགའ་ནི་ལེགས་ཆའི་ནུས་པ་ཁོང་ན་མ་ལུས་པར་འདོན་དུ་འཇུག་པའི་མིག་དཔེ་འཛུགས་པའི་དོན་དུ་ཡིན་པ་དང་། དེའི་རིགས་ནི་གནད་དུ་འཁེལ་བ་དང་མངོན་གསལ་ཆེས་ཆེར་བྱ་འོས་པར་བསྟན་པ་ལས་བཙན་པོའི་རྒྱལ་རབས་དུས་སུ་མི་རྣམས་ཀྱི་ལེགས་པའི་ནུས་པ་མ་ལུས་འདོན་དུ་འཇུག་ཆེད་ལེགས་པར་བྱ་དགའ་སྟེར་བའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད་པ།
2.བོད་ཀྱི་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་རིང་ལ་ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པའི་རྒྱལ་ཕྲན་གྱི་རྒྱལ་པོ་ཞིག་ཡོད་པར་བློན་པོ་མཉན་འཛི་ཟུང་ཟེར་པ་ཞིག་ཡོད་པ་དེས་རང་གི་རྒྱལ་པོ་བཀྲོངས་ནས་དེའི་ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་ཟིང་པོ་རྗེ་ཁྲི་པང་སུམ་ཞེས་པར་ཕུལ་བས། ཟིང་པོ་རྗེ་ཁྲི་པང་སུམ་གྱིས་མཁར་སྔུར་བས་བཅད་དེ། ཀླུམ་ཡ་གསུམ་གྱི་སྨད་མཉན་འཛི་ཟུང་གི་བྲན་དུ་བྱིན་པ་དང་། བཙན་པོ་གནམ་རུ་སྲོང་བཙན་གྱི་རིང་ལ་མྱང་ཙེང་སྐུ་དང་དབའ་དབྱི་ཚབ། མནོན་འདྲོན་པོ་གསུམ་གྱིས་ཟིང་པོ་རྗེ་ཁྲི་པང་སུམ་བཀྲོངས་ནས་དེའི་ཆབ་སྲིད་གནམ་རུ་སྲོང་བཙན་ལ་ཕུལ་བས། གནམ་རུ་སྲོང་བཙན་གྱིས་མྱང་ཙེང་སྐུའི་བྱ་དགར་མཁར་སྡུར་བ་དང་བྲན་ཁྱིམ་སྟོང་གཅིག་ལྔ་བརྒྱ་གནང་བ་དང་། དབའ་དབྱི་ཚབ་ཀྱི་བྱ་དགར་ཟ་གད་གཤེན་གྱི་ཡུལ་ས་མལ་ཏྲོ་ཕྱོགས་ནས་བྲན་ཁྱིམ་སྟོང་གཅིག་ལྔ་བརྒྱ་གནང་བ། མནོན་འདྲོན་པོའི་བྱ་དགར་ཁོའི་ཕུ་ནུ་བོ་སོགས་བྲན་ཁྱིམ་སྟོང་གཅིག་ལྔ་བརྒྱ་གནང་པར་①གཞིགས་ན་བོད་ལ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་ནས་བློན་འབངས་བྱས་རྗེས་ཅན་རྣམས་ཀྱི་བྱས་རྗེས་ཆེ་ཆུང་ལ་དམིགས་ནས་མངའ་རིས་དང་བྲན་ཁྱིམ་ངེས་ཅན་གྱི་བྱ་དགས་གཟེངས་སུ་བསྟོད་པའི་དཔོན་གནས་བསྐོ་བཞག་གི་ལམ་ལུགས་ཡོད་པ།
3. རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ནས་མཛངས་པ་ལ་ཡིག་ཚང་གིས་བསྟོད་པ་དང་། དཔའ་བ་ལ་སྟག་གིས་བསྟོད་པ། ལེགས་པ་ལ་བྱ་དགས་བསྟོད་པ་སྟེ། བསྟོད་པ་གསུམ་གྱི་ཁྲིམས་ཡོད་པ།
4. རྒྱལ་པོ་སྲོང་བཙན་སྒམ་པོས་བློན་ཆེན་པོ་དབའ་དབྱི་ཚབ་ཅེས་པ་དེའི་ཆབ་སྲིད་ཀྱི་མཛད་རྗེས་དང་རྒྱལ་པོ་སྟག་རི་གཉན་གཟིགས་ནས་རྒྱལ་རབས་གསུམ་ལ་བློ་དཀར་བའི་མཛད་སྤྱོད་ལ་དགོངས་ནས་“དབྱི་ཚབ་གློ་བ་ཉེ་བས། གུམ་ན་འཆད་ཕྱག་དར་ཏོ་བརྩིག་པར་གནང་རྟ་ནི་བརྒྱ་དགུམ་པར་གནང་། བུ་ཚ་བོ་གང་རུང་བ་གཆིག། གསེར་གྱི་ཡི་གེ་མྱི་ཆད་པར་སྩལད་པར་བཀའ་སྩལ་ཏོ།།”②ཞེས་རྒྱལ་པོ་སྲོང་བཙན་གྱིས་ཁོང་ལ་བློ་ཉེ་བའི་བློན་པོ་དབའ་དབྱི་ཚབ་ལ་དེ་གྲོངས་ན་བང་སོ་བརྩིག་ཅིང་དུར་རྫས་སུ་རྟ་བརྒྱ་སྦས་པ་དང་། བུ་ཚ་གང་རུང་ཞིག་ལ་གསེར་གྱི་ཡི་གེ་རྒྱུན་མི་ཆད་པར་གནང་བའི་བཀའ་སྩལ་པ་དང་། ལྷོ་བྲག་གི་བྲག་བརྐོས་ཡི་གེར་ “བཙན་པོ་ལྷ་སྲས་ཀྱི་ཞ་སྔར། ལྡེ་སྨན་ལྡེའུ་ཅུང་། གློ་བ་ཉེ་ཉེ། སྐུ་དང་ཆབ་སྲིད་ལ་དཔེན་ཕའི་རྗེ་བླས། དཀའ་བ་བྱེད་བྱེད་ནས། བཀས་གནང་བ་ལྡེའུ་ཅུང་གི་ཕ་། ལོ་སྣང་གི་བུ་ཚ་ཕེལད་རྒྱུད་ནམ་ཞར་སྲིད་གཡུང་དྲུང་དང་མཚུངས་པ་དང་། ... ... ལྡེའུ་ཅུང་གི་མཆད་ཀྱི། རིམ་གྲོ་བླ་ནས་མཛད། མན་ཅིག་དབོན་སྲས་གང་གི་རིང་ལ་རལ་ཡང་། བླ་ནས་སྟོང་སྡེས་བརྩིགས་པར་གནོང་།”ཞེས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་ལྡེ་སྨན་ལྡེ་ཆུང་བློ་དཀར་ཞིང་བཙན་པོའི་སྐུ་དང་ཆབ་སྲིད་ལ་མཁོ་ཆེ་བའི་ཞབས་ཞུ་བསྒྲུབས་ནས་དཀའ་བ་མང་པོ་སྤྱད་པའི་ལན་དུ་བློན་ལྡེ་ཆུང་གི་ཕ་ལོ་སྣང་གི་བུ་རབས་ཚ་རྒྱུད་ལ་སྲིད་ཀྱི་བདག་རྐྱེན་ནམ་ཡང་འགྱུར་བ་མེད་པའི་གཡུང་དྲུང་དང་འདྲ་བར་སྩོལ་པ་དང་། བློན་ལྡེའུ་ཆུང་སྐུ་གྲོངས་ན་བང་སོ་བླ་ནས་བརྩིགས་པར་མ་ཟད། ནམ་ཞིག་ཞིག་རལ་དུ་སོང་ནའང་བཙན་པོ་སྲིད་གཞུང་གིས་སྟོང་སྡེ་ལ་ཉམས་གསོ་བྱེད་དུ་འཇུག་པའི་ཞལ་བཞེས་གནང་པ་ལྟར་ན། བཙན་པོའི་རྒྱལ་རབས་སྐབས་སུ་ཕྱིའི་མངའ་ཁོངས་རྒྱ་བསྐྱེད་པ་དང་ནང་གི་ཚིས་མཛད་པར་བྱས་རྗེས་ཆེ་ཞིང་བཙན་པོ་ཡབ་སྲས་ལ་བློ་དཀར་བའི་བློན་འབངས་དང་དེའི་བུ་རབས་ཚ་རྒྱུད་ལ་བདག་རྐྱེན་གྱི་ཡིག་ཚང་གང་ལ་གང་འཚམ་དུ་གནང་པར་མ་ཟད། དེ་ཉིད་སྐུ་གྲོངས་པའི་ཚེ་ན་བང་སོ་བླ་ནས་བརྩིགས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཡོད་པ།
5. འཇང་ས་ཐམ་ཡུལ་ནས་ཐོན་པའི་བཙན་པོ་རྒྱལ་རབས་སྐབས་ཀྱི་རྡོ་རིང་ཡི་གེ་ལས། “མཚོ་རུམ: ལོང: ལ: དག: ཐོག: མ:རྒྱ་འབངས: ལས:རྒྱ་རྗེ གཏན:ཀྱི་:རྗེར་མི་རུང:ནས: བཙན་པོ: ལྷ:སྲས: ལ: གློ་བ: ཉེསྟེ།: བློན་སྐྱེས་: བཟང: ལ: ཕྱག: འཚལ:ནས: ཕོ: ཚེདཟང: མར:ནི:ལ: གསེར:ཆེན:པོ:སྩལད:ལོང: ལ: དག: གཙང:ཅེན:སྩལ: པ: ལས: ལོ: དགུ:བཅུ་:ལོན: དེ:གུམ: པའི:མཆད་:པ་:” ཞེས་པ་སྟེ། མཚོ་རུམ་ལོང་ལ་ཟེར་བའི་ཡུལ་ཁམས་ཀྱི་མི་རྣམས་དང་ཐོག་ཐང་རྒྱལ་རབས་ཀྱི་མངའ་འབངས་ཡིན་ཡང་། ཕྱིས་སུ་ཕོ་ཚེད་ཟང་མར་ནི་བྱ་བས་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་དང་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ལ་བློ་ཉེ་བར་བྱས་ཤིང་བློན་ཆེན་པོ་སྐྱེས་བཟང་ལ་ཕྱག་འཚལ་ནས་མགོ་འདོགས་ཞུས་པས། བོད་ཀྱི་བཙན་པོ་ཡབ་སྲས་ཀྱིས་དེ་ལ་གསེར་གྱི་ཡི་གེ་ཆེན་པོ་བསྩལ་ཞིང་མཚོ་རུམ་ལོང་ལ་ས་ཁུལ་གྱི་མི་ཕལ་མོ་ཆེ་ལ་གཙང་ཆེན་ཞེས་པའི་དཔོན་གནས་ཐོབ་ཐང་བསྩལ་པ་དང་། ཕོ་ཚེད་ཟང་མར་ནི་བྱ་བ་དགུང་ལོ་དགུ་བཅུར་བཞུགས་ནས་སྐུ་གྲོངས་པར་ཆེད་དུ་སྲོང་གི་བང་སོ་བརྩིགས་ཤིང་རྩིས་ཀྱི་རྡོ་རིང་བརྩེངས་པ་ལྟར་ན། བཙན་པོའི་རྒྱལ་རབས་སྐབས་སུ་བློན་འབངས་བྱས་རྗེས་ཅན་ལ་གསེར་དངུལ་སོགས་ཀྱི་ཡིག་ཚང་གནང་བ་དང་། གྲོངས་པའི་ཚེ་ན་བང་སོ་བླ་ནས་བརྩིགས་ཤིང་བསྔགས་བརྗོད་ཀྱི་རྡོ་རིང་བརྩེང་པའི་ཆབ་སྲིད་ཀྱི་ལམ་ལུགས་ཡོད་པར་མ་ཟད། ལམ་ལུགས་དེ་དངོས་སུ་ལག་བསྟར་ཡང་བྱས་མྱོང་བ་རེད། དེས་ན་བོད་བཙན་པོ་དུས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་དང་དཔོན་གནས་བསྐོ་བཞག་གི་ལམ་ལུགས་བསྟོད་གསུམ་གྱི་ཁྲིམས་ལུགས། ཆབ་སྲིད་ཀྱི་ལམ་ལུགས། ལོ་རྒྱུས་ཀྱི་ལག་ལེན་དངོས་བཅས་ཟུང་དུ་སྦྲེལ་ནས་བརྟགས་ན། བློན་པོ་ཤེའུ་ཞེས་པ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དུས་ཀྱི་བློན་རྒྱུད་མ་ཉམས་པར་བརྒྱུད་ཅིང་བཙན་པོའི་རྒྱལ་རབས་ཀྱི་བློན་ཆེན་ཞིག་ཡིན་པར་མ་ཟད། ཕྱི་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད་པ་དང་ནང་དུ་དཔྱ་དང་ཁྲིམས་ལུགས་སོགས་ཀྱི་ལས་དོན་སྤེལ་བ་ར་མཛད་རྗེས་ཧ་ཅང་ཆེ་བའམ་ཡང་ན་བཙན་པོ་ཡབ་སྲས་ལ་དུས་ཡུན་རིང་པོར་བློ་དཀར་ཞིང་སྐུ་སྲུང་ལ་མཁོ་ཆེ་བའི་ལས་དོན་མང་དུ་མཛད་པའི་བློན་ཆེན་པོ་ཞིག་རེད། དེའི་རྐྱེན་གྱིས་བཙན་པོ་སྲིད་གཞུང་གིས་ཁོང་གི་མཛད་རྗེས་དྲན་ཞིང་དེར་ལན་བླན་པའི་དོན་དུ་སྲོང་གི་བང་སོ་བརྩིགས་ཤིང་རྩིས་ཀྱི་རྡོ་རིང་བསླངས་པ་རེད།
གསུམ། བློན་པོ་ཤེའུ་ཡི་བང་སོ་གཏེར་ལམ་རྫོང་དུ་བརྩིགས་པའི་རྒྱུ་མཚན།
བློན་པོ་ཤེའུ་ཞེས་པ་དེ་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དང་དམག་གི་ལས་དོན་སྤེལ་བར་བྱས་རྗེས་ཆེ་བའི་བློན་པོ་ཞིག་ཡིན་ན་དེའི་བང་སོ་བཙན་པོ་རྒྱལ་རབས་ཀྱི་རྒྱལ་ས་གྲོང་ཁྱེར་ལྷ་ས་ནས་སྤྱི་ལེ་ཆིག་སྟོང་ལྷག་ཡོད་པའི་གཏེར་ལམ་རྫོང་དུ་བརྩིགས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། རྒྱ་དང་བོད་ཀྱི་འབྲེལ་ཡོད་ཡིག་ཚང་ལྟར་ན་མཚོ་སྔོན་ཞིང་ཆེན་གཏེར་ལམ་རྫོང་ནི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་“འ་ཞ་”ཞེས་པའི་རྒྱལ་ཕྲན་དུ་གཏོགས། རྒྱལ་ཕྲན་དེ་《གཏོ་ཕུག་》ལས། “ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་དུ་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་། ”ཞེས་པ་དང་། ཡང་། བོད་ཀྱི་རྩིས་གཞུང་རྣམས་ལས་ཀྱང་“སྒ་ནི་ཤིང་ཁམས་ལུག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ་”ཞེས་པ་ལྟར། འ་ཞ་རྒྱལ་ཕྲན་གྱི་མི་ཕལ་ཆེ་མོ་ཆེ་ནི་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་སྒ་ལས་མཆེད་ཅིང་། བོད་ཀྱི་རྒྱལ་པོ་འབྲོ་གཉན་ལྡེའུ་ལ་ཀླུ་ནད་ཕོག་ནས་དུར་དུ་སྦས་རྗེས། ཁོང་གི་ཞལ་འཆེམས་ལྟར་འ་ཞ་ཡུལ་ནས་སྨན་པ་བོས་ཏེ་རྒྱལ་སྲས་དམུས་ལོང་གི་མིག་ཕྱེ་བའི་ལོ་རྒྱུས་ཀྱི་དོན་དངོས་ལས་བོད་ཀྱི་རྒྱལ་རབས་ཉེར་དགུ་པ་འབྲོང་གཉན་ལྡེའུ་རིང་ནས་འ་ཞ་དང་བོད་གཉིས་ཕན་ཚུན་འབྲེལ་འདྲིས་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་དམ་པ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》ལས། “བཙན་པོ་ཞབས་ཀྱིས་བཙུགས་སྟེ། བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་(དྲུ་གུ་)དང་འ་ཞ་དཔྱའ་གཅལ་ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། ”ཞེས་པ་ལྟར་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་འ་ཞ་དེ་དྲག་པོའི་དཔུང་ལ་བརྟེན་མ་དགོས་པར་འབངས་སུ་བཀུགས་ནས་དཔྱ་འཇལ་དུ་བཅུག་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་གྲོངས་རྗེས་སྤྱི་ལོ་659ལོ་ནས་666ལོའི་བར་དུ་བློན་ཆེ་སྟོང་བཙན་འ་ཞ་ཡུལ་ན་མཆིས་③ཤིང་། སྤྱི་ལོ་669 ལོར་འ་ཞ་མང་པོ་ཟིད་ཀྱི་ལྡུ་ནག་བྱ་བར་འོངས་ནས་བཙན་པོར་ཕྱག་འཚལ་ཞིང་འབངས་བྱེད་པའི་གན་རྒྱ་བཞག་པ④། བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་རིང་ལ་སླེབས་དུས་འ་ཞ་རྗེར་“དབོན་འ་ཞ་རྗེ” གསོལ་ཞིང་། བཙན་པོ་རྒྱལ་རབས་ཀྱི་བློན་ཆེན་པོར་བཀའ་བསྩལད་⑤པར་གཞིགས་ན་སྐབས་དེའི་བོད་བཙན་པོ་དང་འ་ཞ་རྗེའི་བར་དུ་དབོན་ཞང་དང་རྒྱལ་བློན་གཉིས་ཀའི་འབྲེལ་བ་དམ་པོ་ཆགས་ཡོད། དེས་ན་བོད་དང་རུས་ཁུངས་གཅིག་པའི་འ་ཞ་རྒྱལ་ཕྲན་དེ་བོད་དང་ཕན་ཚུན་འགྲོ་འོང་དང་རིག་གནས་འབྲེལ་བ་བྱུང་བ་ནས་བོད་ཀྱི་ཁོངས་གཏོགས་རྒྱལ་ཕྲན་ཞིག་ཏུ་གྱུར་བའི་གོ་རིམ་དུ་དབུ་རུ་སྐྱི་ཤོད་ས་ཁུལ་གྱི་ཤེའུ་རུས་ཚོའི་དམག་དཔུང་འ་ཞའི་ཁོངས་སུ་གཏོགས་པའི་གཏེར་ལམ་རྫོང་དུ་འོངས་ཏེ་གཡུལ་བཀྱེས་ནས་མངའ་རིས་བསྐྱེད་ཅིང་། གནས་བཟུང་ནས་གཞི་ཆགས་བྱུང་བ་དང་། རུས་ཚོ་དེ་ཉིད་ལས་མཆེད་པའི་བློན་པོ་ཤེའུ་ཡི་སྲིད་ཀྱི་དབང་བསྒྱུར་ས་དང་ཁྲིམས་ཀྱི་ལས་སྤེལ་ས་ཡིན་པའི་རྐྱེན་གྱིས། བློན་པོ་དེ་ཉིད་ཀྱི་བང་སོ་ཡང་ས་དེར་བརྩིགས་པར་འདོད། དེ་ཡང་མི་སུ་ཞིག་ཡིན་རུང་རང་གི་རུས་རྒྱུད་ཚོ་ཁག་གཞི་ཆགས་ས་དང་རང་ཉིད་ཡུན་རིང་དུ་འཚོ་གནས་བྱེད་སར་བང་སོ་བརྩིགས་འདོད་པ་ནི་མིའི་རིགས་ཕལ་ཆེ་བའི་ཐུན་མོང་གི་འདོད་མོས་ཡིན་ལ། སྟོད་སྨད་ཀྱི་སོ་བློན་ཆེན་པོ་སྐུ་གྲོངས་ན་བང་སོ་ཡང་ས་དེ་རང་དུ་བརྩིགས་པ་ནི་བཙན་པོ་རྒྱལ་རབས་དུས་ཀྱི་ལམ་ལུགས་ཤིག་ཀྱང་ཡིན་པ་ལྷོ་ཕྱོགས་འཇང་གི་ས་ཆ་བོད་བཙན་པོའི་མངའ་ཁོངས་སུ་འཛུད་པར་བྱས་རྗེས་ཆེ་བའི་བློན་ཚེད་ཟང་མར་ནི་ཟེར་བ་སྐུ་གྲོངས་རྗེས་བཙན་པོ་སྲིད་གཞུང་གིས་ས་དེ་རང་དུ་བང་སོ་བརྩིགས་ཤིང་རྡོ་རིང་བརྩེངས་པ་གོང་དུ་བཤད་ཟིན་པ་ལྟར་རོ། ། དེས་ན་གཏེར་ལམ་རྫོང་གི་ཆུ་ཁོལ་གཙང་པོ་འབབ་བརྒྱུད་རྩ་ཐང་ལ་“ཤེའུ་རྩ་ཐང”དུ་འབོད་པའང་གནའ་བོའི་རུས་ཚན་“གནུབས་”དང་“རྔེགས་སམ་རྔོག་” “ མྱང” “མཆིམས” “ དྭགས་”སོགས་རུས་རྒྱུད་ཚོ་ཁག་གཙོ་བྱས་ནས་གྲུབ་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་མིང་ལ་“ཡུལ་གནུབས་ཀྱི་གླིང་དགུ་”ཞེས་པ་དང་། “ཡུལ་རྔེགས་ཡུལ་གྱི་གྲུ་བཞི”ཞེས་པ། “ཡུལ་མྱང་ཡུལ་གྱི་རྟ་གསུམ་”ཞེས་པ། “ཡུལ་མཆིབས་ཡུལ་གྱི་དགུ་ཡུལ་”ཞེས་པ། “ཡུལ་དྭགས་ཡུལ་གྱི་གྲུ་བཞི་”ཞེས་པ་ལྟར། བཙན་པོ་དུས་སྐབས་སུ་ཤེའུ་ཞེས་པའི་རུས་རྒྱུད་ཚོ་ཁག་གི་དམག་མི་ཁག་ཅིག་ས་དེར་གཞི་ཆགས་པ་དང་། བློན་པོ་ཤེའུ་ཡི་བང་སོ་ས་དེར་བརྩིགས་པ་ལ་བརྟེན་ནས་རུས་མིང་ཡུལ་ལ་ཐོགས་ནས་“ཤེའུ་རྩ་ཐང་”དུ་འབོད་ལ། གཏེར་ལམ་རྫོང་ཆུ་དཀར་གཙང་བོའི་འབབ་རྒྱུད་ཀྱི་བང་སོ་ཨང་བཅུ་པ་ནས་ཐོན་པའི་ཤིང་ཁྲམ་ངོས་སུ་“ཤེའུ་རག་དུང་གཅིག་”ཀྱང་དུར་རྫས་སུ་བཅུག་པར་འཁོད་པ་ཡང་གཏེར་ལམ་རྫོང་ཆུ་དཀར་གཙང་པོའི་འབབ་རྒྱུད་ས་ཆ་ཡིན་པར་སྙམ། གལ་ཏེ་དེ་ལྟར་མིན་ཀྱང་ “ཤེའུ་”ཞེས་པའི་རུས་མིང་ཡུལ་ལ་ཐོགས་པ་ཞིག་ཡིན་པ་ཐེ་མི་ཚོམ།
བཞི། རྡོ་རིང་གི་ཁྱད་ཆོས།
གཏེར་ལམ་རྫོང་ཆུ་དཀར་གཙང་པོའི་ལྷོ་འགྲམ་གྱི་བང་སོ་ཨང་གསུམ་པ་ལས་ཐོན་པའི་རྡོ་རིང་དེ་དག་ནི་རྡོ་བཟོ་མཁས་པས་ལེགས་པོར་བཟོས་རྗེས་བང་སོའི་ནང་རོལ་དུ་སྦ་དགོས་པས། འཇང་ས་ཐམ་ཡུལ་གྱི་གནའ་བོའི་བང་སོ་ནས་ཐོན་པའི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྡོ་རིང་དང་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་ལས་ཐོན་པའི་མཆོད་རྟེན་དཀར་པོའི་དཀར་ཆག་རྡོ་རིང་དང་འདྲ་སྟེ། ཞབས་སྟེགས་དང་བླ་ཁེབས། མགོ་ཏོག་སོགས་མེད་ལ་རྡོ་རིང་ངོས་སུ་ཡི་གེ་མང་པོ་འཁོད་མེད་པས། སྐབས་དེའི་ཚིག་སྦྱོར་དང་ཡིག་གཟུགས་ཀྱི་ཁྱད་ཆོས་ཆ་ཚང་ཞིག་བརྗོད་དཀའ་རུང་། “བློན་ཤེའུ་ཁྲི་ཀ་”ཞེས་པའི་ཡི་གེ་འབྲི་སྟངས་ལ་བལྟས་ན་ཀན་སུའུ་སྤེན་མདོ་ལུང་བའི་བཙན་པོ་རྒྱལ་རབས་སྐབས་ཀྱི་བྲག་བརྐོས་ཡི་གེ་དང་། ལྷོ་བྲག་གི་བྲག་བརྐོས་ཡི་གེ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལག་བྲིས་མའི་ཡི་གེ་འབྲི་སྟངས་དང་འདྲ་བར་གུག་གུའི་མགོ་སྨད་ཅིང་རྔ་མ་རིང་ལ་རྗེས་སུ་བསྲིངས་པ་དང་། ན་རོའི་འདབ་གཤོག་གཉིས་འཕྲེད་དུ་རིང་ཞིང་སྣེ་མོ་ཐུར་དུ་གུག་པ། ཡི་གེའི་ཞེང་ཆེ་ཞིང་སྲིད་དུ་ཐུང་ལ་ཁོག་ཡངས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད།
མཆན་འགྲེལ།
①② 1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་》 ཁྲོད་ཀྱི་《བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས་གསལ།
③④⑤1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་》 ཁྲོད་ཀྱི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས་གསལ།